དགེ་ཆོས་གླེང་བ།

རྩོམ་པ་པོ།:སྐར་མདའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-29 09:02:57 ཀློག་གྲངས།:
       དབུལ་ཕོངས་ཀྱིས་བཅིངས་པའི་སྡུག་ཡུས་ཀྱི་ཁྲེས་པོ་ལྕི་མོ་ཞིག་ཕྲག་ཏུ་ཁུར་ན་ཡང་རྣམ་དཔྱོད་ཀྱིས་གྲུབ་པའི་ཐོས་བསམ་རྩལ་ཤུགས་ངང་གིས་རྒྱས་པ་ལོ་རྒྱུས་སུ་འཐིམས་ན་ཡང་། ཉམ་ཆུང་ཞིང་ཉག་ཕྲ་བའི་མཁས་པའི་ཆོ་ལོ་བསྣམས་པའི་ཁྱེད་རང་ས་ཆེན་འདིར་འོད་སྣང་གི་རི་མོ་ཐོག་མར་འབྲི་མཁན་ཡིན་པ་བདེན་ཤས་ཆེ། མེད་མུག་གི་བུ་ཡུག་རྒོད་ཅིང་མནར་གཅོད་ཀྱི་གྲང་ལྷགས་བཙན་པོའི་རི་གྲོང་ཆུང་ཆུང་དེ་ནས་ལམ་ལ་ཆས་དུས། ཁྱེད་ཀྱི་ཡོད་ཚད་མངོན་པར་བསྟོད་ཅིང་གཟེངས་སུ་འདེགས་མཁན་ནི་ཁྲི་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་དང་ཁོའི་ལྷག་བསམ་གྱི་རམ་འདེགས་ཀྱིས་བཏེགས་པའི་ཨ་ལགས་རིག་ལོས་དཔྱོད་ཤེས་ཀྱིས་བཞེངས་པའི་གཞུང་ལུགས་ཀྱི་རྡོ་རིང་དེ་ཅི་ལ་མིན། མདོ་སྨད་ནས་ལམ་ལ་ཆས་ཏེ་གངས་ལྗོངས་ཀྱི་རིག་པའི་མཁའ་དབྱིངས་ལ་གསེར་གྱི་ཉི་ཟླ་འཕྱར་མཁན་དུ་གྱུར་བའི་ཁྱོད་ལེགས་ཉེས་ཤན་འབྱེད་ཀྱི་གཟུ་བ་དང་ལོག་རྟོག་རྩད་འཇོམས་ཀྱི་མཁན་པོ་ཡིན་རུང་། འབྱོར་ཞན་འཁོས་ཆུང་གི་གྲལ་མཐའ་ནས་འཇིག་རྟེན་འདིའི་འདས་མ་ད་གསུམ་ལ་སུས་ཀྱང་གླེང་མ་མྱོང་བའི་སྡོམ་ཚིག་བཀོད་པ་རྣམ་ཐར་ཡིན།  འཆད་ཁྲིད་ཀྱི་གཡུལ་ས་རུ་ཀླུ་སྒྲུབ་དགོངས་རྒྱན་གྱི་ཟིལ་ཤུགས་འགོད་མཁན་དུ་གྱུར་བའི་ཉག་རོང་ཟླ་བ་བཟང་བོ་མེད་ཚེ་རྒྱལ་ཁའི་རུ་དར་མཐོན་པོར་བསྒྲེངས་པའི་ཕྱི་རབས་པའི་འཁྲུལ་བ་ཚར་གཅོད་བྱེད་པའི་རིག་པའི་དཔའ་བོ་མེད་ལ་ཤེས་བྱའི་ཀི་སྒྲ་ཕྱོགས་སུ་སྒྲོགས་པའི་དཔྱོད་ལྡན་པའི་བསམ་གཞིགས་ཀྱི་རྒྱབ་རྟེན་ཡང་ཡོད་མི་སྲིད། དུས་རབས་འགྱུར་ཡང་རུང་གནམ་ས་འགུལ་ཡང་ཆོག ཁྱེད་ཀྱིས་བཏབ་པའི་ཡོན་ཏན་གྱི་མེ་ཏོག་ཡལ་མི་ཆོག་ལ་ཁྱེད་ཀྱིས་སྒྲོན་པའི་བདེན་དོན་གྱི་དྲི་བསུང་ནི་དེ་བས་ཀྱང་མེད་ག་ལ་ཆོག གླེན་པའི་འཆལ་གཏམ་བྲག་ཅར་འཁོར་བའི་ནངས་མོ་དེར་བག་ལ་ཞ་བཞིན་པའི་ཤེས་རིག་གི་དཔའ་སྐད་ཕྱོགས་སུ་སྒྲོགས་མཁན་ཁྱོད་ཡིན་ལ་རྨོངས་པའི་ལོག་ལྟ་ཚར་དུ་དངར་བའི་ཉིན་མོ་དེར་ འཇིག་ཅིང་ཉམས་བཞིན་པའི་ལུགས་གཉིས་ཀྱི་བླང་བྱ་རུམ་དུ་འཇུག་མཁན་ཡང་ཁྱོད་རང་ཡིན་པ་གོར་མ་ཆག དགེ་ཆོས་ལགས། འདང་རེ་བརྒྱབ་ན་ཁྱོད་ནི་མི་ཡུལ་གྱི་ཆེས་བླ་ན་མེད་པའི་སྐྱེས་བུའམ་གནམ་འོག་འདིར་ཆེས་ཉམ་ཆུང་བའི་སྐྱེ་བོ་དེ་ཡང་ཡིན་སྲིད་པར་སྙམ།
       ཁྱེད་དང་མཉམ་དུ་བོད་པའི་གསར་འགྱུར་ཐོག་མར་སྤེལ་མཁན་ཏེ་བྷ་བུ་མཐར་ཕྱིན་གྱི་སེམས་ཀྱི་བུ་ལོན་དང་མིག་གི་དགའ་སྟོན་དུ་འཁྲུངས་པའི་ཁྱོད་གངས་རིའི་ཟོམ་དུ་མཁའ་ལ་འཕྱོ་བའི་སྲབ་མེད་ཀྱི་གངས་སེང་དཀར་མོ་ཡིན་ལ་བྱང་ཐང་རྩལ་གྱིས་འདུལ་བའི་བདག་མེད་ཀྱི་འབྲོང་རྒོད་ཁེར་ལྡོམ་དེ་དང་དོ་མཉམ་ལ་ཨང་། ཕྲག་དོག་གི་མེ་ལྕེ་སྔར་བཞིན་རྒོད་ན་ཡང་ཁྱོད་ཉི་མའི་གྲོང་གི་མི་རྒྱལ་ཐུ་མེད་ཀྱི་མི་ཡི་དབང་བོ་ཡིན་ལ་འགྲན་སེམས་ཀྱི་རྦབ་རྡོ་ཇི་ལྟར་སྙིལ་ན་ཡང་ཁྱོད་དག་པའི་ཞིང་གི་མཁས་པའི་གཙུག་རྒྱན་དུ་གྱུར་བ་ཟོལ་བཅོས་མིན། གལ་སྲིད་ཁྱོད་བཞུད་མེད་ཚེ་རིག་གཞུང་གི་གདམས་པས་ང་ཚོའི་བག་འཁུམ་པའི་གཤིས་ལ་རྣམ་རིག་གསར་བ་ཞིག་རྒྱས་སུ་བཅུག་ཅིང་ང་ཚོའི་ཐབས་ཟད་པའི་ཉམས་ལ་སྟོབས་ཤུགས་ལྷག་མ་ཞིག་ཀྱང་བསྣན་ཡོད་སྲིད། མདོ་སྔགས་གཞུང་ལུགས་ཀྱི་ཤིང་རྟ་འདྲུད་མཁན་གྱི་ཁྱོད། དབུལ་ཁྱིམ་ཕལ་བ་ཞིག་གི་སེམས་ཀྱི་འཁྲི་ཤིང་ཡིན་ལ་ཕ་ཡུལ་ཕྱུག་པོ་ཞིག་གི་སྙིང་གི་ནོར་བུ་ཡིན་པ་བསྙོན་དུ་མེད། ཧི་མ་ལ་ཡའི་ཕ་རོལ་བརྒལ་ནས་འབྲུག་ཡུལ་ཞིང་ལ་ཞབས་ཀྱིས་བཅགས་དུས་རྫོང་དཔོན་འཕྲིན་ལས་སྟོབས་རྒྱལ་་གྱིས་བཀྲ་ཤིས་སྒང་གི་རེ་འདུན་དང་མི་བུ་ཞིག་གི་ཕེབས་འབྱོར་ལ་དགའ་བའི་བསུ་མ་དང་བྱམས་པའི་མཐུན་རྐྱེན་སྦྱར་བ་བརྗེད་ཐབས་བྲལ། བདག་མེད་ཁེར་རྐྱང་གིས་ལམ་ལ་ཆས་པའི་སློང་མོ་བ། ཤེས་རིག་གི་གླེགས་བམ་བློ་རུ་བརྩིགས་རུང་མེད་མུག་གི་ན་ཟུག་སེལ་ཐབས་མེད་པའི་སྐྱོ་ངལ་གྱིས་གདུང་དུས་ཁ་བ་ཅན་ལ་འཁྲེང་ཞེན་གྱི་སྨུག་ལོང་འཐིབས་ཤིང་རྫ་རིའི་གསེབ་ལ་ཕྱོགས་རིས་ཀྱི་ཁ་བ་བབས་པས་ཁྱོད་ཅི་འདྲའི་གྲང་ཞིང་སྡུག་པ་ལ། ཡིན་ལོག་མིན་ལོག་གི་བར་མཚམས་སུ་བདེན་ལུགས་ཀྱི་བརྟུལ་ཞུགས་བསྒྱུར་བའི་ཁྱོད། པཎྟིཏ་ཧ་རུ་ལ་ཡིས་བསུ་མ་དང་འགྲོགས་ནས་ཁྱོད་རྒྱ་གར་ཡུལ་དུ་བྱོན་པ་སྔ་མེད་ལ་རྒྱལ་ཁམས་རིག་པས་བསྐོར་བའི་ཐང་མ་རྙེད་པ་འཕྱི་ཡང་མེད་པས་ཕྱི་ནང་གཉིས་ཀྱི་གྲུབ་མཐའི་ངོ་བོའི་མདུད་པ་གྲོལ་བའི་སྤོབས་པ་དེ་ཁྱོད་ཁེར་མོ་ལས་ཀུན་ལ་མེད་དོན་ཅི་ཡིན་ནམ། འདྲ་མཉམ་མིན་པར་ཧམ་སེམས་ཀྱི་དབྱུག་པ་འཆང་བའི་སྐུ་དྲག་ཚོའི་འཕྱ་དམོད་ལས་ཁྱོད་ལ་ཅི་ཡང་མེད་ལ་ཐ་ན་རང་གི་བརྩམས་ཆོས་ཀྱི་བདག་པོ་བྱེད་པའི་ཐོབ་ཐང་ཙམ་ཡང་མེད་པར་གྱུར་བ་ནི་མུན་ནག་གི་སྤྱི་ཚོགས་ཤིག་གིས་བཏབ་པའི་བསླུ་བྲིད་ཀྱི་ཞགས་པ་ཡིན། ཐུབ་བསྟན་བློ་བཟང་ཆོས་དར་མེད་ཚེ་གཞན་དབང་གི་མནར་གཅོད་ལས་ཚེ་སྲོག་གི་རྨུ་ཐག་འཁེལ་མི་ཐུབ་ལ་མུཡིད་མུག་པའི་ཁང་མིག་དེའི་སྒོ་ཟྭ་འབྱེད་པའི་གོ་སྐབས་ཀྱང་མེད་པར་གྱུར་བ་ནི་མ་ཉེས་ཁ་གཡོག་ལ་མཁས་པའི་རྒྱུགས་ཁྱི་རྔ་མ་མེད་པ་དག་གི་ལྐོག་གྱུར་གྱི་རྩ་དོན་ཁོ་ནའོ། །དེ་ནི་རུས་རྒྱུད་ཚོ་བའི་རྔམ་ཁ་མཐོ་དྲགས་པའི་དབང་གིས་ཡིན་ནམ་ལེགས་ཉེས་གོ་ལྡོག་གི་ཤན་ཤུགས་གཏིང་ཟབ་པའི་རྐྱེན་ཡིན་ནམ། དགེ་བཤེས་ཆོས་ཀྱི་གྲགས་པ་དང་མཉམ་དུ་སྤྲས་པའི་མི་ཡུལ་གྱི་ཚེ་ནོམ་ཡོད་ཚད་མཁྱེན་རྒྱ་དོག་པའི་མི་རབས་ཤིག་ལ་བསྩལ་བའི་འཁྲུལ་མེད་ཀྱི་ཞལ་གདམས་ཡིན། ཁྱོད་དང་ལྷན་དུ་དབྱིན་ཇིའི་གྲོང་ལ་འགྲིམས་པའི་དེབ་སྔོན་གྱི་ལས་དབང་གིས་འཇོར་རྗི་རོལ་རིག་ལ་དྲིན་གཟོའི་ལེགས་སྐྱེས་འབུལ་དུ་རུང་ཡང་། ཧོར་ཁང་བསོད་ནམས་དཔལ་འབར་ལས་ཁྱེད་ཀྱི་མཛད་རྗེས་མངོན་པར་བསྟོད་མཁན་མེད་དོན་ནི་མི་རབས་ཤིག་གི་ནོངས་འགྱོད་དང་ལས་དུས་སྐབས་ཤིག་གི་གྱོང་གུད་ཡིན་སྦ་གསང་བྲལ། དགེ་ཆོས་ལགས། ནོར་གྱི་བང་མཛོད་ལས་གསེར་གྱི་བུ་ཆུང་མི་མཁོ་བའི་གནས་བབ་དེ་འདྲ་ཞིག་ཏུ་ཁྱོའི་འཚོ་བཞེས་ཀྱི་སྡོམ་ཚིག་ནི་རྒྱལ་ཁ་ལས་ཕམ་ཁ་མང་ཞིང་ཕམ་ཁ་ལས་རྒྱལ་ཁ་ཉུང་བའི་ཚོར་བ་ཞིག་དབང་མེད་དུ་བསྐྱེད།
       སོང་ས་བསྡད་ས་ནས་ཁྱོས་བཙལ་ཞིང་འཚོལ་བཞིན་པ་ནི་ཤེས་རིག་གི་དྭངས་མ་ཉམས་སུ་ལེན་རྒྱུ་དེ་ཡིན་ལ། ཉལ་ས་ལངས་ས་ནས་ཁྱོས་རེ་ཞིང་སྒུག་བཞིན་པ་ནི་གོད་ཆག་ཐེབས་པའི་རིག་གནས་ཤིག་ལ་རང་རྐྱ་ཐུབ་པའི་གསོན་ཤུགས་རྒྱས་རྒྱུ་དེ་རེད། ཁྱེད་འདྲ་བའི་ཉམ་ཆུང་ཞིག་གིས་གྲུབ་མཐའི་འགལ་ཟླ་ཟླུམ་པར་བྱས་ཤིང་ཁྱོད་ལྟ་བུ་རྒོད་པོ་ཞིག་གིས་རུ་མཐའ་མྱུལ་ནས་ལྟོ་རྒྱབ་བསླངས་པ་སྐྱོ་གར་ཡིན། མི་ཤེས་ཤེས་མདོག་སྟོན་པའི་མཁས་པ་བཅོས་མ་དང་མི་མཁྱེན་མཁྱེན་སྣང་སྟོན་པའི་བླ་རྫུན་དཀོན་གཉེར་ཚོའི་མིག་གི་ཚེར་མ་དང་སེམས་ཀྱི་རྨེན་དུ་གྱུར་བའི་ཁྱོད། ནམ་ཡང་དྲང་བདེན་དང་ཞི་མཐུན་གྱི་ལག་རྡང་སྦྲེལ་ནས་ཆེས་མཚར་སྡུག་གི་ལམ་དུ་ཆས་ཀྱང་། སྔོན་ནས་བསུ་མ་དང་རྗེས་ནས་སྐྱེལ་མ་མེད་པར་སེམས་ཁྲལ་ཁོ་ནའི་ཁུགས་སོར་ལྷུང་བཞིན་པ་ཡང་ཁྱེད་རང་ཡིན། མ་གཞི་རང་དོན་ལས་གཞན་དོན་ལ་ཐེ་གཏོགས་མི་བྱེད་པའི་ཁྱོད་ཀྱི་འཇིག་རྟེན་དུ། ཁྱོད་ཉིད་ལས་འོད་ལ་འཐམས་མཁན་མེད་ལ་བདེན་ལ་འཇུ་མཁན་ མེད་པར་འདོད་སྲེད་དང་གཡོ་ཟོལ་གྱི་མཁའ་དབུགས་རབ་རིབ་ཁྲོད་དུ་ཁུ་སིམ་མེར་གསང་བ་ལྐོག་གྱུར་གྱི་གནས་ལུགས་བཙལ་བར་སུན་མ་མྱོང་ལ་ཕམ་ནི་དེ་བས་ཀྱང་མ་མྱོང་བ་ནི་ཁྱེད་རང་ཡིན། ཆུང་གྲོགས་རྗེས་དྲན་དང་འདྲ་བའི་སེམས་ཁམས་སྐྱོ་སྣང་གིས་གདུང་ཐེངས་རེར་ངས་མི་དྲན་དབང་མེད་དུ་གྱུར་བ་ཡང་འཇིག་རྟེན་རིལ་མོའམ་ཟླུམ་པོའི་རྣམ་དཔྱོད་གསར་བའི་ལྟ་བ་ཁོ་ནའོ། །མ་གཞི་ཁྱེད་ཀྱི་འགྲུལ་བཞུད་ལས་བསགས་པའི་ཐོས་བསམ་གྱི་མཛད་རྗེས་རེ་རེ་ལས་མཐོ་སྒང་བའི་གནས་བབ་ལ་གཟུར་གནས་བབ་ཆགས་ཀྱི་རི་མོ་གྲངས་མེད་བཀོད། དགེ་ཆོས་ལགས། མདོ་སྨད་ནས་ལམ་དུ་ཆས་པའི་ཁྱོད་རི་རབ་སྟོང་ཕྲག་གི་ངལ་དུབ་ཅི་འདྲའི་ལྕི་ཡང་འགྲོ་དགོས་པའི་གོམ་ཁ་ལྷོད་མ་མྱོང་ལ་མེད་མུག་བཀྲེས་ལྟོགས་ཀྱི་སྡུག་བསྔལ་ག་འདྲའི་བཙན་ཡང་འགྲུབ་དགོས་པའི་ཕུགས་བསམ་བོར་མ་མྱོང་། ཁང་སྐྱ་ལེབ་ཚང་གི་གཅེས་ཕྲུག་ཁྱོད། སྦྲ་རོག་རོག་ཚང་གི་རེ་ལྟོས་ཡིན་ལ་སྒར་ཁྲ་ཁྲའི་ནང་གི་དགེ་སློང་ཁྱོད་རི་ཁ་བ་ཅན་གྱི་རྨི་ལམ་ཡིན། དེབ་ཐེར་དཀར་བོའི་རྩོད་སྒྲུབ་ཀྱི་རིག་པ་མེད་ན་འདོད་པའི་བསྟན་བཅོས་ཀྱི་དགའ་སྟོན་སུ་ཡིས་བགྱི།  བུ་ཁེར་སྐྱེས་ནང་གི་ཁེར་མོ་ཁྱོད་ནང་ན་ཟླའི་ཁྲོད་ཀྱི་མཛངས་མི་དང་དཔའ་ཁེར་རྒྱུགས་གྲལ་གྱི་སྔོན་མ་ཡིན། ཞོ་འོང་དཔྱི་ནས་སྐྱེས་པའི་རིག་པའི་བུ་ལོ། ཧི་མ་ལ་ཡའི་ལྷིང་འཇགས་དཀྲོགས་པའི་དབྱངས་ཀྱི་རྒྱལ་བོ། ཡར་ཀླུང་གཙང་བོའི་བཞུར་རྒྱུན་བསྒྱུར་བའི་དུས་ཀྱི་ཕོ་ཉ། ང་ཚོ་ལ་ཁྱེད་འདྲ་བ་སྐྱེས་ཚད་ཉུང་སོང་ལ་ཁྱེད་རང་ལ་ང་ཚོ་ལྟ་བུའི་བདག་པོ་མང་སོང་བས་ཁྱེད་ཀྱི་མཛད་རྗེས་ནི་གནམ་འོག་ཏུ་ནམ་ཡང་བསུབ་ཐབས་བྲལ་བའི་འོད་སྣང་གི་བཤུལ་ལམ་རིང་མོ་ཞིག་གོ །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།