གེ་སར་ལགས་ཀྱི་ལྷུག་རྩོམ།
རྩོམ་པ་པོ།:གེ་སར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-11-14 09:34:18
ཀློག་གྲངས།:
ཕ་བོང་ཁར་ཆས་པ།
གེ་སར།
སྤྱིར་ཉིན་མོ་དེར་དགའ་ལྡན་དགོན་དང་ཨོ་རྒྱན་སྨིན་གྲོལ་གླིང་ལ་ཆས་རྩིས་ཡིན་ནའང་། གློ་བུར་དུ་བསམ་ཚུལ་བསྒྱུར་ནས་ཕ་བོང་ཁར་འགྲོ་རྒྱུར་ཐག་བཅད་པ་ཡིན། རྒྱུ་མཚན་ནི་ཕ་བོང་ཁ་ནི་ང་ཚོ་བོད་མི་རིགས་ལ་མཚོན་ན་བོད་ཡིག་གསར་བཟོ་བྱ་སའི་གནས་མཆོག་འགངས་ཆེན་ཞིག་ཡིན་པས་སོ། །
ཕོ་བྲང་པོ་ཏ་ལའི་ལྟག་རྒྱབ་ནས་གླ་གཏོང་རླངས་འཁོར་ཞིག་ལ་འདུག་རྩིས་བྱས་ནའང་། རླངས་འཁོར་གཅིག་ཀྱང་དེར་འགྲོ་འདོད་མེད་པ་ལས། གླ་རིན་ཡང་ཧ་ཅང་མཐོན་པོ་བཤད་ཀྱིན་པས། ང་དང་ནུ་བོ་གཉིས་རྐང་ཐང་དུ་འགྲོ་རྒྱུར་སེམས་ཐག་བཅད། ཕ་བོང་ཁ་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་ཀྱི་སྤྱི་ལེ་བདུན་བརྒྱད་ཙམ་གྱིས་སར་ཆོད་པའི་དབུས་གདུགས་རིའི་ལྷོ་འདབས་སུ་ཆགས་ཡོད་ལ། ཕོ་བྲང་པོ་ཏ་ལ་དང་མཇལ་བའི་ཉིན་དེར་ངས་ནུ་བོ་ལ་ཆེད་དུ་བསྟན་མྱོང་། ངེད་གཉིས་ལམ་ཐག་ཅུང་ཙམ་ཞིག་ལ་ཕྱིན་པ་ན། ཁ་ཉིན་གྲོགས་དབྱངས་བྷས་བོས་ནས་གླིང་ག་གཏོང་སའི་ཉེ་འགྲམ་ན་ཀྲོང་ངེར་འགྲེང་ཞིང་རྩེ་ན་ད་དུང་རྡོ་བ་ཞིག་ཀེར་གྱིས་ལངས་འདུག་པའི་རི་བོ་དེ་མཐོང་བྱུང་བས། ངས་དབྱངས་བྷར་ཁ་པར་བཏང་སྟེ་ཕ་བོང་ཁར་ཇི་ལྟར་འགྲོ་ཚུལ་གྱི་ལམ་ཐིག་སྟབས་བདེ་དྲིས། ཁོའི་སྐད་གདངས་ཧ་ཅང་གཉོམ། ཁོས་ཁོ་དང་བུ་མོ་གཉིས་ཀྱང་འགྲོ་རྒྱུ་ཡིན། ཐད་ཀར་དུ་ཁ་ཉིན་ཐུག་སའི་ཚ་རོང་ཀླུ་ཐུག་ཚང་ལ་ཤོག་ཟེར། དེ་ནས་ངེད་གཉིས་ཀྱིས་ཐད་ཀར་དུ་རི་དེ་གཟས་ནས་སོང་བ་ན་ཚ་རོང་ཀླུ་ཐུག་ཚང་ལ་འབྱོར་སོང་། ངེད་གཉིས་ཀྱིས་ཇ་མངར་མོ་དེམ་གང་བླངས་ནས་བསྒུགས་བསྡད་པས། ཡུན་རིང་མ་འགོར་བར་དབྱངས་བྷ་ཡང་དེ་གར་སླེབས་བྱུང་། ཁ་སྔོན་དང་མི་འདྲ་ས་ཞིག་ནི་ཁོས་དེ་རིང་མགོ་ལ་རྒྱ་ཞ་ལི་མོ་དེ་བསྣམས་ཡོད་པས་མི་ཚད། ཁ་སང་གསར་དུ་ཉོས་པའི་བོད་བཟོའི་ཚིལ་ལེན་གྱི་གོང་བའི་སྟེང་དུ་ཕྲེང་བ་ཞིག་ཀྱང་ཐུར་དུ་བསྣར་འདུག ཁོས་ཞི་མོས་ཁྲུས་བྱེད་གྱིན་པས་ཅུང་ཙམ་གྱིས་ཐོན་ཚེ་སོང་ཆོག་ཟེར། དེ་ནས་ང་ཚོས་ཇ་མངར་མོ་འཐུང་བཞིན་ཅུང་ཙམ་འགོར་བ་ན། ཞི་མོ་ཡང་འབྱོར་ཞིང་མོས་བུལ་ཐུག་དཀར་ཡོལ་གང་དང་ཞོག་ཁོག་སྡེར་མ་ཆུང་ངུ་ཞིག་ཟོས་ཚར་ནས་འགྲོ་རྩིས་བྱ་སྐབས། ཆར་བ་ཆུང་ཆུང་ཞིག་བབས་སོང་བས་ང་ཚོས་ཇ་ཁང་ནང་ཡུན་ཙམ་ལ་ཆར་གཞའ་མི་བྱེད་ཀ་མེད་བྱུང་། དེ་ནས་ངེད་བཞི་པོ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ་སོང་ཞིང་། རླངས་འཁོར་ནང་དབྱངས་བྷས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཞིས་ཤུལ་ལ་སོང་རྗེས་རྐང་ཐང་དུ་ཕ་བོང་ཁར་ཆས་ན་ཇི་འདྲ་རེད་ཟེར། སྐད་ཆ་དེས་ང་རང་ཧང་སངས་པར་བཏང་སོང་། རྒྱུ་མཚན་ནི་ང་རང་ལྷ་སར་ཐེངས་འགར་ཡོང་མྱོང་ནའང་ཕ་བོང་ཁ་དང་ཁད་ཉེ་ས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཞིས་ཤུལ་ཡོད་པ་ཞིག་གོ་མ་མྱོང་། དབྱངས་བྷས་ཁོང་གི་གཞིས་ཤུལ་ན་སྟར་སྡོང་འགའ་ལས་ཅི་ཡང་ལྷག་མི་འདུག་ལ། དེའི་ཁྲོད་ཀྱི་གཅིག་ནི་ཁོང་གིས་སྐུ་དངོས་སུ་བཙུགས་པ་ཡིན་པའི་བཤད་རྒྱུན་འདུག་ཟེར། ང་ལ་ལྷག་ཏུ་བཤད་མི་ཤེས་པའི་སྤྲོ་བ་གནོན་ཐབས་མེད་པ་ཞིག་འཁོར་སོང་།
རླངས་འཁོར་ཉང་བྲན་ཞང་བརྒྱུད་ནས་འགྲོ་དུས་ལམ་གྱི་གཡས་གཡོན་གཉིས་ན་ཚོང་ཁང་ཆུང་ངུ་དང་། མགར་བ་དང་ཚ་ལ་བྱེད་མཁན་གྱི་སྦུག་ཁང་ཆུང་ཆུང་མང་བོས་བཀང་འདུག་པ་མཐོང་བས། ངས་ད་ལོར་ལྷ་སའི་རྩོམ་མཁན་པདྨ་ལྷ་མཛེས(白玛娜珍)ལགས་ཀྱི་ལྷུག་རྩོམ«ངལ་རྩོལ་གྱི་གླུ»ཞེས་པ་ཞིག་བསྒྱུར་པ་ཡིད་ལ་འཁོར་ཞིང་། དེའི་ནང་ན་ཁོ་མོས་ཉང་བྲན་ཞང་གི་བོད་པ་ལས་གླ་རྒྱག་མཁན་ཚོའི་འདས་མ་ད་གསུམ་གྱི་འཕོ་འགྱུར་སྐོར་དང་། བོད་མོ་མང་བོ་ཞིག་རྒྱ་མི་ལས་ཀ་བ་དང་ཁ་ཆེའི་ཞོར་ལས་པ་ཚོའི་ཆུང་མ་བྱས་འདུག་པའི་དངོས་ཡོད་སྤྱི་ཚོགས་ཀྱི་གནས་ཚུལ་སྐོར་ཞིག་དམར་རྗེན་དུ་བཀོད་ཡོད་ཅིང་། ད་དུང་དཔལ་འབྱོར་གྱི་བརྡབ་གསིག་དྲག་པོས་བོད་མི་ཚོའི་སོས་དལ་བག་ཕེབས་ཀྱི་འཚོ་བ་རོལ་སྟངས་དེའི་ངོ་བོ་ཁྱོན་ནས་བསྒྱུར་བཞིན་པ་དང་། དོན་དམ་པའི་བདེ་སྐྱིད་ཅེས་པ་དེ་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ལས་གང་ཞིག་ལ་ངོས་བཟུང་ན་འགྲིག་ཚུལ་སོགས་ལ་བསམ་གཞིག་དང་ཞིབ་འབྲི་ཕྲ་ཞིབ་གནང་ཡོད་དོ། །
ངེད་ཚོ་སྤྱི་སྤྱོད་རླངས་འཁོར་ལས་སར་བབས་ནས་ཉང་བྲན་ལུང་པ་བརྒྱུད་དེ་ཡར་སོང་པས། རྒྱ་ལམ་གྱི་གཡས་གཡོན་གཉིས་ན་རླངས་འཁོར་མང་བོ་གྲལ་ཕྲེང་བསྒྲིགས་ནས་བཞག་འདུག ཉང་བྲན་སྐྱིད་ཤོད་གླིང་ག་སོགས་གླིང་ག་གཏོང་ས་མང་པོ་འདུག་ལ། གྲོགས་དབྱངས་བྷས་བཤད་ན། ད་ལྟ་ནི་སློབ་མ་རྒྱུགས་སྤྲོད་མཁན་ཚོར་རྟེན་འབྲེལ་ཞུ་བའི་དུས་ལ་ཁེལ་ཡོད་པ་དང་། ལོ་འདི་ཚོར་དེ་ཉིད་རྒྱུགས་ཆེ་ཞིང་། ལོ་རེ་ནས་ལོ་རེར་རྒྱ་ཇེ་ཆེ་དང་འདུ་ལོང་ཇེ་ཆེར་འགྲོ་བཞིན་པ་ལས། དེ་ཉིད་མི་ཚོས་རྒྱུ་ནོར་བསྡུ་བའི་གོ་སྐབས་ཡག་པོ་ཞིག་ཏུའང་རྩི་ཀྱིན་ཡོད་ལ། སློབ་ཆེན་ལ་རྒྱུགས་འཕྲོད་མཁན་ལས་ལོ་འདི་ཚོར་ཐ་ན་སློབ་རིམ་འཕར་མཁན་ཡོད་ཚད་ལ་སྟོན་མོ་ཕན་ཚུན་བར་དུ་བཤམས་ཀྱིན་པས། ཕན་ཚུན་བར་དུ་རྟེན་འབྲེལ་ཞུ་རེས་བྱས་ནས་ཀྱང་དུས་ཚོད་མང་བོ་ཞིག་འཕྲོ་བརླག་ཏུ་འགྲོ་བཞིན་འདུག་པས། ཁོ་རང་དེའི་གྲལ་དུ་འཚང་གིན་མེད་ཟེར། དེ་ནས་ང་ཚོ་རྐང་ལམ་ཕྲ་མོ་ཞིག་དེད་ནས་ཞིང་ཁ་ཞིག་བརྒྱུད་དེ་སོང་བ་ན། སྡེ་སྲིད་སངས་རྒྱ་མཚོ་ཚང་གི་གཞིས་ཤུལ་ལ་འབྱོར་སོང་།
དེར་འབྱོར་དུས་ང་རང་ཧ་ལས་ཤིང་ཧངས་སངས་པར་བཏང་། རྒྱུ་མཚན་ནི་གཞིས་ཀའི་ཤུལ་ཞིག་མཐོང་རྒྱུ་མེད་ལ། སྟར་ཀ་དང་ཁམ་བུའི་སྡོང་བོ་མི་རྒན་གྱི་ལག་པ་གཉིས་ཀས་མི་ཤོང་བ་ལྔ་དྲུག་ཙམ་དང་། བསང་ཁྲི་ཁ་ཆག་སྣ་རལ་ཞིག་ལས་ཅི་ཡང་མི་འདུག ངའི་སེམས་ལ་ནང་ལོགས་ཀྱི་རྒྱ་གྲོང་གི་ས་ཆ་གང་སར་མཐོང་རྒྱུ་ཡོད་པའི་ལོ་རྒྱུས་མི་སྣ་དེ་དག་གི་གཞིས་ཤུལ་བརྗིད་པོ་དག་འཁོར་བྱུང་། དེ་དག་ལ་སྲུང་སྐྱོབ་བྱས་པ་ཆེས་ལེགས་པ་ལས་ད་ལྟ་ད་དུང་ལྗོངས་རྒྱུའི་གནས་མཆོག་ཏུ་གྱུར་ནས་མི་ཚོགས་སྤྲིན་གྱི་འདུ་འགོད་བཞིན་རྩེན་གྱིན་པ་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ཆོས་སྲིད་གཉིས་ཀའི་ཐད་ནས་ང་ཚོ་བོད་ལ་དྲིན་ཆེ་བའི་མི་བུ་རླབས་པོ་ཆེ་ཞིག་ཡིན་ལ། རིག་གནས་ཆེ་ཆུང་ལྔ་བོར་བྱང་བའི་མཁས་པ་གཞན་དྲིང་མི་འཇོག་པ་ཞིག་ཀྱང་ལགས་ན། ཅིའི་ཕྱིར། ཅིའི་ཕྱིར་ཁོའི་གཞིས་ཤུལ་འདི་ལྟར་ཚོར་མེད་གྲག་མེད་ངང་འབྱུང་བཞིའི་ཀློང་ལ་ཐིམ་སོང་བ་ཡིན་ནམ། ཅིའི་ཕྱིར་འདི་ལྟར་ལོ་རྒྱུས་ཀྱིས་ལོགས་ཤིག་ཏུ་བསྐྱུར་ཡོད་པ་ཡིན་ནམ། ཅིའི་ཕྱིར……ངས་རང་སེམས་ལ་དེ་ལྟར་དྲི་བ་སྣ་མང་འདོན་གྱིན་པའི་སྒང་ལ་ཡང་ཆར་བ་ཟིམ་ཟིམ་ཞིག་བབས་སོང་། ངེད་ཅག་སྡོང་བོ་ཆེན་པོ་དེ་དག་གི་འོག་ཏུ་ཆར་བཞའ་སྟེག་ལ། ད་དུང་ཐུར་དུ་དཔྱངས་འདུག་པའི་སྟར་ཀ་སྔོན་པོ་བཏོགས་པ་ཡིན། ནུ་བོས①སྟར་ཀ་སྡོང་མགོ་ནས་ཐོགས་ཡོད་པ་ད་ཐེངས་མ་གཏོགས་མཐོང་མྱོང་མེད་པ་འདྲ། ཁོས་རང་སེམས་ཀྱི་སྡུག་བསྔལ་མེ་རི་འདྲ་བོ་འཇིལ་ཅི་ཐུབ་སྒོས་གདོང་ལ་འཛུམ་ཆུང་ཞིག་འཁོར་འདུག
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཞིས་ཤུལ་ནས་ཕར་བལྟས་ཚེ། ཕ་བོང་ཁ་ནི་རི་བོའི་ངོས་སུ་བཏབ་པའི་མུ་ཏིག་གི་ཕྲ་ཚོམ་ཇི་བཞིན་མིག་ལམ་དུ་གསལ་ལྷང་ངེར་མངོན་ཞིང་། ཕ་བོང་ཆེན་པོའི་སྟེང་དུ་བཞེངས་ཡོད་པའི་སྐུ་མཁར་མ་རུ་ཡང་གསལ་བོར་མཐོང་ཐུབ། ངེད་ཚོ་རྐང་ལམ་ཕྲ་མོ་ཞིག་དེད་ནས་ཕ་བོང་ཁའི་ཕྱོགས་སུ་སོང་། ལམ་དུ་ཚེར་མ་ཅན་གྱི་རྩི་ཤིང་ཉྭ་རྩིབ་མཚམས་སུ་སླེབས་པ་ཞིག་གིས་ཁེངས་ཤིང་། དབྱངས་བྷས་དབྱར་ཁའི་བསིལ་ལྷམ་ཞིག་གོན་ཡོད་པས་ཁོའི་རྐང་བའི་སེན་མོར་ཚེར་མས་བསྣུན་ནས་ཁྲག་དམར་ཙམ་འཛུམ་འདུག དེ་ཡང་ཕ་བོང་ཁ་དང་བར་ཐག་རིང་བོ་མེད་པའི་གནས་ཤིག་ནའང་མདོག་དམར་སྨུག་ཏུ་སྣང་བའི་རྡོ་བ་ཧ་ཅང་ཆེན་པོ་ཞིག་ཀྲོང་ངེར་འགྲེང་ཞིང་། སྟེང་དུ་ད་དུང་ཁ་ལེབ་དམ་པོ་ཞིག་བཀབ་ཡོད་པ་དང་མཚུངས། དེར་ལྟ་བཞིན་ངས་རང་བྱུང་ཁམས་ནི་དོན་དམ་གྱི་སྒྱུ་རྩལ་མཁན་པོ་བློ་ཡུལ་ལས་འགོངས་པ་ཞིག་མ་ཡིན་ནམ་སྙམ་བྱུང་།
དེ་ཡང་ཕ་བོང་ཁའམ་སྐུ་མཁར་མ་རུ་ནི་ཤིན་ཏུ་ཆེ་བའི་རུས་སྦལ་དབྱིབས་ཀྱི་རྡོ་ཕ་བོང་ཞིག་གི་སྟེང་དུ་འགྱིང་ངེར་གནས་ཤིང་། ས་ངོས་ལས་སྤྱི་ཁྲེ་ཉི་ཤུ་ཙམ་ཡར་འཕགས་འདུག་ལ། རྒྱ་ཁྱོན་ལ་སྤྱི་ཁྲེ་སུམ་བརྒྱ་ཙམ་ཡོད་ཅིང་། ལྷོ་ངོས་སྒོར་དབྱིབས་དང་བྱང་ངོས་གྲུ་བཞིའི་དབྱིབས་དང་ལྡན་པའི་བོད་གནའ་རབས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ཞིག་སྟེ། ང་ཚོ་ཕ་བོང་ཆེན་པོ་དེའི་གམ་དུ་འབྱོར་བ་ན། ཕ་བོང་གི་འོག་ན་རྒྱ་སྒོ་ནུབ་ཕྱོགས་སུ་གཏད་པའི་ལྷ་ཁང་ཞིག་ཡོད་པ་དེ་ཐེངས་སྔོན་མར་ཡོང་དུས་མཉམ་མ་བཞག་པ་ཞིག་རེད། ནང་དུ་འཛུལ་པ་ན་དེ་ནི་བྲག་ཕུག་ཅིག་སྟེ། བྲག་ཕུག་སྦུགས་ཀྱི་རྟེན་བཞེངས་དག་ལ་མཇལ་དུས་མགོ་སྒུར་སྒུར་དང་སྒྱིད་པ་གུག་གུག་སྒོས་འགྲོ་དགོས་ལ། མཆོད་མེའི་འོད་སྣང་གཉོམ་པོ་ལ་མ་བརྟེན་ན་ཅི་ཡང་མཐོང་མི་ཐུབ་པས། སྐབས་དེར་ངའི་སེམས་པ་རང་དབང་མེད་པར་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ཡར་སྔོན་ལ་ཤོར་སོང་། དེ་ཡང་ཕ་བོང་ཁའི་དཀར་ཆག་ནང་གསལ་བ་ལྟར་ན། སྔོན་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུའི་རིང་ལ་མོ་བཟའི་རྩིས་དང་རྒྱལ་པོ་ཁོང་གི་བཀའ་སོགས་ལ་བརྟེན་ནས་རྡོ་ཡི་རུས་སྦལ་གྱི་སྒལ་པའི་སྟེང་དུ་ཁྲོ་ཆུ་ཁོལ་མ་བླུགས་ནས་རྡོ་དང་བརྩིགས་པ་ཡུག་གཅིག་ཏུ་སྦྲེལ་ཏེ་ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་བཞེངས་ཤིང་། ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་ཕྱིར་ཕེབས་པ་ནས་རྒྱལ་བློན་གཉིས་ཀ་གནས་འདིར་ཡུན་རིང་དུ་བཞུགས་ནས་བོད་ཡིག་གསར་བཟོ་བྱས་པ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཏོད་དེ་བོད་འབངས་རྣམས་ཀྱི་བློ་ཁ་ཆོས་ལ་བསྒྱུར་པ་ལས། མདོ་རྒྱུད་ཉེར་གཅིག་སོགས་རྒྱ་གར་ནས་གདན་དྲངས་པའི་ཆོས་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་པ་ཡིན་འདུག རྗེས་སུ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་སྐབས་སུའང་ཐོག་མར་གནས་འདིའི་དགེ་འདུན་གྱི་སྡེ་རྣམས་ཕྱིར་བསྐྲད་ནས་ཕོ་བྲང་དགུ་བརྩེགས་ཀྱང་མེར་བསྲེགས་པ་དང་། དེའི་རྗེས་ནས་དགེ་བཤེས་བྲག་དཀར་བ་དང་རྒྱལ་དབང་ལྔ་པ་སོགས་ཀྱི་སྐུ་རིང་ལ་བསྐྱར་བཞེངས་མཛད་ཅིང་། རིག་གསར་གྱི་སྐབས་སུ་གཏོར་བརླག་ཚབས་ཆེན་ཐེབས་པ་ཡང་བསྐྱར་བཞེངས་པའི་ལོ་རྒྱུས་ཀྱི་བྱུང་བ་རྣམས་ནི་ད་ལྟའི་ང་ཚོ་དང་ཇི་འདྲའི་རྒྱང་ཐག་རིང་བ་འདྲ་ལ་ཡང་ཇི་འདྲའི་ཐག་ཉེ་ཐག་ཉེ་ཞིག་ཡིན་པའང་འདྲ་བྱུང་།
བྲག་ཕུག་དེར་མཇལ་ཚར་རྗེས་ང་ཚོ་རྡོ་ཡི་སྐས་རྐང་བརྒྱུད་ནས་རིམ་པ་བཞིན་དུ་ཉིས་ཐོག་དང་སུམ་ཐོག་ནང་མཇལ་བར་ཕྱིན། ང་ཚོས་ཉིས་ཐོག་གི་ལྷ་ཁང་ཅུང་ཁོད་ཡངས་པ་ཞིག་གི་ནང་དུ་འོད་དཔག་མེད་ཀྱི་རྡོ་སྐུ་ཞིག་མཐོང་ལ། དབྱངས་བྷས་དེར་བཞུགས་པའི་དགེ་འདུན་པ་ཞིག་ལ་དྲིས་པ་བརྒྱུད་དེ་ནི་ཕ་བོང་ཁའི་ཕོ་བྲང་གི་རྟེན་གཙོ་ཡིན་པ་ཤེས། དགེ་འདུན་པ་དེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་ཡུམ་གྱི་མངལ་དུ་ཞུགས་པ་དང་དུས་མཉམ་པར་རྡོའི་ལྡེབས་ལ་འོད་དཔག་མེད་ཀྱི་སྣང་བརྙན་ཞིག་རི་མོ་ཧ་ཅང་མི་གསལ་བའི་ཚུལ་དུ་བྱུང་ཞིང་། ཇི་ལྟར་མངལ་དུ་ཆེར་འཕེལ་བ་དེ་ལྟར་རྡོའི་སྣང་བརྙན་ཡང་རིམ་བཞིན་གསལ་བོར་བྱོན་པ་དང་། ཆོས་རྒྱལ་གྱི་མཚན་དཔེའི་སྐུ་མཆོག་མངལ་གྱི་སྦུབས་ལས་གྲོལ་མ་ཐག་རྡོ་སྐུ་རིན་པོ་ཆེའང་མཚན་དཔེའི་སྣང་བརྙན་གསལ་བོར་ཀུན་གྱི་འདྲེན་བྱེད་ལམ་དུ་གསལ་བ་འདི་རེད་ཅེས་གསུངས་བྱུང་། དེ་ནས་ང་ཚོ་ལྷ་བཞི་ཐིམ་པ་ཡིན་ཟེར་བའི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དང་། ཚེས་བཅུ་ལྷ་ཁང་ནང་བཞུགས་པའི་གནས་འདིའི་སྒོ་སྲུང་དཔལ་ལྡན་ལྷ་མོ་གཙོ་འཁོར་གསུམ་སོགས་ཁྱད་འཕགས་ངོ་མཚར་ཅན་གྱི་སྐུ་གསུང་ཐུགས་རྟེན་མང་པོར་མཇལ་ཚར་རྗེས་སྒོ་ཕྱིར་ཐོན་ནས་ཕྱི་རོལ་ཏུ་ངལ་གསོས་པ་ཡིན།
སྐབས་དེར། ནུ་བོས་རུས་སྦལ་དབྱིབས་ཀྱི་རྡོ་ཕ་བོང་ཆེན་པོ་དེར་ལྟ་བཞིན་ཡ་མཚན་ནས་འདྲ་པར་ཡང་ཡང་རྒྱག་གིན་འདུག་ལ། ངས་ཕ་བོང་ཁའི་དུར་ཁྲོད་ཀྱི་རྡོ་གཅལ་ཆེན་པོ་དེར་རྒྱང་ལྟ་བྱེད་ཞོར། ཉིས་སྟོང་ལྔ་ལོའི་དབྱར་ཁར«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་ང་ཚོ་ན་གཞོན་རྩོམ་སྒྲིག་པ་བཞི་བོ་ལྷ་སར་མཇལ་སྐོར་ལ་ཡོང་དུས། ཟླ་གཅིག་རིང་ཞིབ་འཇུག་སློབ་མའི་དངོས་སྦྱོང་རྟོག་དཔྱོད་ལ་བོད་ཁམས་ཉུལ་འོངས་པའི་གྲོགས་དབྱངས་བྷ་དང་ཕྲད་ཅིང་། ངེད་ཅག་མཉམ་པོར་ཕ་བོང་ཁའི་དུར་ཁྲོད་དུ་ཡོང་ནས་རྡོ་གཅལ་ཆེན་པོ་དེའི་སྟེང་དུ་ཚུགས་ཀ་དང་གཞོན་ཉམས་སྣ་ཚོགས་བཏོད་བཞིན་འདྲ་པར་མང་པོ་བླངས་པའི་རྣམ་པ་དེ་དག་ཡིད་ལ་འཁོར་ནས་དབྱངས་བྷར་བཤད་པ་ན། ངེད་གཉིས་ཤེས་མེད་ཚོར་མེད་ངང་འདས་སོང་བའི་ལོ་ངོ་བཅུའི་ལོ་ཟླ་ལ་ཕངས་སེམས་དང་ཞེ་འཁྲེང་ནས་དབང་མེད་དུ་ཤུགས་རིང་རེ་འཐེན་དགོས་བྱུང་སོང་།
རེད་ཡ། ཕ་བོང་ཁ་ནི་བོད་རྗེ་སྲོང་བཙན་སྒམ་པོ་མཚམས་ལ་བཞུགས་སའི་གནས་དང་། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་གནས། ཆོས་སྒྱུར་གྱི་གནས་དང་པོ། བོད་རྗེ་བློན་འབངས་ཡོངས་ཀྱི་ཡི་གེ་སློབ་མགོ་ཚུགས་པའི་གནས་སོགས་ཡིན་པའི་ཆ་ནས་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་འགངས་ཆེན་ཞིག་ཡིན་པ་ནི་སྨོས་མེད་ཡིན་ལ། ལྷག་པར་དུ་དེ་བརྒྱུད་ནས་པུར་རྒྱལ་བཙན་པོའི་སྐབས་ཀྱི་ཐོག་བརྩེགས་དགུ་ཐོག་བཞེངས་ནུས་པའི་ཨར་ལས་འཛུགས་སྐྲུན་གྱི་བློ་ཁོག་ལའང་ཡིད་སྨོན་དང་དད་འདུན་ཞིག་དབང་མེད་དུ་སྐྱེས་ཤིང་། ཕ་བོང་ཁའི་ལོ་རྒྱུས་ཀྱི་བྱུང་རབས་དག་ལ་སེམས་པ་གླན་ཞོར་ཡིད་སེམས་ནི་སྤྲིན་གྱི་འདུ་འགོད་ཇི་བཞིན་འཁྲུགས་བྱུང་བས། རང་གིས་ཉིས་སྟོང་ལྔ་ལོར་ཕ་བོང་ཁ་ནས་བྲིས་པའི་སྙན་རྩོམ་ཐུང་ངུ་འདིས་རྩོམ་འདིའི་མཇུག་བསྡུས་དགོས་བྱུང་སོང་།
རུས་སྦལ་གྱི་སྒལ་གཞུང་ལྟ་བུའི་ཕ་བོང་ཆེན་པོ།
དེའི་སྟེང་དུ་བཏབ་པའི་ཤེས་རིག་གི་གསེར་རྡོག་སུམ་ཅུ།
སྨག་གི་ཡོལ་རས་ཕྱེ་བ་ནས། བདག་གི་ཐོན་མི།
བཙན་པོ་སྲོང་བཙན་གྱི་ཉི་མས་ཕྱོགས་བཞིའི་མུན་པ་སེལ་སོང་ཨང་།
སེམས་ཀྱི་རླབས་སྒྲ་མ་འཇགས་གོང་།
བློས་བསླངས་ཀྱི་ཁྲོད་ནས་བཙན་བློན་གཉིས་ཀྱི་གཟུགས་བརྙན་མཐོང་།
རེ་བའི་འཆར་སྣང་ཡལ་ཤུལ་དུ།
རྒས་འཁོགས་ཀྱི་དགེ་འདུན་པ་ཞིག་ཕྱི་སྐོར་ལ་འགྲོ་བཞིན་པ་མཐོང་།
གསལ་བཤད།
① ཉིས་སྟོང་བཅོ་ལྔ་ལོའི་སློབ་གྲྭའི་དབྱར་གནང་གི་སྐབས་སུ། ལོ་བཅུ་གཅིག་ལ་སོན་པའི་ནུ་བོའི་བུ་ཆུང་ཆུ་རྐྱལ་སྟེག་ཏུ་སོང་ནས་རྐྱེན་ལམ་དུ་ཤོར་བས། ངས་ཆེད་དུ་ནུ་བོ་ཁྲིད་ནས་ལྷ་སར་ཆོས་མཇལ་དང་རིམ་བྲོ་བསྒྲུབས་པར་ཕྱིན་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།