ལྷུག་རྩོམ། མཚོ་སྔོན་པོ།
རྩོམ་པ་པོ།:རུས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-17 14:36:28
ཀློག་གྲངས།:
མཚོ་སྔོན་པོ།
རུས་པ།
ཉི་འོད་རབ་ཏུ་འཇམ་པའི་དཔྱིད་མགོ་མའི་ཉིན་ཞིག་ལ། ངེད་ཕ་བུ་གཉིས་སྔར་བཞིན་ཉི་ཟླ་རི་བོའི་མྱུར་ལམ་བརྒྱུད་ནས“ས་གྲུ་བཞིའི་ཨ་ཞང”①གི་ཕ་ས་སྟེ། རང་རེའི་མཚོ་ལྷོ་པ་ཚོས་ཆབ་འགག་གསེར་གཞུང་རིང་མོར་འབོད་པ་དེའི་ཕྱོགས་སུ་སྐྱོད་ཀྱིན་ཡོད། གང་ལྟར། ཕ་ཡུལ་མཚོ་ལྷོར་མཚོན་ན། གསེར་མདོག་གི་རང་མདངས་ལས་ཀྱང་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ། སྲིད་པའི་ཏོག་དང་བསྐལ་པའི་རྟེན་དུ་རྟག་བརྟན་ཐེར་ཟུག་གིས་སྣང་བ་ནི། འབྱམས་ཀླས་མཐའ་ཀླས་ཀྱི་མཐོང་ལམ་ཡངས་པོར་གཡུ་མདོག་གིས་ལྟེམས་མེར་སྣང་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ཡིན་ལ། ས་མཐོའི་ཁྲི་ཤོར་རྒྱལ་མོ་ནི་གནའ་བོའི་ངག་རྒྱུན་གྱི་མཚར་སྒྲུང་ཞིག་ཡིན་པར་མ་ཟད། འདས་སོང་གི་བག་ཆགས་གསལ་བར་བྱེད་པའི་ཁྲུས་ཆབ་གཙང་མ་ཞིག་ཀྱང་ག་ལ་མིན། རླངས་འཁོར་གྱི་ལྟག་མཐོང་མེ་ལོང་ལས། རྒྱབ་ལོགས་ཀྱི་འདུག་སྟེགས་སུ་དཔེ་ཁུག་ལྕི་མོ་སྔས་མགོ་བྱས་ཏེ། ཀན་རྐྱལ་དུ་ཉལ་ནས་གཉིད་དུ་ཡུར་བའི་བུ་ཆུང་གི་ངོ་གདོང་མཐོང་ཐུབ། ཁོའི་སྙིང་ཉེ་བའི་ངོ་གདོང་དུ། ལམ་ཐག་གི་བསྐྱར་ཟློས་དང་། ལས་བྱའི་གནོན་ཤུགས་ཀྱིས་གཙེས་པའི་རི་མོ་མག་མོག་ཅིག་ཀྱང་བབས་འདུག ད་དུང་ཡང་བདག་གི་ཡིད་ངོར་ཝ་ལེར་གསལ་བ་ནི། སྔོན་ཆད་མང་རྫོང་དུ་སློབ་ཆུང་འགྲིམ་སྐབས། ཟི་ལིང་ནས་མགོ་མང་གྲོང་རྡལ་དུ་སླེབས་རག་བར། ཁོས་རྒྱ་གར་གྱི་སྟོབས་རྩལ(动作片)གློག་བརྙན«བྷ་ཧོ་བྷ་ལི» ཡི་མི་སྣའི་སྐད་ཆ་དང་ཉམས་འགྱུར། བར་བཅུག་གླུ་གཞས། རྐང་རྩལ་དང་ཕྱག་རྒྱ་སོགས་བྱེ་བྲག་གི་བྱུང་རིམ་གཅིག་ཀྱང་མ་ལུས་པར་ཡང་དང་ཡང་དུ་འཆད་ངེས། ད་ནི་སློབ་ཆུང་ལོ་རིམ་དྲུག་པར་སླེབས་པས། ན་སོ་ཡང་རིམ་གྱིས་སྨིན་ཞིང་། གཞི་ནས་སེམས་ཁྲལ་དང་ངལ་དུབ། དགའ་སྐྱོ། ཆགས་སྡང་སོགས་འཁོར་བའི་གཤིས་སུ་རང་བཞིན་གྱིས་གྲུབ་པའི་ཡལ་ག་ཕྲ་མོ་དག་གིས། བྱིས་པའི་དྭངས་གཙང་ལྷད་མེད་ཀྱི་རྣམ་རྟོག་གིས་ཟིན་པའི་གཉུག་གཤིས་ཀྱི་ཁོར་ཡུག་དེར། ས་སྲ་མོར་རྐང་པ་སྙི་མོ་སྤོ་དགོས་པ་ནང་བཞིན་ནར་སོན་གྱི་བཞུད་ལམ་རིང་མོ་ཞིག་གི་གནོན་ཤུགས་ཀྱི་མནོལ་གྲིབ་ཕོག་གྱིན་པ་འདྲ་སྟེ། སྐབས་དེ་ཤེད་ཅིག་ནས་ལམ་ཐག་ཇི་འདྲའི་རིང་བོར་བསྐྱོད་ནའང་སྨྲ་བ་ཏོག་ཙམ་མེད་པར། རླངས་འཁོར་གྱི་ཤེལ་དྲ་ལས་མཐོང་སྣེ་གཅིག་ལ་ཧད་ནས་འདུག་པའམ་ཡང་ན་གཉིད་ནས་འགྲོ། སྐབས་ལན་རེར། ངས་བུ་ཆུང་གི་དགའ་ཕྱོགས་གང་ཡིན་ལ་ཚོད་བགམ་གྱིས་ལབ་གླེང་ཁ་ཤས་བྱས་ནའང་། ཨ་ལན་གྱི་སྐད་ཆའི་གདངས་ནི་དེ་འདྲའི་དམའ་ཞིང་གཉོམ་ལ་ཉམ་ཐག་པ་ཞིག་ཏུ་གྱུར་འདུག དེ་བས། ཆབ་འགག་གསེར་གཞུང་རིང་མོའི་སློབ་གྲྭའི་སྒོ་ཐེམ་ལ་གོམ་པ་དང་པོ་སྤོས་ཉིན་ནས། བསྐྱར་ཟློས་ཀྱི་གཟའ་རེའི་ཕར་སྐྱེལ་ཚུར་ལེན་གྱི་ལམ་ཐག་རིང་མོར། ཕ་བུ་གཉིས་ཀྱི་བར་ལ་གཏམ་གླེང་ཏོག་ཙམ་མེད་པར། རང་བྱུང་ཁམས་ཀྱིས་དཀྲོལ་བའི་སྒྲ་དབྱངས་ཁོ་ནར་གསན་བཞིན་ཕར་ལོག་ཚུར་ཐོན་བྱེད་ཀྱིན་ཡོད།ཕ་མས་རིག་གནས་ལ་བཅངས་པའི་མདངས་བརྩེ་དེས་བུ་ཆུང་སྡུག་ལ་སྦྱོར་བཞིན་ཡོད་ཀྱང་སྲིད། གྲོང་ཁྱེར་གྱི་སྤུས་ལེགས་པའི་དགེ་རྒན། འགྲོས་མྱུར་བའི་སློབ་ཁྲིད། རབ་མཛེས་ཀྱི་ཁོར་ཡུག་སོགས་བསྐྱུར་ནས། གྲོང་ཁྱེར་དང་ལྟོས་འཇོག་གིས་སློབ་གསོའི་རྨང་གཞིའི་སྒྲིག་ཆས་གཙོས། ཕྱོགས་སྒོ་མོ་ནས་ཉམས་ཞན་གྱི་སློབ་གྲྭ་ཞིག་ལ་རྫོངས་ཅི་ཐུབ་བྱས་པས། དོན་ལ་རང་ཉིད་ཀྱང་ཉེས་ཅན་ཤ་སྟག་ཅིག་ཡིན་ཨང་སྙམ་པའི་འགལ་འདུའི་ཚོར་བ་དྭངས་གསལ་ཞིག སྐབས་དང་སྐབས་སུ། རི་མགོ་མཐོན་པོའི་སྨུག་པ་བཞིན་ཡ་ཆུང་ཁོག་ལ་དངན་པས་འཁྱིལ་འོངས། རྒྱ་བོད་མཛའ་མཐུན་རིང་མོའི་གཉེན་གྱི་ལྷ་དར་དཀར་པོའི་རྟེན་སྐལ་ལྟར་གྱུར་ཡོད་པའི་ཉི་ཟླ་རི་བོ་བརྒལ་ཏེ། གནམ་སའི་ཁ་ཞེང་རབ་ཏུ་ཡངས་པའི་རིག་མོ་གྲོང་རྡལ་ལ་སླེབས་ཙ་ན། གནས་དེའི་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་རབ་ཏུ་འཇམ། ཁོ་བོའི་སྣང་ངོར། རིག་མོ་རྩྭ་ཐང་ནི་དགུན་ཁར་གྲང་རླུང་རྟག་པར་ལྡང་ཞིང་། དཔྱིད་ཀར་བྱེ་རླུང་མངོན་པར་འཚུབ་པའི་གནས་ཤིག་ཏུ་ངོས་འཛིན་བྱས་ཡོད་ནའང་། དེ་རིང་གི་དཔྱིད་ཀའི་རིག་མོ་ལ་ལྗང་མདོག་གིས་དབུལ་བ་ཙམ་མ་གཏོགས་དབྱར་གཞུང་གི་ཁྱད་ཆོས་ཡོངས་སུ་རྫོགས་འདུག ལམ་འགྲུལ་པ་ཚོར་མཚོན་ན། ནམ་ཟླ་ཡག་མིན་དེ་སེམས་ཁམས་སྐྱིད་མིན་ལའང་ཐད་ཀར་འབྲེལ་བ་དམ་ཟབ་ལྡན་པས། དེ་རིང་གི་སྣང་བ་ཤིན་ཏུ་བྲོད་པོ་བྱུང་། ད་ནི་རང་དགར་གླུ་སྙན་མོ་ཞིག་ལ་ཉན་ཞོར། ཕལ་ཆེར་མིག་བཙུམས་ཟིན་ནའང་། སྒང་གཤོང་དང་དཀྱོགས་མཚམས་ཡོད་ཚད་བློ་ངོར་གསལ་ཐིང་ངེར་འཆར་བའི་མྱུར་ལམ་བརྒྱུད་ནས། ས་གྲུ་བཞིའི་ཨ་ཞང་གི་ཕ་ས་སྟེ། ཆབ་འགག་གསེར་གཞུང་རིང་མོར་ཆས་འགྲོ། “ཨེ་མ། མཚོ་སྔོན་པོ། མི་རིགས་ཀྱི་ལ་རྒྱ། མེས་རྒྱལ་གྱི་གཟི་བརྗིད། རླབས་སྔོན་པོ་འདི་ནས་འཕྱུར་དུས། བྱ་ངང་བའི་སེམས་པ་དགའ་སོང་། མཚོ་སྔོན་པོར་འགྲམ་དར་ཆགས་དུས། བྱ་ངང་བའི་སེམས་པ་སྐྱོ་སོང་། ཁྱེད་ནི་ལོ་རྒྱུས་ཀྱི་དཔང་བོ་དང་མི་རིགས་ཀྱི་རེ་བ་རེད། ཁྱེད་ནི་བདེ་སྐྱིད་ཀྱི་བདེན་པ་དང་མ་འོངས་བའི་འཚོ་བ་རེད” མཚོ་སྔོན་པོའི་དྭངས་གསལ་གྱི་རླབས་སྒྲ་དང་བྱ་ངང་བའི་གསུང་སྐད་སྙན་མོའི་ཁྲོད། དཔའ་རིས་པ་རིག་འཛིན་སྒྲོལ་མ་ཡི་གཞན་དྲིང་མི་འཇོག་པའི་སྙན་དག་གསལ་གསུམ་གྱི་སྐད་ངག་བདེ་མོས། བདག་གི་ཚ་བས་བརྣད་པའི་བྱང་ཁོག་ཧྲིལ་བོ་ཏར་ཅིག་ལ་འཁྱག་བསིལ་བསིལ་དུ་བཏང་ཞིང་། གཞས་དེར་ཉན་གྱིན་ཉན་གྱིན་མིག་ཀོང་ལ་མིག་ཆུ་དྲོན་མོ་ཞིག་འཁྱིལ་བྱུང་། དེ་ནི་རང་རེའི་རྩོམ་པའི་ཁྱུ་མཆོག་དཔལ་དོན་གྲུབ་རྒྱལ་ཁོང་དྲན་པས་ཡིན་ནམ། ཡང་ན་མདོ་སྨད་རོང་ཕྱོགས་ཀྱི་སྐད་གདངས་ཤིན་ཏུ་ལྕི་བའི་གླུ་བ་རྡོ་རྗེ་ཚེ་བརྟན་ལགས་དྲན་པ་ཡིན། གང་ལྟར། བརྩམས་ཆོས་གྲགས་ཅན(经典)གྱི་ཉམ་སད་ཐེག་ཅིང་ཆོ་ལོ་ཐོབ་པའི་གླུ་གཞས་འདི། ང་ཚོ་དང་ལོ་ཟླས་བསྐལ་ནས་ཡུན་རིང་འགོར་ཟིན་ནའང་། རྟག་པར་རྣ་བར་མི་གཟན་ཞིང་། ཇི་ལྟར་ཉན་ན་དེ་ལྟར་གྱིས་དྲན་ཚོར་གཏིང་ཟབ་སྩོལ་བའི་རང་མདངས་ཀྱིས། རང་གི་དཔྲལ་བར་ཐོགས་པའི་མིག་ཟུང་གི་མཆི་མའང་རང་ལ་མི་དབང་བ་ཞིག་བཟོས་ཟིན། སྐབས་ལན་རེར། མི་ཚེ་ནི་ཕྱིར་དྲན་ཁྲོད་ཟད་ཀྱིན་པ་འདྲ་ལ། ཚེ་ཡི་སྙིང་བོ་ཡོད་དོ་ཡང་ཕྱིར་དྲན་གྱི་བལ་སྐུད་འཇམ་པོ་ཞིག་གིས་བསླེས་བཞིན་ཡོད་པ་འདྲ། གོ་ཐོས་ལྟར་ན། མིག་སྔའི་བར་དུ«ཨེ་མ། མཚོ་སྔོན་པོ»ཞེས་པའི་གླུ་གཞས་འདི། རྣམ་པ་དང་ནང་དོན་གཉིས་ཆར་ནས་རང་རེའི་དེང་རབས་རོལ་མོ་གསར་རྩོམ་པ་དང་། གཞས་པ་གཞས་མར་བསྙད་མཁན་ཅི་རིགས་ཀྱིས་བསྐྱར་ལེན་ཐེངས་བཞི་བཅུ་ལྷག་བྱས་ཡོད་ཟེར་མོད། དེ་ལས་བག་ཆགས་ཅུང་ཟད་ཡོད་པ་རེ་གཉིས་ལས་མི་འདུག ལྷག་ཏུ། དྲན་པའི་མིག་ཆུ་ཁྲོམ་ཁྲོམ་དང་སྨྲེང་བའི་དངན་པ་ཤུར་ཤུར། དགའ་བདེའི་སྣང་བ་བྲོད་བྲོད་གཏོང་མཁན་ནི་དེ་བས་ཀྱང་སྲིད་ན་དཀོན། དེ་སྔ་གཞས་པ་ཞིག་གི་རེ་སྐུལ་ལྟར། ངས་ཀྱང་དེ་མུར་ཨ་གསར་ཚ་བོས། ལོ་རབས་བརྒྱད་ཅུའི་སྒང་གི་བརྩམས་ཆོས་གྲགས་ཅན་ཞིག་གི་དབྱངས་རྟའི་ནང་རང་ཉིད་ཀྱིས་གཞས་ཚིག་ཅིག་གསར་སྐོང་བྱས་མོད། རྗེས་སུ་དགེ་རྒན་ཞིག་གིས་གནས་ཚུལ་དེ་རྟོགས་རྗེས“ཚུགས་ཐུབ་དང་རང་སྐྱ་འཕེར་བའི་བརྩམས་ཆོས་གྲགས་ཅན་ལ། རང་རེའི་གཞོན་རབས་པ་ཚོས་རང་སྣང་གང་ཤར་གྱིས་གདོད་མའི་དབྱངས་དང་འབྲུ་ལ། གྲུང་མདོག་འཇོན་མདོག་གིས་གང་དགར་བཟོ་བཅོས་གཏོང་བ་ནི་གླེན་རྟགས་ཚ་བོའི་རྩིང་ལས་འབའ་ཞིག་ཡིན་པར་མ་ཟད། སྤྱོད་པ་རྩིང་པོ་དེས་གླུ་གཞས་བརྩམས་ཆོས་གང་དེའི་དབྱངས་དང་འབྲུ་ཡི་ཁུག་སོར། བག་ལ་ཉལ་བའི་རིན་ཐང་གི་སྒྲོམ་གཞིར་གཏོར་བརླག་བཟོས་པ་རང་ལས་གང་ཡང་མེད”ཅེས་མངོན་སུམ་འཛེམ་མེད་ཀྱིས་བཀའ་བཀྱོན་དྲག་པོ་གནང་མྱོང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། དངོས་གནས་དེ་ལས་མ་འདས། ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་བྱུང་བའི་རིག་རྩལ་བརྩམས་ཆོས་དག་གིས། སྐབས་དེའི་འཚོ་བའི་རྒྱབ་ལྗོངས་ཀྱི་བདེན་པ་དང་། རེ་འདུན་དྲོན་མོའི་བསྙེག་ཡུལ། མཛེས་དཔྱོད་ལྟ་བའི་རིན་ཐང་། སོ་ན་ཇི་ལྟར་གནས་པ་དེ་ལྟར་དུ་སྣང་བར་བྱེད་པའི་དོན་གོ་ཆོད་ཡོད་པར་མ་ཟད། ཕྲན་ལ་མཚོན་ན། མཚོ་སྔོན་པོ་ལས་ཀྱང«ཨེ་མ། མཚོ་སྔོན་པོ»ཞེས་པའི་གཞས་དེའི་ཕྱི་ནང་གསང་གསུམ་ལས། རྒྱལ་སྲས་ཆུང་བས་རྒྱ་སེ་མེ་ཏོག་འཚོལ་བ་ལྟ་བུའི། གཡོ་རྫུ་ཁྲམ་གསུམ་གྱིས་མ་བསླད་པའི་རང་ཉིད་ངོ་མ་དེའི་འདས་པ་མཐོང་ཐུབ། ངེད་ཅག་གི་དམངས་ཁྲོད་དུ“བོད་རྟེན་འབྲེལ་གྱི་བདག་པོ”ཞེས་འབོད་སྲོལ་ཞིག་ཆགས་ཡོད་པ་ནང་བཞིན། རྒན་བསྟན་འཛིན་ལགས་ཀྱི«དགེ་ཚུལ་ཆུང་ཆུང»ཞེས་པའི་རང་རྣམ་དུ་ཡང“གོ་ལ་ཧྲིལ་པོའི་མི་རིགས་ཡོངས་ཀྱི་ཁྲོད། གནས་སྐབས་ཀུན་ཏུ་རྟེན་འབྲེལ་ལ་སྨོན་མཁན་ནི་ཕལ་ཆེར་བོད་རིགས་གཅིག་པུ་ཡིན་ཀྱང་སྲིད”ཅེས་པ་ནང་བཞིན། ཡུ་བུ་ཅག་གིས་དགུང་གི་ཉི་ཟླ་སྐར་གསུམ་དང་། ས་ཡི་རི་ཆུ་ནགས་གསུམ། འདབས་ཀྱི་གཡང་ར་སྒོ་བཞི་ཀུན་པོར་རྟེན་འབྲེལ་གྱི་དད་གུས་སྔོན་དུ་འགྲོ་བས། ལོ་རྒྱུས་ཀྱི་གཙང་བོ་རྒྱུན་ཆད་མེད་པར་རྒྱང་དུ་བབས་ཤིང་། ཡབ་མེས་ཀྱི་ཚེ་ཡི་འཕེན་པ་ཆོས་ཉིད་ཀྱིས་རྫོགས་སུ་ཆུགས་ཀྱང་། རང་བྱུང་ཁམས་ཆེན་མོའི་རི་ཆུ་ནགས་གསུམ་གྱི་ཀློང་དུ། བྱུང་བ་ཡོད་ཚད་ཀྱི་སྙིང་བོའི་ཡང་སྙིང་ནམ་ཡང་གཏེར་དུ་གྲུབ་ཡོད། དེ་བས། འབྱུང་བའི་འཁྲུགས་རྒོལ་སྣ་ཚོགས་ཀྱིས་རྐྱེན་བྱས་ཏེ་ས་ཡི་གོ་ལ་འདི་མ་འཇིག་བར་དུ། ང་ཚོའི་དྲན་ཤེས་ཀྱི་ངོས་སུ། རྟེན་འབྲེལ་གྱིས་བཞེངས་པའི་ཟབ་ཡངས་འབྱམས་ཀླས་ཀྱི་རི་མོའི་ཁ་དོག་ལ་ནམ་ཡང་བསུབ་པ་མེད།
མཚོ་སྔོན་པོ«ཨེ་མ། མཚོ་སྔོན་པོ»ཞེས་པའི་གཞས་ཞིག་ཏུ་གྲུབ་པ་ནས། ད་ལྟའི་བར་མི་ལོ་བཞི་བཅུར་སླེབས་ལ་ཉེ་མོད། ཤིང་བལ་རླུང་ཁུར་གྱི་ད་ལྟའི་གཞས་པ་གཞས་མ། རྡེའུ་གང་ཐོར་གྱི་འབྲུ་དབྱངས་སྣ་ཚོགས་ལས། མཚོ་སྔོན་པོ་ནི་ནམ་ཡང་མི་རིགས་ཀྱི་ལ་རྒྱ་ཡིན་ལ། མེས་རྒྱལ་གྱི་གཟི་བརྗིད་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པར་མ་ཟད། དེ་ནི་ང་ཚོའི་བག་ལ་ཉལ་བའི་རིག་གནས་ཕྱིར་ལྡོག་གི་ལོག་མལ་ངོ་མ་དེ་ཡང་ག་ལ་མིན། དབྱངས་འགྲོས་ཀྱི་མྱུར་ཚད་རན་ལ་བརྩེ་དུང་གི་གླུ་སྐད་སྙན་མོས། ང་ཡི་མག་མོག་གི་དྲན་ཤེས་གཉོམ་པོ་རྒྱང་རིང་རྒྱང་རིང་ཞིག་ཏུ་འཁྲིད་ཅིང་། རླབས་སྔོན་པོའི་དྭངས་གཙང་གི་ཡེར་མོས་དཀྲོལ་བའི་རྒྱང་རིང་གི་དྲན་ཤིང་ཁྲོད། ཁོ་བོའི་མིག་ཆུ་ཁྲོམ་ཁྲོམ་བཞུར་བྱུང་། ཁྲོམ་ཁྲོམ་དུ་ལྡོག་བཞུར་ཆུ་བོའི་ནང་བཞུར་སོང་། ཁྲོམ་ཁྲོམ་དུ་རིག་མོ་རྩྭ་ཐང་ནས་ཆབ་ཆ་གྲོང་རྡལ་བར་བཞུར་སོང་། དཔྱིད་ཀ་འདིའི་སྐྱ་ཟད་སྔོ་སྡུག་གི་ཐན་མདོག་མངོན་པར་གསལ་བའི་ཆབ་ཆ་ནི། ངའི་མི་ཚེ་འདིའི་གསེར་མདོག་གི་ས་ཚུགས་ཤིག་ཡིན་ཏེ། ཕྱིར་དྲན་ཞིག་བྱས་ཚེ། རྒྱལ་གཅེས་ཆོས་གཅེས་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་མཚན་འཛིན་སློབ་གཙོར་བཞུགས་མྱོང་པའི། དེ་སྔའི་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར། ལྷག་བསམ་གྱི་དྭངས་མ་སློབ་གསོར་འབུལ་བའི་བཀའ་དྲིན་བླ་ན་མཐོ་བའི་དགེ་རྒན་ཁྱུ་ཞིག་ཡོད་ཅིང་། ཁོང་ཅག་གི་ཉིན་མཚན་རིས་མེད་དུ། སློབ་ཕྲུག་གཅེས་ཕྲུག་ཏུ་གཉོར་བའི་ཀུན་སློང་རྣལ་མ་དང་། སློབ་གྲྭ་རང་ཁྱིམ་དུ་འཛིན་པའི་ཤ་རུས་བརྩེ་ཞེན། སྤོབས་པའི་གཟེངས་མཐོ་ལ། འདུན་མའི་རེ་བཞག་གི་ཁུར་ལྕི་བའི་བཀའ་དྲིན་ལས། དཔྱོད་ལྡན་པ་ཁོང་ཚོས་ཀུ་རེའི་ཚུལ་གྱིས“ས་ཡི་གོ་ལའི་ཁྱོན་དུ་ང་ཚོའི་སློབ་གྲྭ་ནི་གཞི་རྒྱ་ཆེས་ཆུང་བའི་སློབ་ཆེན་ཞིག་ཡིན་ཀྱང་། ད་ལྟའི་སྤྱི་ཚོགས་ཀྱི་ལས་རིགས་ཀུན་པོར། རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་རྐང་འཛིན་གཞོན་ནུ་སྐོར་ཅིག་གསོ་སྐྱོང་གནང་ཡོད”ཅེས་རང་གི་བྱས་པ་ཆུད་གཟོན་དུ་མ་གྱུར་པ་ལ་དཔའ་གདེང་དང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད། དེ་བས། དུས་ད་ལྟ་ཡང་མཚོ་སྔོན་པོ་གླེང་ན་ཆབ་ཆ་དྲན་ཡོང་ལ། ཡུལ་ཆབ་ཆ་གླེང་ན་སློབ་ཆེན་དེ་དྲན་ཡོང་། ལྷག་ཏུ། ད་ལྟ་བཞུགས་དང་མི་བཞུགས་པའི་སྐུ་དྲིན་ཅན་འགའ་རེའི། བྱམས་བརྩེའི་ཐུགས་དགོངས་ཟབ་མོ་ལས་སྨིན་པའི་གསུང་དབྱངས་གསེར་ནག་གི་རིལ་བུ་དེ། ཆབ་ཆ་མཐོང་བའི་མོད་ལ་བློ་ལ་ཤ་ལེར་དྲན་ཡོང་། རང་རེའི་ཕྱི་རབས་པ་དག་གིས་སྔ་ས་ནས་གཏིང་བརྗེད་དུ་གྱུར་ཅིང་། གནས་སྐབས་འདིར་ཡང་། གོ་ཁ་ནས་གླེང་གི་མེད་ཀྱང་ཆོག ས་མཐའ་ནས་དྲན་གྱི་མེད་ཀྱང་རུང་། གསེར་ཆེན་རི་བོས་བརྗེད་མི་སྲིད། ཁྲི་ཤོར་རྒྱལ་མོས་བརྗེད་མི་སྲིད། སྐྱེས་བུ་དམ་པ་མང་པོས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་ཆབ་ཆའི་ཡུལ་འདི་ནི། མཁས་དབང་གསེར་རིའི་ཕྲེང་བས་མངོན་པར་བརྒྱན་པའི་གསེར་གཞུང་རིང་མོ་ཞིག་ཏུ་ངོས་བཟུང་ཆོག་པས། སྙིང་གི་ལྟེང་ཀ་རུ་ལོ་ཟླར་འཁྱིལ་ནས། དཔྲལ་བའི་མིག་ཟུང་ལས་དར་ཅིག་བབས་པའི། ཁོ་བོའི་ཉམ་ཆུང་གི་མཆི་མ་དེ་ཡང་གཞར་ནས་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། «ཨེ་མ། མཚོ་སྔོན་པོ»ཞེས་པའི་གླུ་གཞས་འདིས། གཞོན་ནུའི་དུས་ཀྱི་ཆབ་ཆའི་སྔོ་ཡུག་ཡུག་གི་ནམ་མཁའ་དང་འོད་ལམ་ལམ་གྱི་ལོ་ཟླ་དྲན་དུ་བཅུག གནས་འདི་རུ་ང་ཡི་དབྱངས་གསལ་གྱི་ནགས་ཚལ་ཡོད། ང་ཡི་བཀྲེས་ལྟོགས་ཀྱི་ཉིན་མཚན་ཡོད། ང་ཡི་གཞོན་གསར་གྱི་ནམ་མཁའ་ཡོད་ལ«ཕྱི་དྲོ། རླུང་གཡུགས»ཞེས་པའི་བྱིས་བློ་ཡི་སྙན་ངག་ཀྱང་ཡོད། ད་དུང་ང་ཚོའི་མི་རྐྱང་གདོང་ག་དང་སྡེ་ཆེན་རྩེད་ར་ཡོད། གཞན་དུ་ཡང་། མིང་ལ་ཅི་ཟེར་གཏིང་ནས་བརྗེད་ཅིང་། བློ་བ་ཤིན་ཏུ་ཉེ་བའི་གཞོན་ནུ་མ་སྐོར་ཅིག་གི་འཇིག་རྟེན་སྣང་བའི་མིག་ཆུའི་ཟིལ་བ་ཡང་ཡོད།
ལུས་རྟེན་འདིའི་བྱང་ཁོག་སྟོད་ལ། ཡུན་རིང་དཀག་ཅིང་སྲ་འཐས་སུ་གྱུར་བའི་འཁོར་བའི་སྙིང་བོ་ཡོད་ཚད་ཀྱི་བག་ཆགས་མཁྲེགས་པོ་དེ། འཁྱགས་ཀླུང་དཔྱིད་རླུང་གིས་ཞུས་པ་བཞིན། དཔྱིད་ཀ་འདིའི་དཔའ་རིས་པ་རིག་འཛིན་སྒྲོལ་མའི་བབ་ཆགས་དྭངས་གསལ་གྱི་གདངས་དབྱངས་སྙན་མོ་དང་། ཡིད་དུ་འོང་བའི་མཉམ་སྒྲོག་རོལ་མོ། ཁོ་བོའི་རང་བྱུང་ལྷུན་གྲུབ་ཀྱི་མཆི་མའི་ཆར་བ་བཅས་ཀྱིས་མཐའ་དབུས་མེད་པར་གཞི་གཅིག་ཏུ་བརླན་སོང་། གླུ་སྐད་འདིའི་ཁྲོད་ནས། ངས་བརྗེད་ཟིན་པའི་ཆབ་ཆ་ཞིག་ཡང་བསྐྱར་དྲན་བྱུང་། གླུ་སྐད་འདིའི་ཁྲོད་ནས། ཁྱེད་དང་ཁོ། ད་དུང་ཁོ་མོ། ང་ཚོ་ཚང་མ་ཆབ་ཆ་ཡིན་པའང་གཞི་ནས་དཔོགས་ལ། ང་ཚོས་གཏན་དུ་བརྗེད་མི་རུང་པའི་ཀ་ཆེན་དང་རྡོ་རིང་ལྟ་བུའི་སྐྱེས་ཆེན་སྐོར་ཅིག་ཀྱང་། མཚོ་སྔོན་པོའི་གནམ་སའི་ཧྲག་བར་ནས། མཚོ་སྔོན་པོའི་གླུ་སྐད་དང་ལྷན་དུ་རིམ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་སྣང་སོང་།
མཆན། ①དམངས་ཁྲོད་དུ་ཆབ་ཆའི་དཔྱིད་རླུང་ལ་ས་གྲུ་བཞིའི་ཨ་ཞང་ཞེས་ཟེར།
རྩོམ་ཁུངས། ༢༠༢༣ལོའི«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།