བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་ལྗགས་རྩོམ།

རྩོམ་པ་པོ།:བསེ་ཚང་བློ་བཟང་དཔལ་ལྡན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-23 08:46:22 ཀློག་གྲངས།:
བཀྲ་ཤིས་པའི་སྙན་ཚིག
བསེ་ཚང་བློ་བཟང་དཔལ་ལྡན།


ཕུན་ཚོགས་སྡེ་བཞིའི་རྩ་བ་རབ་ཏུ་བརྟན། །
འདོད་དགུའི་དཔལ་འབྱོར་འབྲས་བུས་ཡོངས་སུ་དུད། །
ལྷག་བསམ་པདྨ་འབུམ་གྱིས་འཛུམ་གྲོལ་བའི། །
དགེ་ལེགས་དཔག་བསམ་ལྗོན་པ་ཕྱོགས་འདིར་རྒྱས། །

བརྟན་གཡོའི་སྣོད་བཅུད་ལེགས་ཚོགས་འབྱོར་བའི་དཔལ། །
མ་ལུས་ལྷུན་རྫོགས་དྲི་ངད་བྱེ་བའི་གཏེར། །
བཅུ་ཕྲག་བཞི་ཡི་འདབ་མཛེས་མེ་ཏོག་གི །
སྙིང་པོར་སྨིན་པའི་དགེ་མཚན་བླ་ན་འབར། །

ཕན་བདེ་དཔལ་གྱི་མུ་ཁྱུད་ཟླུམ། །
སྲིད་ཞིའི་འབྱོར་བའི་རྩིབས་སྟོང་རྒྱས། །
ལོངས་སྤྱོད་གསེར་གྱི་འཁོར་ལོ་མཆོག །
ཀུན་གྱིས་འདོད་དགུར་ཅིར་ཡང་སྒྱུར། །

ལྔ་རིག་འོད་ལྔའི་མདངས་རྫོགས་པའི། །
ཤེས་བྱའི་མེ་ཏོག་འབུམ་གྱི་འཛུམ། །
ཅིག་ཅར་གྲོལ་བའི་གཞོན་ནུའི་ཚོགས། །
བློ་གྲོས་པདྨོ་ཅིར་ཡང་རྒྱས། །

བདེ་དགའི་ཕུན་སུམ་ཚོགས་པའི་གཏེར། །
གཅིག་ཏུ་སྤུངས་པའི་བུམ་པ་བཟང་། །
སྐལ་བར་ཐོབ་པའི་སྐྱེ་དགུ་ཡིས། །
རྫོགས་ལྡན་གསར་བའི་དགའ་སྟོན་མྱོང་། །

རིགས་མཐུན་མཛའ་བ་བརྟན་པོའི་ཡིད། །
གཅིག་ཏུ་སྒྲིལ་བའི་མཛའ་མཐུན་སེམས། །
འགྱུར་མེད་གཡུང་དྲུང་རི་མོའི་རྒྱ། །
སྙིང་གི་ཐིག་ལེའི་དབུས་སུ་བཅངས། །

རིག་པ་འཁྱུག་ལྡེམ་གསེར་གྱི་ཉ། །
རང་དབང་འདོད་དགུའི་ཆུར་རྩེན་པའི། །
སྤྲོ་དགས་མྱོས་པའི་ཟློས་གར་གྱིས། །
མཐོ་རིས་བུ་མོའི་སྙེམས་པ་འཕྲོག །

སྲིད་པའི་ཚ་གདུང་སེལ་བའི་སྨན། །
ངེས་ལེགས་ཐར་བའི་བསིལ་གྲིབ་ཅན། །
ལུང་རྟོགས་དམ་ཆོས་གདུགས་དཀར་མཆོག །
སྲིད་ཞིའི་མགོན་དུ་བླ་ན་བྲེས། །

བསླབ་གསུམ་ཁྲིམས་ཀྱི་ཡུ་བ་བརྟན། །
ཐོས་བསམ་དར་གྱི་ཤམ་བུ་གཡོ། །
བཤད་སྒྲུབ་ནོར་བུའི་ཏོག་མཛེས་པའི། །
བསྟན་པའི་རྒྱལ་མཚན་ཕྱོགས་འདིར་སྒྲེང་། །

དགེ་ལེགས་རྒྱ་མཚོའི་དཔལ་ཡོན་རྒྱས། །
སྲིད་འབྱོར་རླབས་ཀྱི་ཕྲེང་བ་འཁྲིགས། །
རིག་རྩལ་ངང་པ་རྩེད་འཇོར་རོལ། །
སྙན་པའི་དུང་དཀར་སྒྲ་དབྱངས་མཐོ། །

བཀྲ་ཤིས་དགེ་མཚན་རྒྱས་པའི་གཞིར། །
བཀྲ་ཤིས་དཔལ་འབྱོར་འཕེལ་རྒྱས་པ། །
བཀྲ་ཤིས་རྟགས་མཚན་བརྒྱད་གྲངས་ཀྱིས། །
བཀྲ་ཤིས་ཚིག་གིས་རབ་ཏུ་བསྔགས། །

བདེ་ལེགས་བསམ་པ་ཡངས་པོའི་སྒེ་ཕྱེས་པས། །
བདེ་ལེགས་སྙན་པ་གསར་བའི་མེ་ཏོག་ཕྲེང་། །
བདེ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་ཏེ། །
བདེ་ལེགས་ཤིས་པ་རྒྱ་མཚོའི་དཔལ་དུ་ཕུལ། །

སྲིད་པའི་ཕུན་ཚོགས་གཅིག་ཏུ་བསྡུས་པའི་དཔལ། །
སྙིང་བོར་སྨིན་པའི་དགེ་མཚན་ཟླ་མེད་པ། །
མཐོང་བས་རབ་དགའི་ཡིད་ཀྱིས་ལེགས་དྲངས་ཏེ། །
བཀྲ་ཤིས་སྙན་ཚིག་པེ་ཅིན་ཡུལ་ནས་བྲིས། །

རྩོམ་ཁུངས། ཀན་ལྷོའི་ལོ་རྒྱུས་རིག་གནས་དཔེ་ཚོགས་ལས་དྲངས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།