གདོན་མིག་གི་ལྷུག་རྩོམ་སྙན་ངག
རྩོམ་པ་པོ།:གདོན་མིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-12-06 14:51:29
ཀློག་གྲངས།:
རལ་གྲིའི་ཕྲག་དོག
གདོན་མིག
དུས་ཚོད་ཀྱི་སྣེ་མོར་འཛིངས་པའི་མེ་ཏོག་སྐྱ་བོ་དེ་ག་ལས། གྲིབ་མ་དང་གཤོག་པའི་བར་དུ་སྨིན་པའི་རོ་བཅུད་ལེན་དུ་མེད་ཀྱང་། རླུང་གི་ཕྱེ་ལེབ་ཁྲ་ཁྲ་དེས། ནམ་གུང་གི་སྐར་འོད་ངོགས་སུ། ཁ་གཏད་གཅོག་ཐུབ་པའི་རོལ་མོ་ཞིག་དཀྲོལ་སོང་། དེ་ནི། དགུན་ཁའི་ཁ་བ་དང་འདྲ།
གླུ་སྐད་བོར་བའི་གཙང་བོ། ང་རྒྱལ་གྱི་དཀྱིལ་འཁོར་དུ་འབབ།
སྒྱུ་མའི་རྨི་ལམ་འཁྲུགས་པའི་ས་རྡུལ་གྱི་ཚོགས་ཀྱིས། ཁྲག་དང་ཞེ་འཁོན་མེད་པའི་ཟློས་གར་འཁྲབ་ཀྱིན། ང་ཚོ་ལ་ལག་གཡུག་གཏོང་། སྐྱེད་ཀ་ལྷག་མ་འཕར་བའི་འཛུམ་མདངས་དེའི་འོག་ཏུ། ང་ཚོས། ཡང་དང་བསྐྱར་དུ་རེག་མྱོང་བའི་སྒོ་སམ་དེའི་ངོས་སུ། ལོ་ན་ཆུང་དུས་འབྲི། ལོ་ན་ཆུང་དུས་ཀྱི་རྨི་ལམ་སྒྱུ་མ་འབྲི།
རྒོད་པོ་དང་བྱེའུ་ནོར་བའི་ཉེས་མིང་གིས། ཁྱེད་ཀྱིས། ས་གཞི་དང་ནམ་མཁའ། སྤྲིན་དཀར་སོགས་ལ་སྐྱོན་བརྗོད་ཀྱི་སྙན་ངག་མང་དུ་ཕུལ།
རྟོག་འཆར་གྱིས་བཞེངས་པའི་བར་སྣང་གི་ཕ་ཡུལ། མ་འོངས་པའི་དུས་ཚོད་ཀྱི་རྩྭ་ཐང་ལ་འཕུར་སོང་། འཇའ་ཚོན་ནི་སྣང་བ་འཁྲུལ་བྱེད་ཀྱི་ཉོན་མོང་དེ་ཡིན་ན། མཐོང་རེག་གིས་ཟིན་པའི་སྒོ་ཁྱིའི་ཟུག་སྐད་རེ་རེ། མི་ཡུལ་གྱི་བྲག་ཅར་བརྐོས་པའི་རི་མོའི་ཨ་ལོང་རེ་རེ་ཡིན་ཆོག་ཨང་། འོན་ཀྱང་། དྲག་ཆར་བབས་པའི་ལོ་ཟླ་དེ་དག རྙིང་ཧྲུལ་དུ་གྱུར་བའི་ལྷམ་ཡ་གཅིག་དང་འདྲ་བར། ཆེས་ཕལ་བའི་གནས་མལ་དུ་ལྷུང་། མེ་ལྕེ་དེའང་དེ་བཞིན། འབྲུག་སྒྲ་དེའང་དེ་བཞིན།
མུན་ནག་གི་སྲང་ལམ་དེ་རུ། ལྐོག་ཉན་པ་ཚོ་ཡང་ཡང་འཆི་ལམ་དུ་འདེད་རྩིས་མེད་ཀྱང་། ཨར་འདམ་གྱི་རྡོ་གཅལ་དུ་བཞད་པའི་མེ་ཏོག་ལ། ང་ཚོས་ཡིད་འོང་གི་བརྩེ་དུང་གཡར་ཆོག ཐ་ན། རལ་གྲིའི་ཕྲག་དོག་ཀྱང་དབྱར་ཆོག
ལྷགས་རླུང་གི་དྲོད་ཁོལ་ལ་གཡེང་ནས། ལུ་གུ་ཞིག ཁ་བའི་ལྗོངས་ཀྱི་དགུན་ཁ་མང་པོ་ཞིག་བརྒལ་ཐུབ་སོང་།
གང་ལྟར། གྲིབ་མ་དང་རྣོ་ལྕགས་འདྲིས་མའི་མཚན་མོ་འདི། དུས་རབས་ཤིག་གི་སྐྱོ་གར་ངོས་སུ་འབྱར་བའི་དབྱངས་རྟ་ཇི་བཞིན། སུ་དང་གང་གི་མི་ཚེའི་བདེ་སྡུག་ལ་ཟིམ་ཡོད། མཐའ་དང་དབུས་མེད་པར། དབྱིབས་དང་རྣམ་པ་མེད་པར། སྒྲ་དང་དྲི་མེད་པར། སུ་དང་གང་གི་རྨི་ལམ་དུ་ཐིམ་ཟིན།
རྟ་ཕོ་ཅང་ཤེས་ཀྱི་འཚེར་སྐད་ཁོ་ན། མི་ཡུལ་འདི་རུ་ལྷག
རལ་གྲིའི་ཕྲག་དོག་ཁོ་ནའང་། འབྱམས་ཀླས་པའི་མཚན་མོ་འདི་རུ་ལྷག
༢༠༢༣/༡༡/༢༠མཚན་མོར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།