མིང་མེད་རྩོམ་ཐུང་དང་བདེན་གཏམ་མིག་གི་ཐུར་མ།

རྩོམ་པ་པོ།:བཤད་སྒྲུབ་རྒྱ་མཚོ། རྒྱ་ཡེ་བཀྲ་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-05 10:40:55 ཀློག་གྲངས།:
མིང་མེད་རྩོམ་ཐུང་།
དགེ་བའི་བཤེས་གཉེན་བཤད་སྒྲུབ་རྒྱ་མཚོ།

དེང་རབས་རྩོམ་རིག་ལྷ་ཡི་རྫིང་རིང་དུ། །
རང་དབང་སྙན་ཚིག་སྤྲིན་གྱིས་བསྒྲིབས་མཐོང་ནས། །
ལེགས་བཤད་འོད་སྟོང་བཞད་པའི་དཎྜིའི་གཞུང་། །
གསལ་བར་མཐོང་དཀའི་ཚུལ་འདིས་ཤེས་པ་འཕྱོ། །

མི་ལ་རང་དབང་ལྡན་ན་དེ་ཆོག་མེད། །
སྙན་ཚིག་རང་དབང་ལྡན་པས་ཅི་ཞིག་བྱ། །
ཀུན་ལ་རང་དབང་ཧ་ཅང་ཐལ་ཆེ་ན། །
འཆོལ་མས་ས་སྟེང་གང་ན་མི་འཇིགས་སམ། །

རང་དབང་ཚིག་ལ་འདོད་དགུར་དབང་བ་སྟེ། །
ཚིག་གི་ལྷུ་ལག་བཅད་པ་རང་དབང་མིན། །
དོན་གྱི་གནད་དང་ཚིག་གི་ཐོབ་ཐང་ལྟར། །
རྒྱ་མཚོའི་རླབས་ལྟར་འཕྱུར་བའི་ཚིག་སྦྱོར་མཛེས། །

ལྔ་རིག་པཎ་ཆེན་ངག་གི་དབང་པོས་ཀྱང་། །
གསལ་བར་མ་གཟིགས་རང་མོས་སྙན་ངག་འདི། །
འབྲོག་པའི་བུ་མོས་རྒྱ་ཆས་སྤྲས་པ་བཞིན། །
ཀུན་གྱི་མིག་གི་ཚེར་མ་མ་ལགས་སམ། །

དེ་སྐད་ལྷག་བསམ་དག་པའི་མཁའ་དབྱིངས་ནས། །
ཀུན་ཕན་ཚིག་གི་གྲུ་ཆར་འཇོ་བ་འདི། །
རྣམ་དག་རྩོམ་རིག་ལྷ་ཡི་དགའ་ཚལ་ནས། །
སྙན་ཚིག་མེ་ཏོག་བཞད་པའི་རྒྱུར་གྱུར་ཅིག །

བདེན་གཏམ་མིག་གི་ཐུར་མ།
                              དགེ་རྒན་བཤད་སྒྲུབ་མཆོག་ལ་གྲོས་མོལ་དུ་ཕུལ་བ།
རྒྱ་ཡེ་བཀྲ་བྷོ།

དཎྜིའི་གཞུང་བཞིན་བརྩམས་པའི་སྙན་ངག་ལ། །
མིང་མེད་རྩོམ་ཞེས་མིང་བྱང་བཏགས་པ་འདི། །
སྙིང་གི་དབུས་ན་དཎྜི་བཞུགས་པའི་བརྡར། །
དཎྜིའི་དབུ་ལ་རྒྱ་ཞྭ་གསོལ་ལམ་ཅི། །
                                            ཞེས་བོད་ཀྱི་ཁ་དཔེར་གཏམ་ལ་ཀུ་རེ་མེད་ན་བཤད་སྲོལ་མེད་ཟེར་བས་ཀུ་རེའི་སྒོ་ནས་གླེང་བསླངས་ཏེ། འདིར་ཞུ་རྒྱུར།

དེང་རབས་རྩོམ་རིག་སྡུག་གུར་བཀྲ་བའི་དབུས། །
རང་དབང་སྙན་ངག་པད་དཀར་བཞད་པ་ན། །
ལོ་མང་ཐལ་བའི་ལྗོན་པའི་བཞིན་རས་ཀྱིས། །
ཡིད་ལ་མྱ་ངན་སྟེར་བར་མཚར་དུ་ཅི། །

མི་ལ་རང་དབང་ཡོད་པའི་མངོན་རྟགས་སུ། །
ངག་གི་རང་དབང་འདི་ཡང་གཙོ་ཆེ་སྟེ། །
ངག་གི་སྒོ་མོ་བསྡམ་རྒྱུ་ཐལ་ཆེ་ན། །
ནམ་ཞིག་སྦུབས་སུ་འཐུམས་པར་འགྱུར་ཏ་རེ། །

ཡུན་རིང་ཡན་ལག་བཅིངས་པའི་སྒྲོག་བཅད་ནས། །
བདེ་ཆེན་ཐང་ལ་རྒྱུགས་པའི་རྟ་ཕོ་འདིས། །
ནང་གི་འགྱུར་བ་དྲག་ཏུ་བརྡོལ་བའི་རླུང་། །
རྨིག་བཞིའི་བང་དུ་བསྡེབས་པའི་སྐྱིད་པ་ལ། །

བུམ་སྐྱེས་བུས་པ་གློག་གི་ཀླད་པ་སོགས། །
ཤིན་ཏུ་ངོ་མཚར་མིག་གི་ལྟད་མོའང་། །
སྔོན་གྱི་པཎ་ཆེན་རྣམས་ཀྱིས་མ་མཐོང་ཡང་། །
དཔྱོད་ལྡན་བསྔགས་པའི་མེ་ཏོག་ཅིས་མི་འཐོར། །

མཛེས་དང་མི་མཛེས་ཅི་རིགས་སྣང་བཞིན་དུ། །
རྒྱ་ཆས་སྤྲས་པའི་འབྲོག་མོ་མི་སྡུག་ཅིག །
བསྟན་ནས་འབྲོག་མོར་རྒྱ་ཆས་མི་འོས་ཚུལ། །
ལབ་ན་གཟུར་གནས་དང་བ་འདྲེན་ནམ་ཅི། །

བསིལ་ལྡན་བོད་ཀྱི་རྩོམ་རིག་ཁྱིམ་ཆེན་དུ། །
གསར་དུ་འོངས་པའི་སྙན་ངག་གཞོན་ནུ་མར། །
དང་ཐོག་སྒྱུག་མོས་རྩིས་མཐོང་མི་བྱེད་ཀྱང་། །
ནམ་ཞིག་རང་གི་བུ་རུ་འགྱུར་བར་ངེས། །

འཕྱོན་མ་མཛེས་པའི་ངང་ཚུལ་རྒྱང་བསྲིངས་ཏེ། ། 
རིག་པའི་གནས་ལས་བརྩམས་པའི་དོན་གྱི་གནད། །
འཇམ་པའི་ངག་གི་བགྲོ་གླེང་བྱེད་པ་འདི། །
དཔྱོད་ལྡན་སྐྱེས་བུའི་ལུགས་སུ་ཅི་མི་སེམས། །

ཡོང་ཁུངས། ༡༩༨༩ལོའི«སྦྲང་ཆར»དེབ༤པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།