མདོ་སྨད་ཅོ་ནེ་སོགས་སུ་བསྐྱོད་པའི་ཟིན་ཐོ།
རྩོམ་པ་པོ།:ནག་ཤོད་བསྟན་འཛིན་མཚུངས་མེད།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-11-24 14:51:32
ཀློག་གྲངས།:
མདོ་སྟོད་སྨད་ཀྱི་རྣམ་དབྱེ་དུས་ནམ་ལ་གང་ཟག་སུ་ཞིག་གིས་དགོས་པ་རྒྱུ་མཚན་ཅི་ལ་དམིགས་ཏེ་གསར་དུ་བཏོད་མིན་ནི་དཔྱད་བཟོད་པའི་གནས་ཡིན་ཀྱང་། དེ་འབྲེལ་གྱི་དཔྱད་ཡིག་མཐོང་དཀོན་པས་རེ་ཞིག་ཁུངས་ཕེར་བའི་གཏམ་ཞིག་བརྗོད་ཐབས་བྲལ། བོད་ཀྱི་གནའ་སྲོལ་ཡིག་ཚང་ཁག་ལ་གཞིགས་ན། བོད་དབུས་ཀྱི་ཤར་ཕྱོགས་སུ་ཡོད་པའི་ཡུལ་ཁམས་ཁག་ལས་ཐོག་མར་མདོ་སྨད་དང་། དབྱར་མོ་ཐང་དང་། ཙོང་ཁ་ཆེ་ཆུང་སོགས་ལོ་རྒྱུས་ཀྱི་ཡིག་ཚང་དུ་འཁོད་ཡོད། ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ན་ཙོང་ཁ་བདེ་ཁམས་སུ་གྲགས་པ་མཁས་དབང་དགེ་ཆོས་ཀྱིས་གསུངས། མདོ་སྨད་ལ་བལྟོས་པའི་མདོ་སྟོད་ཅེས་པའི་བརྡ་ནི་བསྟན་པ་ཕྱི་དར་རྗེས་དང་། ཁྱད་པར་བོད་ཆོལ་ཁ་གསུམ་གྱི་རྣམ་དབྱེ་བྱུང་ཚུན་ཆད་ད་གཟོད་གདགས་གཞི་ཁྱད་པར་བ་ཞིག་གི་འདོགས་བྱེད་དུ་གྱུར་ཡོད། མདོ་སྟོད་སྨད་གཉིས་ཀྱི་སྤྱི་མིང་ལ་མདོ་ཁམས་ཞེས་བྱ་དགོས་པར་སྣང་ཡང་། སྤུ་རྒྱལ་བཙན་པོའི་དུས་ཀྱི་ཡིག་ཚང་ལ་ལའི་སྐད་ཆའི་གནས་སྐབས་ལ་གཞིགས་ན། དབྱར་མོ་ཐང་དང་། དབུས། མདོ་ཁམས་བཅས་ནི་ཡུལ་ཁམས་ཆེན་མོ་གསུམ་གྱི་ཚུལ་དུ་གནས་པས། འདིའི་སྐབས་ཀྱི་མདོ་ཁམས་ནི་ཆུ་བཞི་དང་སྒང་དྲུག་གི་ཕྱོགས་གཏོགས་ཀྱི་ཡུལ་གྲུ་རྣམས་ཡིན་པར་ངེས་སོ། །ཡང་མདོ་ཁམས་ལ་ཐོག་མར་སྒང་གསུམ་དང་ཕྱིས་ནས་སྒང་དྲུག་ཅེས་པའི་ཁྱད་པར་བྱུང་ཡང་། སྒང་གསུམ་ནི་མདོ་སྟོད་སྨད་གཉིས་ཀར་ཁྱབ་པའི་སྤྱི་མིང་ཞིག་དང་། སྒང་དྲུག་ནི་མདོ་སྟོད་ཕྱོགས་ཀྱི་ཡུལ་གྲུའི་མིང་དུ་སྣང་བས། གྲངས་ཀྱི་མང་ཉུང་གིས་ཡུལ་གྱི་དབང་རིས་ཆེ་ཆུང་མཚོན་མི་ནུས། སྒང་གི་ཟླས་ཕྱེ་བའི་མིང་ལ་ཤོད་ཅེས་བྱ་བས། སྟོད་ཀྱི་འབྲི་རུ་ནག་ཤོད་ནས་སྨད་ཀྱི་སྡེ་དགེ་རྨེ་ཤོད་བར་དུ་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཅེས་ཀུན་ལ་གྲགས་པ་ཡིན།
ཅོ་ནེ་ནི་རྒྱ་ཡུལ་དང་ཉེ་བའི་ཆ་མདོ་ཁམས་སྨད་ཨ་མདོའི་སར་ཡོད། བོད་དབུས་ལ་བལྟོས་ན་ལེ་དབར་བརྒྱ་སྟོང་མང་པོས་ཆོད་པའི་ཤར་སྣེར་ཆགས་ཡོད་ཀྱང་། ཡུལ་མིའི་འདུ་ཤེས་འཛིན་སྟངས་དབུས་དང་ཁ་ཐག་ཉེ་བའི་ཚུལ་དུ་གནས་ཡོད་པ་གཤམ་ནས་འབྱུང་། ང་རང་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླེབས་པ་ནས་བཟུང་ཅོ་ནེའི་ཕྱོགས་སུ་ལྗོངས་རྒྱུར་བསྐྱོད་པའི་འདུན་པ་ཞིག་ཞེ་ལ་ཡོད་ཀྱང་། སློབ་སྦྱོང་དང་དོན་མེད་པའི་བྲེལ་ཟིང་གིས་རེ་ཞིག་སེམས་ཀྱིས་བསམ་སར་ལུས་ཀྱིས་མ་ཐེགས་པར་འགོར། ད་ཐེངས་འབུམ་རམས་བསླབ་གནས་དཔྱད་རྩོམ་གྱི་བགྲོ་གླེང་ལེགས་པར་གྲུབ་སྟེ་ལུས་སེམས་དལ་ལ་བབས་པའི་སྐབས་དང་བསྟུན། གྲོགས་དགའ་བོ་ཅོ་ནེ་བ་ཆས་པ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཡིག་འཕྲིན་བསྐུར་ཡོང་སྟེ་ཁོ་པའི་ཕ་ཡུལ་ལ་ཡོང་རྒྱུའི་གྲོས་མགོ་བཏོན་པས། ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད་པར་ལ་འུར་ཁས་ལེན་བྱས་པ་ཡིན། དེའི་ཕྱི་ཉིན་ཏེ། སྤྱི་ལོ2023ལོའི་ཟླ6པའི་ཚེས4ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་ལན་གྲུ་ནས་མེ་འཁོརK2618ལ་བསྡད་ནས་མིན་ཇུར་བསྐྱོད་པ་ཡིན། ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་མིན་ཇུའི་མེ་འཁོར་ས་ཚིགས་སུ་འབྱོར་བ་ན། གྲོགས་ཀྱིས་དཀར་གཙང་དར་ཡུག་ཅིག་དང་ལེགས་སོའི་གཏམ་གྱིས་ཕྲན་ལ་བསུ་མ་བྱས་བྱུང་།
ང་ཚོ་མིན་ཇུ་ནས་ཐད་ཀར་ཅོ་ནེའི་ཕྱོགས་སུ་མ་བསྐྱོད་པར་ཐོག་མར་མིན་ཇུ་ཆོས་སྡེ་ལ་མཇལ་སྐོར་དུ་ཕྱིན་པ་ཡིན། མིན་ཇུ་ཞེས་པ་རྒྱའི་སྐད་དུ“岷州”ཞེས་འབྱུང་ལ་ད་ལྟའི་མིན་རྫོང(岷县)གི་ཡུལ་གྲུ་རྣམས་ལ་བྱ། དེ་ལ་བོད་ཀྱི་ཡིག་ཚང་རྣམས་སུ་མན་ཇུ་དང་མིན་ཇུ་དང་། མུན་ཇུ་སོགས་ཅི་རིགས་འབྱུང་ཡང་། སྤྱི་ལོ1430ལོར་བཞེངས་པའི་རྡོ་རིང་དུ། མིན་ཇུ་ཞེས་འབྱུང་ལ། མཁར་ནག་ལོ་ཙཱ་བའི་ཆོས་འབྱུང་དུའང་དེ་བཞིན་འབྱུང་བས། འདི་ཉིད་ཁུངས་བཙུན་པར་མཐོང་། སྤྱི་ལོ763ལོར་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། དམག་དཔོན་ཆེན་པོ་ཞང་མཆིམས་རྒྱལ་ཟིགས་ཤུ་ཐེང་དང་བློན་སྟག་སྒྲ་ཀླུ་ཁོང་གཉིས་ཀྱིས་ཀེང་ཤེར་དམག་དྲངས་པའི་སྐབས་སུ་མིན་ཇུ་སོགས་བོད་ཀྱི་དབང་རིས་སུ་ཐོག་མར་བཙུད་པ་ནས་བཟུང་སྤྱི་ལོ1073བར་དུ་ཡང་དག་པ་བོད་ཀྱི་རིས་སུ་གྱུར། སྨད་སིལ་ཆད་ནས་བཟུང་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་འདྲིས་དང་འགྲོ་འོང་རྒྱ་ཆེར་དར་བས། ཡུལ་དེའི་ཡུལ་གོམས་གཤིས་ལུགས་དང་། འཚོ་ཐབས་ཁ་འཛིན་སོགས་ཀྱང་བོད་རྒྱ་འདྲེས་མའི་རྣམ་པར་གྲུབ། ད་ཆ་ཡུལ་གྱི་སྙིང་པོ་རྣམས་སུ་རྒྱ་མི་རིགས་རྣམས་འཚོ་ཡང་མཐའི་རི་སྡེ་འགའ་ལ་ཅོ་ནེ་བའི་འབྲོག་སྡེ་ཆགས་ཡོད་སྐད།
མཁར་ནག་ལོ་ཙཱ་བས། རྒྱ་ཟུང་ཇུ་ཆོས་སྡེ་ནི་དེ་རུ་ཚང་ཆོས་རྗེས་བཏབ་པ་དང་། མིན་ཇུ་ཆོས་སྡེ་ནི་རྒྱ་བླ་མ་བསོད་ནམས་བཟང་པོ་བཞུགས་ཞེས་གསུངས་ཀྱང་། མིན་ཇུ་ཆོས་སྡེ་འདེབས་མཁན་ནི་དེ་རུ་ཚང་ཆོས་རྗེ་ཡིན་པར་མངོན། དེ་རུ་ཚང་ཞེས་པ་དོན་ལ་དེ་ཚང་ཞེས་པ་ཡིན་ཏེ། «མདོ་སྨད་ཆོས་འབྱུང»དུ། ཆོས་སྡེ་དེ་ཉིད་ཀྱི་འདེབས་པ་པོ་མིན་ཇུ་དཔལ་ལྡན་བཀྲ་ཤིས་ཀྱི་མཚན་གཞན་ལ་དེ་ཚང་ཆོས་རྗེ་ཞེས་ཞུ་བའི་ཚུལ་བཀོད་ཡོད། ཆོས་སྡེ་དེའི་མཚན་གྱི་རྣམ་གྲངས་ལ། ཏུན་ཟིའམ་ཆོས་སྡེ་དགོན་ལྷུན་གྲུབ་བདེ་ཆེན་གླིང་ངམ། ཏའི་ཁྲུང་ཀྱའུ་ཟིའམ་ཏའུ་ཋུང་ཀྱའུ་ཟི། བསྟན་པ་མཐོ་བའི་སྡེ་ཆེན་པོ་བཅས་སོ། །དེ་ལས་ཆོས་སྡེ་དགོན་ལྷུན་གྲུབ་བདེ་ཆེན་གླིང་ཞེས་པ་བོད་སྐད་ཀྱི་མཚན་ཡིན་ལ། ཏའུ་ཋུང་ཀྱའུ་ཟི(大崇教寺)ཞེས་པ་མིང་གོང་མས་གནང་བའི་རྒྱ་སྐད་ཀྱི་མཚན་ཏེ། བོད་སྐད་དུ་བསྟན་པ་མཐོ་བའི་སྡེ་ཆེན་པོ་ཞེས་པའོ། །འོན་ཀྱང་ཡོངས་གྲགས་ཀྱི་མཚན་ལ་ཏུན་ཟི(东寺)སྟེ། ཤར་དགོན་ཞེས་གྲགས། དགོན་པ་དེ་ཉིད་མིན་ཇུ་ཡུལ་ནས་འཁྲུངས་པའི་བོད་ཀྱི་མཁས་པ་ཆེན་པོ་གུ་ཤྲི་ཆེན་པོ་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་དཔལ་བཟང་པོས་སྤྱི་ལོ1415ལོར་ཐོག་མར་ཕྱག་བཏབ། 1429ལོར་མིང་གོང་མ་ཟྭོན་དེ་ཁྲི་ལོ་བཞི་པར(大明宣德四年)རྒྱ་བསྐྱེད་ཅིང་གཙུག་ལག་ཁང་བཞེངས་ནས་ཡ་མཚན་ཆེ་བའི་རྣམ་ཐར་རྡོ་རིང་ལ་བཀོད། ཟྭོན་དེ་ཁྲི་ལོ་དྲུག་པ་སྟེ། སྤྱི་ལོ1431ལོར་བསྟན་པ་གོ་ཤྲི་ཤཱཀྱ་ཤྲི་དཔལ་བཟང་པོ་ལ་གཏད་དེ་བཤད་གྲྭ་དང་སྒྲུབ་གྲྭ་མྱུར་དུ་གཟུག་རྒྱུའི་སྐུལ་མ་མཛད། ཤཱཀྱ་ཤྲིས་གདན་ས་ལོ་བཅུ་བསྐྱངས་པའི་རྗེས་སུ་སླར་ཡང་གོ་ཤྲི་ཆེན་པོ་ཆོས་གྲུབ་བཟང་པོ་ལ་གཏད།
བསྟན་པ་མཐོ་བའི་སྡེ་ཆེན་པོ་ནི། ཀན་སུའུ་ཞིང་ཆེན་ཏིན་ཞི་གྲོང་ཁྱེར་མིན་ཇུ་རྫོང་མེ་ཁྲོན་གྲོང་རྡལ་ས་ཙི་རི་བོའི་རྒྱབ་ཏུ་ཆགས་ཡོད། དབུས་སུ་ཡོད་པའི་འདུ་ཁང་ཁ་བྱང་དུ་གཏད་ཡོད་ཅིང་། མདུན་ངོས་སུ་བོད་ཡིག་དང་རྒྱ་ཡིག་འཁོད་པའི་རྡོ་རིང་ནུབ་ནས་ཤར་དུ་སྔ་ཕྱིར་བསླངས་ཡོད་ལ། རྡོ་རིང་ཡི་གེའི་ངོས་གཉིས་ཀ་ལྷོ་རུ་གཏད་འདུག རྡོ་རིང་གཉིས་ཀྱི་མདུན་ངོས་ན་སྔར་གྱི་ལྕགས་རིའི་ཤུལ་དུ་ལུས་པའི་གྱང་རོ་ཞེང་ལ་མཐོ་བཅུ་གཉིས་ལྷག་ཙམ་དང་། དཔང་ལ་མི་ཚད་གསུམ་ཙམ་ཞིག་འདུག་པས། ཆོས་སྡེ་འདི་ཉིད་སྔར་དབང་ཐང་དང་གཟི་བརྗིད་ཤིན་ཏུ་ཆེ་བའི་ཚུལ་ཡང་རྗེས་སུ་དཔོག་ནུས། དགོན་གྱི་རྒྱབ་ངོས་ནུབ་ཕྱོགས་ནས་ཀླུ་ཆུ་ཁམ་པ་བྱང་ནས་ལྷོ་རུ་འབབ། དགོན་དེར་ད་ཆ་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་དང་གདུང་རྒྱུད་མཚུངས་པ། བོད་ཀྱི་མི་རྒྱུད་དུ་རློམ་པ། རུས་ལ་ཧའོ(后)ཞེས་བྱ་བ་རྒད་པོ་བོད་སྐད་མི་ཤེས་མཁན་ལོ་དོན་གཉིས་ཅན་ཞིག་གིས་བདག་སྐྱོང་བྱེད་བཞིན་མཆིས།
མིན་ཇུ་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ནི། རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པའི་ལོ་ཆེན་ཞིག་ཡིན་པར་མ་ཟད། དབུས་སུ་ཕེབས་ཏེ་རྗེ་བདག་ཉིད་ཆེན་པོ་དང་། རྒྱལ་ཚབ་རྗེ། འདུལ་འཛིན་གྲགས་པ་རྒྱལ་མཚན། ཀརྨ་པ་དེ་བཞིན་གཤེགས་པ་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ཟབ་ཆོས་མཐའ་ཡས་པར་གསན་ལ། ཀརྨ་པ་སོགས་བོད་ཀྱི་བླ་ཆེན་མི་ཆེན་རྣམས་རྒྱ་ནག་ཏུ་ཕེབས་སྐབས་གསུང་སྒྱུར་ལོ་ཙཱའི་ཁུར་བཞེས་མྱོང་ཞིང་། མིན་ཇུ་སོགས་སུ་ཡོད་པའི་བོད་རྒྱ་མི་རིགས་ཀྱི་འཁྲུག་ལོང་དང་སྡེ་གཟར་མང་པོ་འདུམ་པར་མཛད་པས། ཕྱི་ནང་གཉིས་ཀས་རྩིས་ཆེན་བྱེད།
བསྟན་པ་མཐོ་བའི་སྡེ་ལ་མཇལ་ཁ་ཞུས་རྗེས་ལམ་ཞོར་ནས་མིན་ཇུ་རྫོང་དམངས་སྲོལ་རིག་གནས་འགྲེམ་སྟོན་ཁང་དུ་ལྟད་མོར་ཕྱིན། གུང་ཟས་སྟབས་བདེ་ཞིག་ལ་རོལ་རྗེས་ཐད་ཀར་ཀླུ་ཆུ་ཁམ་པ་དང་ལྡོག་འགྲོས་ཀྱིས་ཅོ་ནེའི་ཕྱོགས་སུ་བསྐྱོད་པ་ཡིན། ཀླུ་ཆུའི་ཆུ་མགོ་བོད་ན་ཡོད་པས། ཆུ་མགོ་ཀླུའི་ཆབ་བྲག་ནས་ཅོ་ནེའི་བར་དུ་ཀླུ་ཆུ་ཞེས་བརྗོད་ཀྱང་། མིན་ཇུའི་ཕྱོགས་ལ་ཐོན་རྗེས་ཐོ་ཆུ(洮河)ཞེས་བྱ། འདི་ཉིད་ལན་གྲུ་གྲོང་ཁྱེར་ཡུན་ཅིན་རྫོང(永靖县)སྟེ། སྔར་ཁྲི་སྲོང་གི་དམག་དཔོན་ཞང་རྒྱལ་ཟིགས་དང་ཞང་སྟོང་རྩན་ལ་སོགས་པས་བུམ་ལིང་ལྕགས་ཟམ་བརྒལ་ཏེ་དྲ་ཆེན་དྲངས་པའི་གནས་སམ། བྱམས་པ་འབུམ་གླིང་ཞེས་བྱ་བ་ཐང་རྒྱལ་རབས་ཀྱི་སྔ་གཞུག་ཏུ་བོད་རྒྱ་མི་རིགས་གཉིས་ཀྱིས་བཞེངས་པའི་ལྷ་ཆེན་པོ་དང་། སྒྲུབ་ཕུག དགོན་གནས་སོགས་མང་དུ་གནས་པའི་ཉེ་འདབས་ནས་རྨ་ཆུ་དང་འདྲེས་ཏེ་ཤར་དུ་རྒྱུའོ། །ཀླུ་ཆུ་དང་ཐོ་ཆུ་དང་རྨ་ཆུ་སོགས་ཀྱང་ཆུ་རྒྱུད་ཀྱི་མིང་ཙམ་དུ་མ་ཟད། གཞུང་ཆུ་ལས་ཡུལ་གྱི་མིང་དུ་བཏགས་པར་སྣང་བས། ཡུལ་སྡེ་དང་ཆུ་རྒྱུད་ཀྱི་རྣམ་དབྱེ་སྐབས་ཐོབ་བཞིན་གོ་བར་རིགས་སོ། །འོན་ཀྱང་། རྒྱའི་སྐད་ཀྱི“州”ཞེས་པ་བོད་ཀྱི་གནའི་བརྡ་ལ་ཅུ་ཞེས་བྱ་བ་དཔེར་ན་ཤ་ཅུ་དང་ཀྭ་ཅུ་དང་། ཀམ་ཅུ་ལྟ་བུའོ། །དེ་ལ་ཕྱིས་ནས་ཇུ་དང་ཆུ་སོགས་ཀྱང་སྤྱད་པར་སྣང་བས། བརླན་ཞིང་གཤེར་བའི་ཆུ་དང་མི་འཛོལ་ཕྱིར་སྔར་གྱི་བརྡ་སྤྱད་ན་ལེགས་པར་སྣང་། ཁྱད་པར་ཐོ་ཆུའི་སྟོད་རྒྱུད་ཅོ་ནེ་སོགས་སུ་སྔར་ཐོ་ཅུ(洮州)ཞེས་བྱ་བ་རྒྱའི་ཡིག་ཚང་ཁག་ནས་འབྱུང་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་རྣམ་ཐར་ལས་ཀྱང་། ཇི་སྐད་དུ། “མདོ་སྨད་ལྷོ་ཡི་ཕྱོགས་ཆ་ཐོའུ་ཇུའི་ཡུལ། །མདོ་སྔགས་བསྟན་པ་ཟུང་འབྲེལ་འབྱུང་གནས་སུ། །དཔོན་ཕྲན་མང་ཡང་རྒྱུ་སྐར་དབུས་ན་ནི། །ཟླ་བ་ཉ་བ་ལྟ་བུར་རབ་གསལ་བ། །ཅོ་ནེ་དཔོན་ཞེས་ས་སྟེང་ཁྱབ་པར་གྲགས། །”ཞེས་གསུངས། དེས་ན། ཐོ་ཆུ་དང་མིན་ཇུ་ཞེས་པ་སོགས་ཀྱང་རྒྱ་ཡིས་འཛིན་པའི་མིང་དུ་སྣང་བ་གོང་སོང་ཤ་ཅུ་དང་ཀྭ་ཅུ་སོགས་ལ་སྦྱར་ན་གོ་སླ།
ཅོ་ནེ་ཞེས་པའི་ཡུལ་མིང་གི་ཐོགས་ཚུལ་ལ། རྗེ་འཇིགས་མེད་དབང་པོ་ན་རེ། “ཁམས་གསུམ་སྐྱེ་རྒུའི་གཙུག་རྒྱན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་སེ་ཆེན་རྒྱལ་པོས་གདན་དྲངས་ཏེ། རྒྱ་ནག་ཏུ་ཕེབས་པའི་ཚེ་ལམ་བར་དུ་ད་ལྟའི་ཅོ་ནེའི་ལུང་པ་འདིར་བྱོན་ཏེ། གནས་འདི་ས་པྲ་ཤིན་ཏུ་བཟང་བས་དགོན་པ་ཞིག་བཏབ་ན་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ཞེས་ལུང་བསྟན། ཁྱད་པར་གནས་དེ་ན་ཅོ་ཤིང་ཡ་མཚན་ཅན་ཞིག་ཡོད་པར་གཟིགས་ནས།དགོན་པའི་མིང་ལ་ཅོ་ནེ་དགོན་ཞེས་ཐོགས་གསུངས།”ཞེས་པ་ལྟར། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཅོ་ཤིང་ཞེས་པའི་སྐྱེ་དངོས་ཡ་མཚན་ཅན་ཞིག་ལ་གཟིགས་ཏེ་ཅོ་ནེ་དགོན་ཞེས་གདགས་དགོས་ཚུལ་བསྐུལ་བར་གྲགས། ད་ཆ་ཅོ་ཤིང་ཞེས་པའི་རྩི་ཤིང་ཞིག་མཛུབ་མོ་བཙུགས་ཏེ་འདིའོ་ཞེས་ངོས་གཟུང་དཀའ་ནའང་། གསོམ་ཤིང་མང་བར་བལྟས་ན། ཅོ་ཤིང་ཞེས་པ་དོན་ལ་གསོམ་ཤིང་ཨེ་ཡིན་སྙམ་ཡང་མ་ངེས། ཇི་ལྟར་ནའང་ཅོ་ནེའི་སྟོད་སྨད་དུ་ནགས་ཚལ་གྱི་རྫོང་ཤིན་ཏུ་སྟུག་གཤིས། ཤིང་ལ་རྒྱུ་མཚན་དུ་བྱས་ཏེ་ཡུལ་གྱི་མིང་ཐོགས་པའི་གཏམ་ནི་ངེས་པར་ཡིད་རྟོན་རུང་བའི་གནས་སུ་མཐོང་། དེ་ལྟར་ཅོ་ནེ་དགོན་དང་། ཅོ་ནེ་དཔོན་སོགས་སྔ་ཕྱིར་བྱུང་བས། ཅོ་ནེ་དཔོན་གྱི་མངའ་ཞབས་ཡུལ་སྡེ་ལ་ཅོ་ནེ་ཞེས་སྒོས་མིང་སྤྱི་ལ་ཁྱབ་པ་ལྟར་དུ་སྣང་།
ཅོ་ནེའི་སྟོད་སྨད་དུ་ཡོད་པའི་ཡུལ་ལུང་འགའི་མིང་ལ་གནའ་ལུང་དང་། ར་ལུང་། གླང་ལུང་། སྤྱང་ལུང་ཞེས་བྱོལ་སོང་གི་མིང་གིས་ཐོག་དྲངས་པའི་ཡུལ་མིང་འགའ་ཡང་སྣང་བས། ཡུལ་འདིར་གདོད་ནས་བོད་པ་རྣམས་གཞིས་ཆགས་ཏེ་ཡུན་རིང་འགོར་བ་ས་མིང་གི་ཚོམས་འདིས་ཤེས་ནུས་སྙམ། ས་མིང་གི་ཚོམས་ལ་ཐུན་མིན་ཁྱད་གཤིས་ཤིག་ཡོད་པ་ནི། རང་བྱུང་གི་ས་བབ་གནས་སྟངས་དང་ཆར་ཆུའི་དྲོ་གྲང་མཚུངས་པའམ། རྩོལ་བྱུང་གི་ཡུལ་གོམས་གཤིས་ལུགས་དང་སྐད་དང་ཆ་བྱད་འདྲ་བ་རྣམས་ཀྱིས་ས་མིང་ཡང་ཕྱོགས་མཚུངས་པར་སྤྱོད་པ་ཡིན། དེ་འདྲ་བའི་མཚུངས་དཔེ་བོད་ལ་ཤིན་ཏུ་མང་སྟེ། དཔེར་བརྗོད་ན། ཀླུ་ཆུ་དང་རྨ་ཆུ། བསང་ཆུ། འབྲུག་ཆུ་ལྟ་བུ་ཆུ་དང་འབྲེལ་བའི་ས་མིང་དང་། ལི་ཐང་དང་། འབའ་ཐང་། རྒྱལ་ཐང་། འཛམ་ཐང་ལྟ་བུ་ཐང་དང་འབྲེལ་བའི་ས་མིང་། སྟོད་ཀྱི་ནག་ཤོད་ནས་སྨད་ཀྱི་རྨེ་ཤོད་བར་དུ་ཡོད་པའི་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཤོད་དང་འབྲེལ་བའི་ས་མིང་། སྦྲ་ཆེན་དང་། ནང་ཆེན། སྟེང་ཆེན། རི་བོ་ཆེ། བ་ཆེན་ལྟ་བུ་ཆེན་དང་འབྲེལ་བའི་ས་མིང་། ཀོང་པོ་དང་། ཉང་པོ། ལོང་པོ། དྭགས་པོ་ལྟ་བུ་པོ་དང་འབྲེལ་བའི་ས་མིང་ལྟ་བུའོ། །དེ་ལྟའི་ས་མིང་གི་ཚོམས་སུ་གྲུབ་པའི་མིང་རྣམས་ཤིན་ཏུ་རྙིང་ཞིང་ཡུལ་དེ་དག་ཏུ་གདོད་ནས་ཐུན་མོང་གི་འདུ་ཤེས་དང་ཚོ་པའི་ལམ་ལུགས་གྲུབ་ཟིན་པ་དེང་གི་རིག་པ་སྨྲ་བ་རྣམས་ཀྱིས་བཤད་པས། ཅོ་ནེའི་ཡུལ་དུ་དུས་རབས་བཅུ་གསུམ་གོང་ནས་བོད་ཀྱི་མི་སྡེ་ཚོ་པའི་རྣམ་པར་གྲུབ་ཡོད་པའང་ཤུགས་ཀྱིས་རྟོགས་ནུས་སྙམ་ལ། བྱོལ་སོང་གི་མིང་ཡུལ་དང་ཚོ་པ། རི་དང་ལུང་པར་སྦྱོར་བའི་སྲོལ་བོད་མདོ་དབུས་ཁམས་གསུམ་ཐུན་མོང་ལ་མངའ་བའི་རིག་གནས་བག་ཆགས་ཤིག་ཡིན་པ་རང་རང་གི་སྐབས་དང་སྦྱར་ན་ཤེས་སླ།
ཅོ་ནེ་རྫོང་དུ་མ་བསླེབས་པའི་གོང་ལ་ཐོག་མར་གླང་ལུང་ཞེས་པའི་ཡུལ་དུ་ཕྱིན། ལུང་པ་དེར་དག་ཡིག་ཁོག་སྐད་པ། ཅོ་ནེའི་བཀའ་བསྟན་གྱི་པར་གཞིའི་ཤིང་གི་ཐོན་ཁུངས་སུ་གྲགས་པའི་མཛེས་ལྗོངས་ཉམས་དགའ་བ་ནགས་མ་ཚལ་ཞིག་འདུག གནས་དེ་ནས་ཡུན་རིང་རྫས་ལུད་ཀྱིས་གོས་པའི་ཁོག་ནང་གི་རླུང་དང་སེམས་ནང་གི་རེ་དོགས་ལ་བྱི་དོར་ཨེན་ཙམ་བྱ་རྒྱུའི་སྐལ་བ་སྨིན། ཡུལ་གྲུ་ཉམས་དགའ་བ་འདི་འདྲ་ལག་གིས་བསྙབས་ཏེ་རུམ་དུ་གཞུག་རྒྱུ་བྱུང་ན་ཅི་མ་རུང་ཨང་སྙམ་པའི་བརྣབ་སེམས་ཀྱང་སྐྱེས། དུས་ཚོད་ཅེས་པ་བསྒུགས་ན་དལ་གྱིས་འཇབ་འོང་ཞིང་། མ་བསྒུགས་མྱུར་དུ་རྫོགས་འགྲོ་བས། འཁྲེང་སེམས་ལྗིད་ཏིག་གེ་བ་ཞིག་དང་སྦྲགས་རེ་ཞིག་དག་ཡིག་ཁོག་དང་མི་འབྲལ་ཀ་མེད་བྱུང་།
དག་ཡིག་ཁོག་གི་མདོ་རུ་ནོར་བུ་ཚེ་རིང་ཞེས་འབོད་པ་རྒད་པོ་ལོ་དོན་བདུན་ཅན་ཞིག་དང་རྒྱ་བོད་འདྲེས་མའི་སྐད་ཀྱིས་བླ་བོ་ཨེན་ཙམ་བྱས། ཁོ་པས་ཡུལ་དེའི་མི་རྣམས་ལས་ད་ཆ་ལོ་ན་ལྔ་བཅུ་ཡན་གྱིས་བོད་སྐད་འཆད་ཉན་ནུས། ལྔ་བཅུ་མན་དང་སུམ་ཅུ་ཡན་གྱིས་ཉན་ནུས། སུམ་ཅུ་མན་གྱིས་གཉིས་ཀ་མི་ནུས་ཞེས་བཤད་པས་སེམས་པ་སྟོང་ཧང་ཧང་བྱས་བྱུང་། ཁོ་པའི་སྐད་ཀྱི་གཤིས་ལས། བདུན་ཅུ་རྩ་བདུན་ལྟ་བུ་བརྡ་རྙིང་པའི་རྣམ་པར་ཡོད་ལ། ཕྱེད་ལ་ཚེད་ལྟ་བུ་ཁམས་སྐད་དང་མཚུངས། གཞན་ཡང་རླངས་འཁོར་ལ་ཤིང་རྟ་ཞེས་བརྗོད་པ་ནི། དངོས་པོ་གསར་པ་ལ་བརྡ་རྙིང་པས་མཚོན་པ་ངོ་མཚར་ཆེ། གལ་ཏེ་ཁོམ་གླགས་ངེས་ཅན་ཞིག་ཡོད་པའི་དབང་དུ་བཏང་ན། གུས་པ་ཉིན་ཞག་འགའ་རེར་གནས་དེར་བསྡད་ནས་ཡུལ་དེའི་སྐད་དང་རིག་གནས་ལ་དྲན་པ་ཉེ་བར་གཞག་ངེས་ཀྱང་རེ་ཞིག་ཐབས་ཟད། ཡོངས་ནི་བོད་ཀྱི་ཡུལ་སྐད་ཆེན་མོ་གསུམ་ལས་ཅེ་ནེ་བའི་སྐད་གཤིས་ཁམས་སྐད་ཀྱི་ཁོངས་སུ་བསྡུ་བར་སྣང་ཡང་། བརྡ་དང་ཐ་སྙད་རང་སྟེང་ལ་ཁྱད་པར་གྱི་ཆོས་མང་དུ་ཡོད་པར་ངེས།
དགོང་མོར་ཅོ་ནེ་དགོན་དགའ་ལྡན་བཤད་སྒྲུབ་གླིང་ངམ། རྒྱ་ནག་གོང་མ་ཁང་ཞི་ཡི་ལུང་གིས་ཏིང་འཛིན་དར་རྒྱས་གླིང་ཞེས་བྱ་བའི་དགོན་པའི་རྟེན་དང་བརྟེན་པར་མཇལ་སྐོར་ཞུས། གདན་སའི་དགེ་བཤེས་ལྷ་རམས་པ་བྱམས་པ་རྒྱ་མཚོ་མཆོག་གིས་དབུས་སྐད་དང་ཅོ་སྐད་འདྲེས་མས་ཅོ་ནེར་བཞུགས་པའི་རྟེན་རྙིང་འགངས་ཆེན་རྣམས་ལ་ཆེད་དུ་མཇལ་སྐལ་བྱིན་པར་མ་ཟད། རྟེན་བཤད་ཀྱང་ལེགས་པར་གནང་བས་བག་ཆགས་ཀྱི་གཞི་རུ་སིམ། གོང་དུ་སོང་བ་ལྟར་ཅོ་ནེ་དགོན་ནི་ཐོག་མར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལུང་བཞིན་རབ་བྱུང་ལྔ་པའི་ཤིང་ལུག་ལོ་སྟེ། སྤྱི་ལོ1295ལོར་བཏབ་པ་དང་། རབ་བྱུང་བརྒྱད་པའི་ས་ཡོས་ཏེ། སྤྱི་ལོ1459ལོར་རྗེ་དགེ་འདུན་གྲུབ་པའི་ལུང་བསྟན་བཞིན་ཆོས་རྗེ་རིན་ཆེན་ལྷུན་པོས་དགོན་པ་སྔར་ས་སྐྱ་པ་ཡིན་པ་ལ་དགེ་ལུགས་སུ་བསྒྱུར་ཏེ་རང་ཉིད་ཆོས་ཁྲིར་འཁོད། ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་སྟེ། སྤྱི་ལོ1714ལོར་མཚན་ཉིད་བཙུགས་པ་དང་། དེ་ནས་བགྲང་བྱ་བཅུ་དྲུག་པ་ས་བྱ་སྟེ། སྤྱི་ལོ1729ལོར་རྒྱུད་གྲྭ་བཙུགས། དགོན་དེར་མཆོད་རིང་ལྟ་བུའི་དུས་སུ་གྲྭ་པ་སྟོང་ཕྲག་གཉིས་དང་བཞི་བརྒྱ་ལྔ་བརྒྱའི་སྐོར་ཚོགས་པ་འབྱུང་ཞིང་གཞན་ནི་ངེས་པ་མེད་པ་སོགས་རྒྱས་པར་ཅོ་ནེ་གྲགས་པ་བཤད་སྒྲུབ་དང་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་སོགས་ཀྱི་གསུང་དུ་གསལ། དགོན་གྱི་འདབས་འབྲེལ་དུ་ཅོ་ནེ་དཔོན་གྱི་ཕོ་བྲང་ཡོངས་འདུས་རྒྱལ་ཁབ་ཡོད་པར་གྲགས་པ་བདག་གི་མཐོང་ཆོས་ཀྱི་ཡུལ་དུ་མ་གྱུར་མོད། གསར་དུ་བསྐྲུན་པའི་གཞིས་ཀ་ཞིག་ནི་རྫོང་དང་ཁ་ཐག་ཉེ་བའི་ཤར་ཕྱོགས་སུ་འདུག
གོང་དུ་བཤད་པ་ལྟར། ཅོ་ནེ་ནི་བོད་ཡུལ་དབུས་ལ་བལྟོས་ན་ཤར་མཐའ་རུ་གནས་ཡོད་ཀྱང་མཐའ་འཁོབ་ཏུ་གཞར་ཡང་མ་གྱུར་ཏེ། དགའ་ལྡན་ཁྲི་རབས་ཉེར་དགུ་པ་བཤེས་གཉེན་གྲགས་པ(1546-1615)སོགས་སྔ་ཕྱིར་དགའ་ལྡན་ཁྲི་པ་དྲུག་དང་ཁྲི་རབས་བདུན་ཅོ་ནེ་ནས་བྱོན་ལ། བོད་ཀྱི་རྒྱལ་པོར་གྲགས་པ་ཚེ་སྨོན་གླིང་པ་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་ཡང་ཅོ་ནེ་ནས་བྱོན། ལྷག་པར། དུས་རབས་བཅོ་བརྒྱད་པའི་སྟོད་དང་དཀྱིལ་ལ་ཅོ་ནེ་དཔོན་ཆེན་དམག་ཟོར་མགོན་པོ་དང་བསྟན་སྲུང་ཚེ་རིང་གཉིས་ཀྱི་རིང་ལ་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བརྐོས་ཤིང་བསྟན་པའི་རྟེན་དུ་བཞུགས་སུ་གསོལ་བས། ཤིན་ཏུ་ངོ་མཚར་བར་གྱུར། ལུང་པ་ཆུང་ཡང་ས་པྲ་ལེགས་པ་དང་། མི་ཚོགས་སྲབ་ཀྱང་མི་སྤུས་དག་པའི་སྣོད་བཅུད་ཉམས་དགའ་བ་འདི་འདྲར་ཡིད་ཀྱི་བརྟན་པ་དབང་མེད་དུ་ཤོར། ཁ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར། ཨ་མའི་བུ་ཡིན་པ་མང་ཡང་། གསེར་ལ་གཡུ་སྤྲས་པ་ལྟ་བུ་མ་མཛངས་བུ་མཛངས་དགའ་ལྡན་གྱི་སེང་ཁྲི་ནོན་པ་ཅོ་ནེ་བ་མང་བའི་རབས་ལ་བལྟས་ན། ཡུལ་འདིའི་གདོད་ཀྱི་མི་རྣམས་ཡ་རབས་གོང་མའི་སྲོལ་འཛིན་པ། ཕ་མེས་མཛངས་པའི་རྗེས་སྙེག་པ། བཟང་པོར་དཔེ་བྱེད་པ། ངན་པར་སུན་འབྱིན་པ། ཆེ་དགུ་གཙུག་ཏུ་བཀུར་བ། ཆུང་དགུ་འོག་ནས་སྐྱོར་བ་སོགས་གཅིག་སྣེ་གཅིག་ཁྲིད་ཀྱི་མི་ཆོས་གཙང་མའི་རྣམ་ཐར་བསྐྱངས་མྱོང་བ་གོར་མ་ཆག་ལ། སྤྱང་ཐཱི་སོགས་ནས་རྒྱལ་རྒྱུད་ཉི་ཤུའི་བར་དུ་གདུང་མ་འགྱུར། རབས་མ་ཆད། ཁྲི་མ་ཤོར་བའི་བྱུང་བ་ལ་བལྟས་ཀྱང་། མེས་བློན་གོང་མའི་ཐུགས་ཟིན་པ། ཆབ་འོག་འབངས་མིའི་བློ་ནོན་པ། ཕྱི་ཡི་དགྲ་ཐུལ་བ། ནང་གི་གཉེན་འཁྱོངས་པའི་རྒྱལ་པོ་དཔའ་ལ་མཛངས་པ་ཤ་སྟག་བྱུང་བར་སྣང་།
སྤྱིར་མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེ་བ་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་ཚུལ་བྲག་དགོན་པ་སོགས་སྔ་རབས་མཁས་པ་རྣམས་ཀྱིས་བཤད། བྱེ་བྲག་ཏུ་ཅོ་ནེ་པ་རྣམས་སྲོང་བཙན་གྱི་དམག་ཡིན་པའི་ངག་སྒྲོས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་དུ་དྲངས་ཡོད། ཅོ་ནེ་དཔོན་ཆེན་གྱི་གདུང་རྒྱུད་སྐོར་ལ། སྔོན་གཉའ་ཁྲི་བཙན་པོའི་རྒྱལ་རྒྱུད་ཅིག་ལ་སྲས་མེད་པར་ལྷ་ལ་གསོལ་བ་བཏབ་པས་ནམ་མཁའ་ནས་རང་བྱུང་གི་སྒྲ་དང་བཅས་བུ་ཞིག་མདུན་དུ་བྱུང་བར་ཡིད་ཤིན་ཏུ་དགའ་བས་རུས་མིང་དགའ་རུ་དྲངས་ཞེས་སྤུ་རྒྱལ་བོད་ཀྱི་རྒྱུད་པར་གཏུགས་ཡོད། ཅོ་ནེའི་བླ་མ་དཀར་པོའི་གདན་ས་ཆས་པ་གཤིས་སམ་ཆོས་དཔལ་ཞིང་དགོན་བཀྲ་ཤིས་ཆོས་འཁོར་གླིང་དུ་བཞུགས་པའི་ཇོ་བོའང་ལྷ་སའི་ཇོ་བོ་ལ་སྤྱན་ལྟོས་བྱས་ཏེ་གསར་དུ་བསྐྲུན་པས། ལྷ་སར་མ་བསླེབས་ཀྱང་བཀྲ་ཤིས་ཆོས་འཁོར་ནས་ཇོ་བོར་མཇལ་ན་ལྷ་སའི་ཇོ་བོར་མཇལ་བའི་བྱིན་རླབས་དང་ཁྱད་པར་མེད་པར་འདོད་པ་སོགས་མདོར་ན། མདོ་སྨད་པ་སྤྱི་དང་། ཁྱད་པར་བོད་རྒྱ་མི་རིགས་གཉིས་ཀྱི་འདྲེས་མཚམས་སུ་ཡོད་པའི་བོད་པ་རྣམས་ཀྱིས་ཡུལ་དབུས་ལ་བཅངས་པའི་ལྷག་བསམ་དང་རིགས་ཀྱི་འདུ་ཤེས་ཤིན་ཏུ་བཙན་པར་མཐོང་བས། སྤྱི་དང་བྱེ་བྲག་མ་ཕྱེད་པར་བྱུང་རྒྱལ་དུ་ཨ་མདོའི་སྤྲང་པོ་ཞེས་དམོད་མི་བྲ་བ་ཡུལ་དངོས་སུ་བསྐྱོད་ན་ཉམས་སུ་མྱོང་ཐུབ།
དགོང་ཟས་སུ་ཅོ་ནེ་རྫོང་དུ་ཡོད་པའི་བོད་ཟས་ཁང་གངས་ལྗོངས་ཨ་མ་ཞེས་པ་ནས་ཡུལ་ལུང་དེ་གའི་ལུགས་ཀྱི་འདུག་ཆས་ཁྱད་པར་བའི་སྟེང་ནས་ལོངས་སུ་སྤྱད། ལྷག་པར་ཡུལ་དེའི་རྒོད་སྐྱེས་རི་སྙིག་ལྟ་བུའི་རོ་ཐོག་མར་མྱངས། ཅོ་ནེ་བའི་སྐད་ལ་རྣ་བར་ཞིབ་པར་བླགས་ཚེ། ཉང་ལོང་ཀོང་གསུམ་གྱི་སྐད་གཤིས་དང་ཁ་ཐག་ཉེ་བར་མཐོང་ཡང་། སྣང་མི་སྣང་སོགས་དབུས་སྟོད་མལ་གྲོ་དང་འཕན་ཡུལ་སོགས་ཀྱི་བརྡའི་སྤྱོད་སྲོལ་དང་ཕལ་ཆེར་མཚུངས། ཡང་ཐ་སྙད་ལ་ལ་ཞིག་ནི་བར་ཁམས་ནག་ཤོད་སོགས་ཀྱི་སྤྱོད་སྲོལ་དང་ཤིན་ཏུ་ཉེ་བར་སྣང་།
ཅོ་ནེའི་མཚན་ལྗོངས་ཀྱང་འཁོར་ཐོག་ནས་ཡོངས་སུ་བལྟས་རྗེས་ད་གཟོད་གྲོགས་ཀྱི་ཤག་ཏུ་ཐོན་ཏེ་ངལ་གསོ་བརྒྱབ། ཕྱི་ཉིན་མུ་མཐུད་དེ་ཀླུ་ཆུ་ཁམ་པ་དང་ལྡོག་འགྲོས་ཀྱིས་བླ་མ་དཀར་པོའི་གདན་ས་དང་གྲོགས་ཀྱི་ཕ་ཡུལ་སྐེ་རགས་གྲོང་དུ་ཕྱིན། ཚང་ཚིང་གཡུ་ལོས་བརྒྱན་པའི་ནགས་ལྗོངས་དང་། ཞིང་དང་ཁང་ཁྱིམ་གྱིས་སྟར་བའི་ཡུལ་པ། གསེར་འོད་ལམ་ལམ་འཕྲོ་བའི་དགོན་སྡེ། ལྷ་ཆོས་མི་ཆོས་ཀྱི་རྣམ་དབྱེ་གསལ་བའི་སེར་སྐྱ་ཕོ་མོའི་བྱ་བྱེད་སོགས་ཁ་པར་གྱི་པར་མིག་ཏུ་ཡང་ཡང་བླངས་ཀྱང་། བདག་གི་ཞེན་ཆགས་ཁོ་ན་པར་གྱི་རི་མོར་མ་ཕོབ་པར་ཅོ་ནེའི་ཕྱོགས་སུ་ལུས་སོང་། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།