༄༅། །གསེར་ལྡན་ལྷོ་གྲོང་ལ་བསྔགས་པ། དཔལ་ཀུན་བཟང་།
རྩོམ་པ་པོ།:དཔལ་ཀུན་བཟང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-12-01 08:37:52
ཀློག་གྲངས།:
༄༅། །གསེར་ལྡན་ལྷོ་གྲོང་ལ་བསྔགས་པ་རྫོགས་ལྡན་དཔྱིད་ཀྱི་རོལ་མོ།
---མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར༧༠ལོན་པར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་ཕུལ་བ།
དཔལ་ཀུན་བཟང་།
རྒྱལ་ཆེན་ཚངས་པའི་རྒྱུད་དུ་སྤྲུལ་བ་ཡི། །
མཛེས་ལྡན་ནམ་མཁའི་བུ་མོ་སྔོ་བསངས་མ། །
གསེར་ལྡན་འཛིན་མའི་ཕང་བར་བྱོན་འདྲ་བའི། །
མཚོ་ཆེན་གཡུ་ལོང་གོར་མོ་སྲིད་པའི་རྒྱན། །
དེ་ཡི་ལྷོ་ངོགས་འཛིན་པའི་ཁྲི་འཕང་ན། །
བ་གམ་ནོར་བུའི་འོད་ཀྱི་ཕྲེང་ཚོགས་ཀྱིས། །
ཡོངས་སུ་བརྒྱན་པའི་གསེར་ལྡན་ལྷོ་ཡི་གྲོང་། །
ཆབ་འགག་གསེར་གཞོང་རིང་མོའི་ཕང་བར་ལྟེམས། །
མཚོ་ལྷོ་ཞེས་གྲགས་འཛིན་མའི་ངོས་ཡངས་སུ། །
ཤར་གྱི་རྨ་ཡུལ་ནུབ་གྱི་སྤྲེལ་རྫོང་དང་། །
ལྷོ་ཡི་མང་རྫོང་བྱང་གི་གསེར་ཆེན་བཞི། །
སྟོད་ཀྱི་འབའ་ཡུལ་རིན་ཆེན་སྣ་ལྔ་འདྲ། །
འདི་ན་རྨད་བྱུང་གནའ་བོའི་གཏམ་ཚོགས་ཀྱི། །
སྙན་པ་རིང་དུ་བརྡོལ་བའི་སྒྲུང་རབས་དང་། །
འཁྲུངས་པ་བདེན་པར་གྲུབ་པའི་ལོ་རྒྱུས་ཀྱི། །
ངོ་མཚར་འོད་སྟོང་རྫོགས་པའི་དན་རྟགས་བརྗིད། །
ཕྱོགས་བཞིར་གངས་རིའི་མུ་འཁྱུད་ཕྲེང་བ་ཡི། །
ཡོངས་སུ་བསྐོར་བའི་ཡུལ་གྱི་དབུས་གཞོངས་སུ། །
སྣ་མང་སྐྱེ་དངོས་འབུམ་གྱི་མགུལ་རྒྱན་དང་། །
སྒོ་ཕྱུགས་རི་དྭགས་རྒྱུ་བའི་དཔལ་གཡང་འཁྱིལ། །
ཡུལ་འདིར་དགུན་གསུམ་དཀར་པོ་ཤེལ་གྱི་མདོག །
དབྱར་གསུམ་སྔོན་པོ་གཡུ་ཡི་རང་མདངས་གསལ། །
སྟོན་གསུམ་སེར་པོ་གསེར་གྱི་ཞུན་མའི་ལྗོངས། །
དཔྱིད་གསུམ་ཁྲ་བོ་གཟུ་ཡི་བཀྲག་མདངས་འཚེར། །
རྨ་སྨད་ལུང་བརྒྱའི་སྣོད་ཀྱི་ཞབས་མཐིལ་དུ། །
བཏབས་པའི་དཀར་ནག་ཁྲ་ཡི་འབྲུ་དྲུག་གིས། །
ཡོངས་གང་རྣང་ཞིང་གྲུ་བཞིའི་དགའ་ཚལ་ཅན། །
ཀླུ་དབང་རྒྱལ་པོའི་མཛོད་དང་མཉམ་པར་གནས། །
གསེར་ལུང་ས་འཛིན་ཕུང་བོའི་ཕྱོགས་ཀུན་གྱི། །
ཡན་ལག་བརྒྱད་དང་ལྡན་པའི་འབབ་ཆུའི་ཚོགས། །
འབའ་མང་ཧང་གཞོངས་སོགས་ཀྱི་ཁོང་ནང་ནས། །
ཡུན་དུ་བརྡོལ་བའི་ལྷ་ཆབ་སྐྱེ་འགྲོའི་གྲོགས། །
རི་རབ་ལྷུན་པོའི་ཕྲེང་ཚོགས་རྔམ་བརྗིད་ཀྱིས། །
བརྟན་དུ་འགྱིང་བའི་སེང་གེ་གནམ་མཆོངས་ཅན། །
ཟོར་དགུ་དཔལ་ཐུལ་བཱ་ཡན་གཉན་ཆེན་སོགས། །
ཡུལ་འདིའི་ས་འཛིན་ཕང་བའི་བརྒྱན་དུ་དཔྱངས། །
ཤར་འཛིན་རྨ་ཡུལ་ཁྲི་ཀའི་རྫོང་ཆེན་དུ། །
མི་ཉམས་རྟེན་གསུམ་ནོར་བུའི་ཕོ་བྲང་དང་། །
བཙན་གཉན་ལྷ་ཆེན་བརྗིད་པའི་ཉམས་སྣང་སོགས། །
མཐོང་བ་ངོ་མཚར་སྟོང་གི་སྒྲུང་རབས་གསལ། །
མི་ཉག་མཆོད་རྟེན་ལོ་རྒྱུས་དཔང་བོར་འཛུམ། །
ཇོ་ཇོ་ལྷ་ཁང་བྱིན་རླབས་མཆོག་ཏུ་འབར། །
ལྷ་མཆོག་དཀར་པོ་བྱམས་པ་རང་སྐྱེས་དང་། །
གདོང་སྣ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སྐྱིད།།
འགངས་ཆེན་རྟེན་བཞི་བྱིན་རླབས་གཟི་འོད་འབར། །
བཙན་པོ་ལྷ་གསུམ་བསྡོངས་གྲོགས་འཕྲིན་ལས་མྱུར། །
གཉན་པོ་གདོང་གསུམ་སྣོད་ཀྱི་བཀོད་པ་བརྗིད། །
རྨ་ཡུལ་རྟེན་རྫོང་མཚོ་ལྷོའི་རྒྱན་དུ་མཆིས། །
སྐྱེས་ཆེན་དམ་པའི་གསེར་གྱི་བཀའ་ལུང་གིས། །
དྲངས་པའི་ལྷ་གཉན་འཕྲུལ་གྱི་མཐུ་སྟོབས་ཅན། །
མཛད་པ་ཕྱོགས་མཐར་འཕྲོས་པའི་འོད་དཀར་གྱིས། །
འབངས་རྣམས་དཔལ་དུ་རོལ་བའི་གྲོགས་སུ་མཆིས། །
སྟོད་རྒྱུད་གངས་ཀྱི་རི་བོའི་ཁོང་ནང་ནས། །
མ་ཐུབ་རྔམ་གྱིས་བརྡོལ་བའི་རྨ་ཀླུང་འགྲོས། །
གྲོང་རོང་སྟོང་གི་རྔམ་ཁ་བརྒྱུད་པའི་མཐར། །
ཁྲི་ཀའི་གཞོངས་ནས་ཀུན་ལ་ལྟ་ཞིང་འབབ། །
གཟི་བྱིན་རིག་པའི་དཔལ་ཡོན་གཏེར་དུ་བརྡོལ། །
གནའ་སྲོལ་ནོར་བུའི་དོ་ཤལ་ལེགས་འཆང་བའི། །
མང་རྫོང་གཡང་གི་ར་བའི་བསྟི་གནས་འདི། །
དགེ་བཅུ་མ་ལུས་ཚང་བའི་གནས་ཀྱི་མཆོག །
སྟོད་དུ་སྤང་ལུང་འཛིན་པའི་འབྲོག་ཡུལ་མཛེས། །
སྨད་དུ་རྣང་ཞིང་སྲུང་བའི་རོང་ཡུལ་སྐྱིད། །
རོང་འབྲོག་ནོར་བུ་གཡང་གི་ཁ་སྤྲོད་ཅན། །
ཕུན་ཚོགས་འདོད་དགུ་འབྱུང་བའི་ས་ཡི་སྙིང་། །
མང་ཡུལ་འཇག་རི་སུམ་མདོའི་མར་གཤམ་དུ། །
སྒྲུབ་གནས་ངོ་མཚར་འོད་ཀྱི་ཞིང་ཁམས་ཤིག །
གྲུབ་པའི་སེང་གེ་ཆོས་ཀྱི་རྒྱལ་མཚན་གྱིས། །
ཉམས་ལེན་རྩེ་རུ་བརྡོལ་སའི་གནས་ཀྱི་མཆོག །
ཆོས་སྤྱོད་དྲིལ་བུའི་གདངས་སྙན་མ་འགག་པར། །
ཟབ་ཡངས་ལུང་རྟོགས་ཐུགས་སུ་འདེགས་པ་ཡི། །
ཀླུ་ཚང་ཐར་ཤུལ་ཐོ་ལས་དབེན་པའི་ལྗོངས། །
ནང་རིག་འོད་སྣང་འབྱེད་པའི་དཔལ་གྱི་སྡེ། །
སྲོལ་རྒྱུན་བཟོ་རིག་རླབས་ཀྱི་ཟེགས་མ་ལས། །
འཐོར་བའི་མང་ཡུལ་གཙགས་དྲུབ་རིག་པ་འདི། །
ལྷ་མོའི་སྤྲུལ་བའི་ཕྱག་གིས་བསྒྱུར་བ་བཞིན། །
མཛེས་སྡུག་སྣང་བའི་གཟུགས་ཅན་ཀུན་ལ་རྒྱན། །
ཕྱྭ་གཡང་འབྱོར་ཕྱུག་འཁོར་དུ་འདྲེན་པ་ཡི། །
མང་རྫོང་ལུག་ཆུང་མུ་ཏིག་ནག་པོ་ཞེས། །
མཚན་སྙན་རིང་དུ་བརྡོལ་བའི་བྲག་ཅའི་སྐད། །
ཕ་རོལ་ལུང་པའི་རྒྱབ་ན་སྙན་ཅིང་གསལ། །
གར་གྱི་ལྡེམ་མྱུར་ལྷོད་ཀྱིས་འཁྱུག་པ་དང་། །
ཨ་རྩེད་སྙན་པའི་འགྱུར་ཁུགས་འགུག་པ་ལ། །
བྱ་གཞུང་མཛེས་མའི་ལུང་པར་དར་ཆེ་བས། །
མཚར་སྡུག་སྟོང་གི་འདུ་ར་ཞེས་བྱར་གྲགས། །
མང་ར་གསེར་གྱི་ལུང་པའི་གཞོངས་རྒྱུད་དུ། །
འབྲུ་དྲུག་དུད་པའི་སྙེ་མ་སྐྱོམས་པའི་གར། །
བདེ་སྐྱིད་འཚོ་བའི་འཛུམ་དང་སྡེབ་པ་ན། །
དཔལ་ཡོན་དུས་ཀྱི་ཡོ་ལང་འཁྲིས་སུ་རྩེན། །
མཉམ་སྡོད་མི་རིགས་མེ་ཏོག་སྤང་ལ་བཞད། །
གཅིག་ལས་གཅིག་མཛེས་དཔལ་གྱི་ལང་ཚོ་རྫོགས། །
བརྩེ་བའི་མཐུན་སྒྲིལ་གསེར་ཟམ་འོད་དུ་འཚེར། །
མང་རྫོང་གཞིས་ཁྱིམ་གོར་མོ་རྣམ་པར་མཛེས། །
སྟོད་ཀྱི་མཐོན་པོ་བཅུ་གསུམ་ལྕགས་རིའི་མཁར། །
སྨད་ཀྱི་བློན་པོ་བཅུ་གསུམ་གཡང་གི་མཛོད། །
བར་གྱི་རྫོང་རི་གནའ་ཤུལ་གཏེར་གྱི་ཁུངས། །
འབའ་ཡུལ་གཡང་ལྡན་ཕྱུག་མོ་དཔལ་དུ་ལྷུང་། །
མཚོ་ལྷོའི་ནོར་འཛིན་སྒེག་མོའི་འགྲམ་སྟེགས་སུ། །
ཐུན་མིན་གསེར་གྱི་དོ་ཤལ་འཆང་བ་ཡི། །
འབའ་ཡུལ་རྫོང་རི་རིན་ཆེན་གཏེར་གྱི་མཛོད། །
རྨད་བྱུང་ལོ་རྒྱུས་ཟློ་བའི་གྲོགས་སུ་གཏམས། །
རིག་པའི་བྱེ་བས་གཏམས་པའི་མཁའ་དབྱིངས་སུ། །
འབའ་ཡུལ་ས་འཛིན་སྒེག་མོའི་ཕང་བ་ནས། །
འཁྲུངས་པའི་སྐྱེས་ཆེན་གསེར་རིའི་ཕྲེང་བ་གང་། །
དེང་འདིར་གདེངས་བའི་དཔུང་བ་མངོན་པར་མཐོ། །
སྡེ་ལ་འབྲོག་སྡེ་སྟོང་གི་སྐར་ཚོགས་བཀྲ། །
ཁྱིམ་ལ་མེས་པོའི་སྲོལ་གྱི་དར་ལུགས་ཡག །
གཤིས་ལ་སྒམ་བརླིང་མངའ་བའི་ངང་ཚུལ་ཅན། །
འབའ་ཡུལ་མཐོང་ཁྱབ་ཁྲི་སྡེ་གཞན་ལས་འཕགས། །
འབའ་ཡུལ་ནོར་གནག་མཁའ་ཡི་སྐར་ཚོགས་ལྟར། །
ཡངས་པའི་སྔོན་མོ་སྤང་ལ་བཀྲམ་པའི་ཚེ། །
གཡང་རྟེན་རུ་མའི་ལོངས་སྤྱོད་འཛོམས་གྱུར་ཏེ། །
དཔལ་ཡོན་སྟོན་ཟེར་ཟླ་བའི་རྗེས་སུ་རྩེན། །
ཀུན་ཕན་ལས་བརྩོན་འཆམ་མཐུན་ཡོང་ཕྱིར་དུ། །
རི་འཛེག་མཆོང་རྒྱུགས་ལུས་ཀྱི་རྩལ་དྲུག་ལ། །
རྫོང་རི་གསེར་གྱི་མིང་བྱང་བཏགས་ནས་ནི། །
དམངས་ཡོངས་ལུས་སྦྱོང་བདེ་བའི་ཡུལ་དུ་སྐུལ། །
ཐོན་ལས་གསར་སྤེལ་འཆར་ཀའི་ཉི་ཟེར་བཞིན། །
ཡུན་གྱིས་མཁའ་ལ་འཕགས་པའི་འགྲོས་སྟབས་ཉིད། །
གང་ནས་བལྟས་ཀྱང་གཟེངས་སུ་གྲུབ་པའི་གནས། །
ཡང་དག་ཁ་ཕྱོགས་འཚོལ་བའི་ཐབས་ཀྱི་མཆོག །
མཛེས་སྡུག་རྫོགས་པ་དཔྱིད་ཀྱི་དཔལ་མོའི་གྲོགས། །
དེར་གནས་འདབ་ཆགས་རི་དྭགས་བག་ཕེབས་རྒྱུ། །
བྱིན་ཆེན་རྟེན་གསུམ་ནོར་བུ་མགུལ་དུ་དཔྱངས། །
བྲག་དཀར་སྤྲེལ་གྱི་རྫོང་ཆེན་འགྲོ་བའི་རྒྱན། །
དགེ་བཅུ་ས་ཡི་ལེགས་ཚོགས་མ་ལུས་པ། །
གཅིག་ཏུ་འདུ་བའི་སྤྱན་རས་ལྷ་ཡི་ཞིང་། །
ཤིང་ནགས་གྲུབ་ཆུ་རི་བོའི་ཉམས་དགའི་ཚུལ། །
མཐོང་བའི་མོད་ལ་ལོག་པའི་སྣང་བ་ཡལ། །
མཚུངས་མེད་མཆོག་གི་སྐུ་དང་གསུང་གི་རྟེན། །
ངོ་མཚར་རང་བྱོན་གཟུགས་ཀྱི་བྱིན་རླབས་མཐུས། །
ཏིང་འཛིན་ཞི་བའི་ཤེས་རབ་བསྐྱེད་པའི་སྡེ། །
ཡུལ་འདིའི་འགྲོ་ཀུན་འཕེལ་བའི་རྒྱན་དུ་མཆིས། །
སྤྲེལ་རྫོང་ཞེས་བྱའི་མཚན་གྱི་ཡལ་འདབ་ལས། །
འཐོར་བའི་ས་མིང་མུ་ཏིག་འོད་ཀྱི་ཚོམས། །
ཧང་རྫོང་ཞེས་པའི་གྲོགས་སུ་ཟློས་པའི་ཚེ། །
བྲག་དཀར་རྫོང་ཞེས་སྙན་པ་རང་དུ་འབྱོར། །
ཧོལ་གཞུང་རྩྭ་ཐང་ཡངས་པའི་དབུ་སྟོད་ན། །
རྣམ་པར་དགེ་བའི་ཆོས་རྗེ་ཀླུ་མཁར་ཞེས། །
སྙན་པའི་དོ་ཤལ་རབ་མཐོ་གྲགས་པ་ཅན། །
མཁྱེན་ལྡན་མཁས་མང་རྩེན་པའི་འདུ་ར་འོ། །
ཁོར་ཡུག་ཟླ་ཤེལ་བརྩེགས་པའི་ས་འཛིན་ལ། །
ཆབ་དཔལ་དུས་ཀྱི་ལང་ཚོ་མ་རྙིངས་པར། །
སྤྱི་ཚོགས་གོང་དུ་བསྐྱོད་པའི་ལྷ་ཡི་སྐས། །
ལྷོ་བཞུད་སྤྲིན་གྱི་ཕུང་བོའི་གར་དང་བསྡོངས། །
རང་བྱུང་གཏེར་གྱི་དངོས་གྲུབ་འཕེལ་བའི་ལྗོངས། །
འབྱོར་ཕྱུག་དཔལ་གྱི་ཡོན་ཏན་འཁྱིལ་བའི་གནས། །
སུམ་འཛོམས་གཡང་ལྡན་མྱ་ངན་མེད་པའི་གྲོང་། །
བདེ་ལྡན་འདོད་གཟུགས་ཅན་གྱི་སྨོན་པའི་ཡུལ། །
མི་རིགས་མཐུན་སྒྲིལ་སྤུན་བཞིའི་གྲོགས་སུ་སྡེབ། །
གྲོང་གསེབ་དར་སྤེལ་ཡར་ངོའི་ཟླ་བཞིན་འཕེལ། །
སྤྱི་ཚོགས་བརྟན་བརླིང་ཐང་ཤིང་སྔོན་མོ་བཞིན། །
གང་དུའང་ཉམས་པ་མེད་ལ་དར་བའི་གནས། །
དཀར་མོ་གཡས་སུ་འཁྱིལ་བའི་ཁུག་པ་ན། །
བརྗིད་ཉམས་སྟོབས་ཀྱི་ཁེངས་པ་མ་བཟོད་པར། །
ཆུ་ལག་སྟོང་གི་འུར་སྒྲར་སྐད་ཅིག་ཏུ། །
རྒོལ་བའི་ཆུ་གློག་བཟོ་སྐྲུན་རྔམ་ཞིང་བརྗིད། །
ངག་རྒྱུན་ལྷ་རབས་གསེར་གྱི་འཁོར་ལོས་བསྒྱུར། །
བརྗིད་ཆགས་མཚར་ཉམས་མངའ་བའི་གདེངས་ཀ་མཐོ། །
ཆེན་པོ་བཀའ་དབང་འཛིན་པའི་རྒྱལ་མཚན་ཅན། །
བློན་པོ་གསེར་གྱི་སྤྲིན་འཛིན་མཐོངས་བའི་རྒྱན། །
ནོར་འཛིན་དབྱིབས་ལེགས་བཀོད་པའི་འཁྲིས་ངོགས་སུ། །
འབབ་པའི་ལྷ་ཆབ་གྲོགས་སུ་བསྡོངས་པའི་མཐུས། །
ཆབ་ཆ་ཞེས་བྱའི་མཚན་ཡང་ཐོགས་གྱུར་ཏེ། །
མདོ་སྨད་དབྱིག་འཛིན་སྒེག་མོའི་ཕང་བར་སྙན། །
ཡུལ་འདིའི་ས་ཡི་འདབ་ཟུང་འཕོས་པའི་ལྟོར། །
ཕུན་ཚོགས་བྱེ་བས་བལྟམས་པའི་ལོངས་སྤྱོད་དང་། །
ཚན་རྩལ་རིག་འཕྲུལ་འཁྱུག་པའི་འདུ་སྣང་སོགས། །
རྫོགས་ལྡན་དཔྱིད་ཀྱི་ཡོ་ལང་རྣམ་པར་རྒོད། །
སྐྱེ་ཁམས་སྲུང་འཛིན་བགྱི་བའི་བློས་བསྐུལ་ནས། །
མྱ་ངམ་བྱེ་ཐང་རླུང་གི་འཚུབ་མའི་ཁམས། །
ཡང་དག་ཐབས་ཇུས་ལེགས་པོས་སྲུང་གྱུར་ཏེ། །
ལྗང་མདོག་གཡུ་ལོའི་གོས་ཆེན་གདན་དུ་བཏིངས། །
གསེར་ཆེན་འཛིན་མ་ཡངས་པའི་ཁྲི་སྟེང་ན། །
མཚོ་ཆེན་རྒྱལ་མོ་ལ་ཡང་ཅོ་འདྲི་བའི། །
མཐིང་ཞུན་བཏུལ་ཐང་ཤེལ་གྱི་རྫོང་ཆེན་ཉིད། །
ཕུན་ཚོགས་ནོར་གཡང་སྩོལ་བའི་གཏེར་གྱི་སྒོ། །
ཤེས་བྱའི་གན་མཛོད་སྦྲུམ་པའི་ཆུ་འཛིན་ལས། །
གསུང་རབ་ཡན་ལན་རབ་རྒྱས་འབྲུག་སྒྲའི་དབྱངས། །
འཛམ་གླིང་མཛེས་པའི་རྒྱན་དུ་མངོན་བཞད་པ། །
མཚོ་ལྷོའི་ཡོངས་འཛིན་དེང་འདིའི་དཔལ་དུ་ལྡེམ། །
སྲིད་ཇུས་ཉི་འོད་ཟེར་ལས་རབ་འཕྲོས་པའི། །
ཕུན་ཚོགས་ལེགས་བྱས་ལྷ་ཡི་འོད་སྣང་གིས། །
དམངས་རྣམས་འབྱོར་བའི་དཔལ་ལ་ཉེར་དྲངས་པས། །
དབུལ་ཕོངས་ཞྭ་གོས་འདི་ནས་རིང་དུ་སྤྱུགས། །
ལྔ་རིག་སློབ་གསོའི་སྐལ་བ་དཔལ་དུ་འཁྱིལ། །
ཁང་ཁྱིམ་བསྟི་གནས་གདེངས་ཅན་ཡུལ་ལ་འགྲན། །
གང་དུའང་ཉམས་པ་མེད་ལ་འཕེལ་འགྱུར་བའི། །
རྫོགས་ལྡན་དུས་ཀྱི་ཡོ་ལང་འཁོར་དུ་བལྟམས། །
ལོ་རྒན་བདུན་ཅུར་སོན་པའི་རྟེན་སྐྱེས་སུ། །
སྙན་ཚིག་ཙམ་གྱི་རྒྱུད་མངས་དཀྲོལ་བ་འདི། །
དྲུག་འགྱུར་ཚངས་པའི་གདངས་སུ་བཀུར་གྱུར་ཏེ། །
ཐོས་འཛིན་དཔལ་མོ་སྒེག་པའི་ཉམས་སུ་ཞུའོ། །
2023.10.11ཉིན་གྲུབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།