ཞྭ་ནག་པའི་སྙན་ངག་ཚན་པ་གསུམ།
རྩོམ་པ་པོ།:ཞྭ་ནག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-11-10 09:38:35
ཀློག་གྲངས།:
མཚན་མོ་དང་གཞན་དག
ཞྭ་ནག་པ།
བུད་མེད་དག་གིས།
རང་ཉིད་འཇིག་རྟེན་མཐར་ཐུག་གི་མཛེས་པར་རློམ་ནས།
མི་རྣམས་ཀྱི་མདུན་དུ་རང་ཉིད་ཁོ་ན་ངོམ་སོ་བྱེད།
གཞུང་ཆུའི་བཞུར་སྒྲ་ལ་ཉན་ན།
ད་ལྟ་ང་ཚོ་ཚང་མ་དུས་ཚོད་ཀྱི་མདུན་དུ་ངུ་ཤུམ་བྱེད་པ་ཚོར་ནའང།
མཚན་མོ་རེ་རེར།
མི་རྣམས་རྨི་ལམ་གྱི་ཁུག་ཏུ་ཉལ་ཡོད།
ཟམ་པ་དེའི་ཕར་སྣེ་དང་ཚུར་སྣེ།
གྱེས་བྲལ་ལྟ་བུའི། དྲན་གདུང་ལྟ་བུའི་དཔེ་ལེན་ས་ཞིག་དང་ཀུན་ནས་མཚུངས།
ཟམ་ཁར་དཔྱང་བའི་གློག་སྒྲོན་དེ་དག་ཀྱང།
ང་ཚོ་ནང་བཞིན་དྲན་གདུང་དང་ཁེར་རྐྱང་གྱོན་པར་དགའ་བོ་ཡོད།
༢༠༢༣-༡༠-༢༣རོང་བྲག་ནས།
སྲོག་ཡིག
ཉིན་དེར་ཁྱོད་ཀྱིས་ང་ལ་ཕུལ་བའི་སྙན་ངག་དེ།
ཡིད་ནས་བརྗེད་ཐབས་མེད་པ་ཞིག་བཀླགས་རྗེས།
འུ་གཉིས་ཀ་མཚོན་ཐུབ་པའི་སྙན་ངག་ཅིག་འབྲི་བར།
ངས་དུས་ཚོད་མང་པོར་བསམ་གཞིག་བྱས་པ་ཡིན།
འཚོ་བ་དང་སྦྱར་ནས། བརྩེ་དུང་དང་སྦྱར་ནས།
མིག་ཆུ་དང་སྦྱར་ནས། དགོད་སྒྲ་དང་སྦྱར་ནས།
གང་ལྟར་ངས་སྙན་ངག་ཅིག་འབྲི་དགོས་ཡོད།
ང་ཡི་ཡི་གེའི་ནང་གི་གར་མ།
ཚེ་རབས་དུ་མའི་ཁྲོད་ཀྱི་ད་ལྟ་བར།
འུ་གཉིས་སྙན་ངག་གཅིག་གི་ནང་དུ།
ལས་དབང་གིས། རྟེན་འབྲེལ་གྱིས་འཕྲད་བྱུང།
གཙང་བོའི་རླབས་རྒྱུན་ལྟ་བུའི་ཚེ་རབས་འདིར།
དྲན་པའི་ནམ་མཁའ་རུ་ཉི་ཟླ་བཞིན་འཆར་བའི་ཁྱོད་ཉིད།
ང་ཁོ་ནའི་སྙན་ངག་གི་སྲོག་ཡིག་ཡིན་ན་ཆོག་གམ།
༢༠༢༣/༡༡/༡ཉིན།
སྒྱུ་རྩལ་གྱི་མེ་ལོང་།
གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་ཕུལ།
འཇིག་རྟེན་གྱི་རྡུལ་ཕྲན་མ་ལུས་སིལ་བར་འཐོར་ན་འཐོར།
ཚེ་སྲོག་གི་སྐུད་པ་མ་ལུས་དུམ་བར་ཆད་ན་ཆད།
སྒྱུ་རྩལ་གྱི་མེ་ལོང་ཆག་ཧྲལ་དུ་གྱུར་ན་ཤིན་ཏུ་འགྱོད།
ཁྱོད་ཀྱིས་སྐད་ཆ་ཞིག་བཤད་ཟིན་ནའང།
ཁྱོད་ཀྱིས་སྐད་ཆ་ཞིག་ད་རུང་མ་ཤོད་པར་ལུས་ཡོད་ངེས།
འཆི་བའང་དོན་དམ་སྒྱུ་རྩལ་ཞིག་རེད།
འཆི་བ་ནི་མི་ཚེ་གཅིག་གི་བྱ་བཞག་མཐའ་དག་ལ་རྫོགས་ཚིག་འབྲི་ཚུལ་ཞིག་རེད།
དོན་དམ། ང་ཚོ་ཚང་མ་འཆི་བ་དང་ཁ་གཏད་དུ་འགྲེང་ནས་བསྡད་ཡོད།
༢༠༢༣-༥-༨ཉིན་བྲིས།
རྩོམ་པ་པོ་ངོ་སྤྲོད།
ཞྭ་ནག་པ། ༡༩༩༩ལོར་ཕ་ཡུལ་གསེར་རྟ་རགས་བཀྲམ་གྱི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། དངོས་མིང་ལ་གཞན་ཕན་ཉི་མ་ཟེར། ༢༠༡༠ལོར་རགས་བཀྲམ་ཨ་མའི་གཅེས་སྐྱོང་སློབ་གྲྭར་ཞུགས། ༢༠༡༧ལོའི་ཡས་མས་ནས་བོད་ཀྱི་རྩོམ་རིག་ལ་སྦྱང་བ་ཅུང་ཙམ་བྱས་ཤིང་བརྩམས་ཆོས་རེ་འགའ་མཆོད་མེ་བོད་ཀྱི་དྲ་བ་དང་དེབ་རེ་འགའ་རུ་བཀོད་མྱོང་། ད་ལྟ་སྐད་ཡིག་རང་འདུན་པའི་ལས་ཀ་གཉེར་བཞིན་ཡོད།
ཞྭ་ནག་པ། ༡༩༩༩ལོར་ཕ་ཡུལ་གསེར་རྟ་རགས་བཀྲམ་གྱི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། དངོས་མིང་ལ་གཞན་ཕན་ཉི་མ་ཟེར། ༢༠༡༠ལོར་རགས་བཀྲམ་ཨ་མའི་གཅེས་སྐྱོང་སློབ་གྲྭར་ཞུགས། ༢༠༡༧ལོའི་ཡས་མས་ནས་བོད་ཀྱི་རྩོམ་རིག་ལ་སྦྱང་བ་ཅུང་ཙམ་བྱས་ཤིང་བརྩམས་ཆོས་རེ་འགའ་མཆོད་མེ་བོད་ཀྱི་དྲ་བ་དང་དེབ་རེ་འགའ་རུ་བཀོད་མྱོང་། ད་ལྟ་སྐད་ཡིག་རང་འདུན་པའི་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།