བོང་སྟག་རི་ལུར་ཕུལ་བའི་སྙན་ངག

རྩོམ་པ་པོ།:མགར་ཐང་དཀར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-18 10:22:46 ཀློག་གྲངས།:
བོང་སྟག་རི་ལུ་ནི་སྙན་ངག་པ་ཞིག་ཡིན།
                                      ——རྒན་བོང་སྟག་རི་ལུ་ལགས་རྐྱེན་ལམ་དུ་ཤོར་བ་ཐོས་ཕྲད་སེམས་ཀྱི་གདུང་བ་ཚིག་ཏུ་བསྡུས་པ།
མགར་ཐང་དཀར།

ད་ནི་སེར་ལོ་གོན་པའི་ལྗོན་ཤིང་གི་བཀྲག་མདངས་ཉམས་པའི་དུས་ཚིགས་ཤིག་རེད།
མིའི་ནང་སེམས་ལ་གྲང་འདར་རྒྱག་པའི་དུས་ཚིགས་ཤིག་རེད།
གྲང་ཤུར་ཤུར་གྱི་དགུན་གཞུང་འདིར།
ངས་ཐ་སྙད་གསོན་པོར་སྐྱབས་བཅོལ་བའི་སྙན་ངག་པ་ཞིག་དྲན་གྱིན་ཡོད།
ཁོས་བརྩམས་པའི་ཞིམ་ཤ་ཅན་གྱི་འབྲོག་གླུའི་བྲོ་བ་རེ་རེ་བཞིན་མྱོང་གིན་ཡོད།

ཚོར་བའི་ཕྱི་ནང་ལ་ཞིབ་འཛུལ་ཐེངས་ཤིག་བྱས་ན།
བོང་སྟག་རི་ལུ་ནི་འབྲོག་སྐད་ལ་ཤིན་ཏུ་ལོབས་པའི་འབྲོག་པ་ཞིག་རེད།
ཁ་སྐད་ཀྱི་སྡེབ་སྦྱོར་མཐར་ཕྱིན་པའི་ཡི་གེ་བའི་མིང་བྱང་གལ་ཆེན་ཞིག་རེད།
ལན་རེར་བསམས་ཤིང་བསམ་ན་བོང་སྟག་རི་ལུ་ནི་སྲིད་པའི་གླུ་རྒན་ཞིག་ཀྱང་རེད།
ཡིན་ཡང་ནང་སེམས་ཀྱི་དགུན་ཁ་ནི་སྐད་ཅིག་ཉིད་ལ་སླེབས་བྱུང་།

བཏགས་ན་མི་ཐུབ་པའི་ཁ་སྐད་སྙན་ངག་ཟེར་བའི་རྒྱ་སྟག་ངར་མ་དེ།
དེ་རིང་གངས་འདབས་ནས་ཡང་བསྐྱར་གངས་རྩེར་འཕགས་ཏེ།
རང་ཉིད་ཀྱི་བདག་པོ་ངོ་སྤྲོད་བྱེད་ཀྱིན་འདུག
སད་སྔ་བའི་ཐོ་རེངས་ཀྱི་སྐར་ཆེན་ཕྲག་པར་ཁུར་ནས།
འབྲོག་སྐད་ཀྱི་ལང་ཚོ་སྙན་ངག་གི་སྒྱེ་ལས་བཏོན་ཏེ་ངར་སྐད་སྒྲོག་གིན་འདུག

སྐབས་འདིར་ངས་བོང་སྟག་ཟེར་བའི་འབྲོག་སྡེ་ཆེན་པོ་ཞིག་ཡིད་ལ་འཁོར།
འབྲོག་སྡེ་ཆེན་པོ་དེའི་མར་དྲི་དང་རྩམ་དྲི་མ་ཡལ་བའི་སྐད་ཆ་རྣ་བར་ལྷུང་།
ཡིད་ཀྱི་རྒྱ་མཚོ་མཐའ་རུ་དེད་པའི་བསམ་གཞིག་གི་ཀློང་དུ།
ང་ལ་ད་གཟོད་བོང་སྟག་རི་ལུའི་ཁ་སྐད་ཀྱི་བྲོ་བ་ལས་ཕ་ཡུལ་གྱི་གཏིང་བསླངས།
ཆེས་རྒྱུས་ཡོད་ཀྱི་སྐད་ཆ་རེ་རེ་སྙན་ངག་དུ་གྲུབ་པའི་སྦྱོར་བ་ཤེས་སུ་བཅུག

རྒྱུད་དྲུག་སྒྲ་ཡི་རམ་འདེགས།
གྲེ་འགྱུར་ངག་གི་འགུག་ལུགས།
བོང་སྟག་རི་ལུས་རྣམ་དཔྱོད་ཀྱི་རྩལ་ལས་རང་སྐད་ལ་གཤོག་པ་འཛུགས་སྟངས་ཤིག
གསར་འགོད་ལམ་གྱི་འགྲུལ་བཞུད།
འདོ་བའི་གོང་གི་སྐྱ་རྩལ།
བོང་སྟག་རི་ལུས་འཚོ་བ་ཡི་ཟུར་ནས་རང་སྐད་ཀྱི་རྣམ་ཤེས་བཙལ་སྟངས་ཤིག
དེ་བས་བོང་སྟག་རི་ལུས་བོད་ཡུལ་དུ་འགྲོ་བདེ་བའི་རྐང་ལམ་ཞིག་བཏོད་ཚར།

བོང་སྟག་རི་ལུ་རྩྭ་ཐང་གི་འགྲུལ་བཞུད་དང་ཁ་སྟོད་ཀྱི་འབྲོག་མོར་དགའ།
བོང་སྟག་རི་ལུ་སེམས་ཀྱི་ཞི་བདེ་དང་སྤང་ཐང་གི་ལུག་རྫིར་དགའ།
བོང་སྟག་རི་ལུ་རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་ཀྱི་བརྩེ་བར་དགའ།
དེ་བས་བོང་སྟག་རི་ལུ་ནི་འབྲོག་པ་ཞིག་ཡིན་ལ་སྙན་ངག་པ་ཞིག་ཡིན།
སྒྱུ་རྩལ་པ་ཞིག་ཡིན་ལ་མི་ཡུལ་གྱི་མགྲོན་པོ་གལ་ཆེན་ཞིག་ཀྱང་ཡིན།

ཏག་ཏག་ཉི་འོད་ཀྱི་གདོང་ལ་སྤྲིན་ནག་གི་སྒར་བཏབ་པ་བཞིན།
སྙན་ངག་གི་ཞིང་ཚིགས་སུ་འོད་དུ་མཚེར་བའི་སྐར་ཆེན་ཞིག་གློ་བུར་གཟིམས་སོང་།
རང་སྐད་ཀྱི་ཚེ་སྲོག་རྒུམ་པའི་ཁྱུང་ཆེན་གྱིས་ནམ་འཕང་གཞན་ཞིག་བསྟད་བྱུང་།
ཡིན་ཡང་ཁོས་རང་རིགས་ལ་སྙན་ངག་སྒྱེ་གང་བཞག་ཡོད་པས།
བོང་སྟག་རི་ལུ་ནི་སྙན་ངག་པ་ཞིག་ཡིན་ལ།
མི་ཡུལ་དུ་ཟས་རན་བཞག་ཡོད་མཁན་ཞིག་ཀྱང་ཡིན།

སྙན་ངག་པ་ལགས་བདེ་བར་བཞུད།
ཁ་སང་གི་ཉི་འོད་དང་དེ་རིང་གི་ཟླ་འོད་ཀྱི་ཀློང་དུ་ཁྱོད་ཀྱི་སྙན་ངག་ཡོད་པས།
ཁྱོད་ཀྱིས་ལྷིང་འཇགས་ཀྱི་རི་གྲོང་ལ་བདེ་མོ་བཞག་ཟིན་པས་ཞེན་ཆགས་མི་དགོས།
སྒྲོག་ལས་གྲོལ་བའི་རྟ་ཕོ་བཞིན་རྒྱང་རིང་བའི་དག་ཞིང་དུ་ལྷོད་ཀྱིས་ཕེབས་དང་།
ཁྱོད་ཀྱི་འཚེར་སྐད་དེ་བསྐལ་བའི་བར་དུ་མདོ་དབུས་མཐོ་སྒང་གི་མངལ་དུ་སྦྲུམ་ཡོད།
༢༠༢༣ལོའི་སྤྱི་ཟླ༡༢པའི་ཚེས་པ༡༦ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།