ཟྭ། ཚེ་དབང་རྣམ་རྒྱལ།
རྩོམ་པ་པོ།:ཚེ་དབང་རྣམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-23 08:39:40
ཀློག་གྲངས།:
ཟྭ།
ཚེ་དབང་རྣམ་རྒྱལ།
“ང་ཚོ་མི་ཞེས་པ་འདི་མདོར་ན་ཟྭ་ཞིག་རེད།”
ཚོང་ཁང་འདི་དག་གི་སྒོ་དྲུང་བརྒྱུད་ནས་འགྲོ་དུས། ངའི་ཡིད་ལ་གློ་བུར་དུ་བསྟན་འཛིན་དཔལ་ལྷའི་སྐད་ཆ་འདི་དྲན་བྱུང་། མཚན་མོ་དེར། བསྟན་འཛིན་དཔལ་ལྷས་སྐད་ཆ་འདི་བཤད་དུས། ང་ནི་ཁོ་མོའི་མཐོང་ལམ་དུ་ཅིས་ཀྱང་གསལ་ལ་མི་གསལ་བ་ཞིག་ཡིན་སྲིད། རྒྱུ་མཚན། སྐབས་དེར་བསྟན་འཛིན་དཔལ་ལྷའང་ངའི་ཁ་གཏད་དུ་དེ་འདྲའི་གསལ་བོ་ཞིག་སྣང་མི་འདུག དེ་བཞིན་དུ། ངས་ཁོ་མོའི་སྐད་ཆ་འདི་སྒྲ་འཛིན་གྱིས་ཟིན་པའང་དེ་འདྲའི་གསལ་ལ་མི་གསལ་བ་ཞིག་རེད། གང་ལྟར། མཚན་གཞུང་དེར། ང་དང་བསྟན་འཛིན་དཔལ་ལྷ། ད་དུང་ཁོ་མོའི་སྐད་ཆ་དེ། དེ་དག་ཡོད་ཚད་ཆང་ཁང་དེའི་མུན་པའི་ཀློང་དུ་སུ་ཞིག་གིས་བསུབ་ལ་ཉེ་བ་དང་འདྲ་བར་གསལ་ལ་མི་གསལ་བ་ཙམ་དུ་སྣང་།
འོན་ཏེ། སྐབས་ཐོག་འདིར། ང་རང་ཚོང་ཁང་འདི་དག་གི་སྒོ་དྲུང་བརྒྱུད་ནས་འགྲོ་དུས། མཚན་མོ་དེར་བསྟན་འཛིན་དཔལ་ལྷས་བཤད་པའི་སྐད་ཆ་ཞིག འདི་ལྟར་མཐོ་སྒང་འདིའི་ཉི་འོད་དང་འདྲ་བར། ཕྱི་གསལ་ནང་གསལ་གྱིས་ངའི་ཕྱིར་དྲན་དུ་འཕོས་ཡོང་བ་ནི་ངོ་མ་དགོད་བྲོ་བ་ཞིག་རེད།
བསྟན་འཛིན་དཔལ་ལྷ་ཞེས་འབོད་པའི་དབུས་ཀྱི་བུ་མོ་འདི་ནི་ངའི་དགའ་རོགས་ཡིན་ཟེར། འདི་ནི་ཁོ་ཚོས་བཤད་པ་རེད། ང་ནི་ཟེར་སྒྲོས་འདི་དང་འབྲེལ་བ་ཅི་ཡང་མེད། ཁོ་ཚོས་ཐོག་མར་བསྟན་འཛིན་དཔལ་ལྷ་ངའི་དགའ་རོགས་ཡིན་ཟེར་ཞིང་། དེ་ནས་ཅང་མ་འགོར་བར། བསྟན་འཛིན་དཔལ་ལྷ་ངའི་དགའ་རོགས་ཡིན་པར་ཁ་ཚོན་བཅད་སོང་། ཕལ་ཆེར་དུས་སྐབས་དེ་ཙམ་ཞིག་ནས་བཟུང་། བསྟན་འཛིན་དཔལ་ལྷས་རྣམ་ཀུན་གླེང་གཞི་མདོ་མེད་རེ་དྲུངས་འོངས་ཏེ། ང་དང་ཉེ་བར་གཅར་རྩིས་བྱེད་ལ། ཉེ་བར་བཅར་ཏེ་ངའི་ལྐོག་ཏུ་གྱུར་བའི་ཆ་གང་ཞིག་ལ་རེག་ཙམ་རེག་ཙམ་བྱས་འོངས། དེ་ནི་ལྡེ་མིག་ཅིག་གིས་ཟྭ་གང་ཞིག་འབྱེད་འདོད་པ་དང་ཡོངས་སུ་མཚུངས། དེ་བས། སྐབས་དེ་ཤེད་ཅིག་ནས་བཟུང་། བསྟན་འཛིན་དཔལ་ལྷ་ངའི་སུན་སྣང་དུ་གྱུར་ཅིང་། ངས་ནི་རྣམ་ཀུན་ཁོ་མོ་དང་བར་ཐག་ངེས་ཅན་ཞིག་བཟུང་བ་ཡིན།
འོན་ཏེ། མཚན་མོ་དེར། ངས་རང་ཉིད་ལ་ཅི་ཞིག་བྱུང་སོང་བ་ངོ་མ་བཤད་དཀའ། ཡིད་འཇོག་ཙམ་བྱུང་དུས། ཆང་ཁང་དེའི་རོལ་དབྱངས་ཡིན་ཟེར་བའི་འུར་ཟིང་གི་འཇིངས་སུ། ང་ནི་བསྟན་འཛིན་དཔལ་ལྷའི་ཁ་གཏད་དུ་བསྡད་འདུག་ལ། བསྟན་འཛིན་དཔལ་ལྷ་ངའི་ཁ་གཏད་ཀྱི་མུན་པའི་ཀློང་དུ་བསྡད་འདུག སྐབས་རེར། རོལ་དབྱངས་ཀྱི་འཕྱོ་འཇགས་དང་བསྡོངས་ནས་གློག་འོད་ཕྲ་མོ་རེ་འཁྱུག་ཙམ་བྱས་པ་ན། བསྟན་འཛིན་དཔལ་ལྷ་ཐོག་མར་ངའི་ཁ་གཏད་ཀྱི་མུན་པའི་ངོས་ལས་ཚུར་སྣང་ཡོང་ལ། དེ་ནས་ཅང་མ་འགོར་བར་སླར་མུན་པའི་ཀློང་ལ་འཐིམ་སྟེ་འགྲོ། དེ་ནི་ཁོ་མོ་ཐོག་མར་རས་གཞི་ནག་པོ་ཞིག་ལ་བྲིས་ཤིང་། དེ་ནས་ཡང་བསྐྱར་རས་གཞི་ནག་པོ་དེ་ལས་བསུབས་པ་དང་ཧ་ཅང་མཚུངས། རེ་གསལ་རེ་ཡལ་གྱི་ཁ་མཚམས་དེ་རུ། ངས་བསྟན་འཛིན་དཔལ་ལྷའི་མཆུ་སྒྲོས་ལེབ་མོ་གཉིས་བྱིའུ་ཞིག་གི་གཤོག་པ་དང་འདྲ་བར། ཡང་ནས་ཡང་དུ་རྡེབ་ཀྱིན་པ་མཐོང་འོངས་ལ། མཆུ་སྒྲོས་ཀྱི་གཤོག་ཟུང་ཡང་ཡང་བརྡེབས་པ་ལས། ཐ་སྙད་གང་མང་ཞིག་གི་བརྡ་དོན་ཡང་ཆང་ཁང་འདིའི་མུན་པ་དང་སྦྱིབས་ནས་ངའི་ཕྱོགས་ལ་སྤུར་གྱིན་འདུག འོན་ཏེ། ངས་མཆིལ་ཞགས་ཕྲ་མོ་རེ་ཁ་གཏད་ཀྱི་མུན་པའི་ཀློང་ནས་ཚུར་ཐོར་འོངས་པ་ཙམ་ལས་གཞན་ཅི་ཡང་ཐོས་མ་སོང་། གང་ལྟར། བསྟན་འཛིན་དཔལ་ལྷ་དང་ངེད་གཉིས་ཀ་ཆང་ཁང་དེའི་མུན་པའི་ཁྲོད་བྱིང་ནས་ཕལ་ཆེར་ནམ་གུང་ཡོལ་ཟིན་མོད། འོན་ཏེ། ང་ལ་ཞེ་མཇེད་པའམ། ཡི་ག་འཆུས་འགྲོ་བའི་སྣང་བ་ཅི་ཡང་མ་བྱུང་། འདི་ནི་ངོ་མ་རློམ་དཀའ་བ་ཞིག་རེད། ནམ་རྒྱུན་ཡིན་ན། ང་ནི་བསྟན་འཛིན་དཔལ་ལྷ་དང་མཉམ་དུ་དུས་ཡུན་སྐད་ཅིག་ཙམ་ལའང་སྡོད་མི་ཚུགས་ཤིང་། ཁོ་མོ་དང་མཉམ་དུ་བསྡད་པའི་དུས་ཀྱི་ཆ་ཤས་ཕྲ་མོ་རེར་ཡང་། ང་ལ་རང་ཉིད་ཀྱི་ཆ་ཤས་གང་ཞིག་ཁོ་མོས་བརླམས་འགྲོའམ། མནོལ་འགྲོ་བའི་རྣམ་རྟོག་ཅིག་ཡང་ནས་ཡང་དུ་སྐྱེས་འོངས། ཡིན་ཡང་། མཚན་མོ་དེར། ངས་བསྟན་འཛིན་དཔལ་ལྷ་ཞེས་འབོད་པའི་བུ་མོ་དེ་དང་མཉམ་དུ། ཝུ་ཆང་གི་ཤེལ་དམ་རེ་རེ་ཁོག་སྟོང་དུ་ཕུད་དུས། ཡོད་ཚད་དེ་འདྲའི་རྒྱུན་ལྡན་ཞིག་ཏུ་སྣང་ཡོང་།
ཆང་ཁང་དེའི་གློག་འོད་སྔར་བཞིན་མིག་འབྱེད་འཛུམ་གྱི་ཟོལ་གྱིས་ཐོར་འོངས་ལ། རོལ་དབྱངས་ལྡར་ལྡིར་ཞིག་སྒྱིད་ལུག་གིས་མཆེད་འོངས་པ་དེའང་ནམ་གུང་གི་སྔུར་བ་འདྲེན་སྟངས་ཤིག་དང་གཉིས་སུ་མེད། དེ་དག་ཡོད་ཚད་ཀྱིས་ང་ལ་རང་ཉིད་ནི་སྣང་བ་དང་མུན་པའི་ཁ་མཚམས་ཤིག་གམ། འུར་ཟིང་དང་ལྷིང་འཇགས་ཀྱི་ཁུགས་སོ་ཞིག ཡང་ན་མངོན་སུམ་དང་ལྐོག་གྱུར་གྱི་གདགས་སྲིབ་ཅིག་ཏུ་ལུས་འདུག་པའི་ཉམས་སྣང་ཞིག་དུས་དུས་སུ་བསྟབས་འོངས། ཏག་ཏག་མངོན་སུམ་དང་ལྐོག་གྱུར་གྱི་ཚིགས་མལ་དེ་ཤེད་ཅིག་ནས། བསྟན་འཛིན་དཔལ་ལྷས་ཁོ་མོའི་ཕྲ་ཞིང་མཉེན་པའི་གཡོན་ལག་གི་གྲུ་ཁུགས་ངའི་མཇིང་བར་བཀོད་ཅིང་། གཡོ་འཛུམ་གློ་བུར་བ་ཞིག་མངོན་ཏེ། “ང་ཚོ་མི་ཞེས་པ་འདི་མདོར་ན་ཟྭ་ཞིག་རེད། ཆེས་མ་མཐའ་ཡང་ཁྱོད་ནི་དེ་ལྟར་རེད”ཅེས་བཤད་ལ། ཤེད་ཤུགས་ཡོད་རྒུས་ང་རང་ཕར་འཐེན་ཙམ་བྱེད།
“དེས་ན། བར་སྐབས་འདི་ནི་ཁྱོད་ཀྱིས་ཟྭ་དེ་འབྱེད་བཞིན་པའི་གོ་རིམ་ཞིག་ཡིན་ནམ།”
འདི་ནི་ངས་བསྟན་འཛིན་དཔལ་ལྷའི་སྐད་ཆ་དེར་ཕྱིར་ལན་ཅི་ཡང་མ་རྙེད་པར། སྣང་མེད་དུ་ལབ་པའི་སྐད་ཆ་ཞིག་ཡིན་མོད། འོན་ཏེ། ཁོ་མོས་རེ་ཞིག་ངའི་སྐད་ཆ་དེར་བསམ་བློ་བཏང་ནས་སྡོད་ཅིང་། དེ་ནས་ཧ་ཅང་གཟབ་ནན་གྱི་ཅི་ཞིག་སྨིན་དབྲག་ཏུ་སྡུད་ཀྱིན“ཁྱོད་ནི་འབྱེད་འདོད་ན་འབྱེད་ཐུབ་པའི་ཟྭ་ཞིག་གཏན་ནས་མ་རེད། ཨུན། ཇི་ལྟར་བརྗོད་འོས་སམ”ཞེས་ཚུར་ལྟ་ཙམ་བྱེད་ལ། དེའི་མུར་ཅི་ཞིག་ལ་བསམ་བློ་བཏང་ནས་བསྡད། སྐབས་འདིར། ཁོ་མོས་སྔར་ལས་ལེགས་པའི་རྗོད་པ་ཞིག་གི་མགོ་རྐང་སྒྲིག་གིན་པ་ངས་གསལ་བོར་ཚོར་ཐུབ། ཡིན་ཡང་། བར་མཚམས་འདིར། ངེད་གཉིས་ཀྱང་ཆང་ཁང་འདི་དང་མཉམ་དུ། རབ་རིབ་དང་བན་བུན་གྱི་འཇིངས་གང་ཞིག་ལ་ནུབ་ཀྱིན་འདུག་པས། ངས་ཁོ་མོས་སྔར་ལས་ལེགས་པའི་རྗོད་པ་ཞིག་རྙེད་སྲིད་པར་རེ་བ་གང་ཡང་བཅངས་མེད། འོན་ཏེ། བར་སྐབས་ཤིག་ལ། ཁོ་མོས་ཅི་ཞིག་དྲན་པའི་ཟོལ་གྱིས་མགོ་བོ་ཡར་དགྱེ་ཞིང་། ཡང་བསྐྱར་ཝུ་ཆང་ཕོར་བ་གང་རྔམ་འཐུང་བྱས་རྗེས། “འོ་རེད། ཁྱོད་ཀྱི་ཟྭ་དེ་ཁྱོད་ཀྱིས་མ་གཏོགས་སུས་ཀྱང་འབྱེད་དཀའ་བ་འདྲ། ཡང་གཅིག་བཤད་ན། ཁྱོད་ནི་ཟྭ་སྟེ། ཁྱོད་ནི་ལྡེ་མིག་ཀྱང་ངོ”ཞེས་བཤད་བྱུང་།
བསྟན་འཛིན་དཔལ་ལྷའི་སྐད་ཆ་བཤད་སྟངས་འདིར་ང་རང་ཅུང་ཡ་མཚན་པར་གྱུར། དེ་བས་ཀྱང་ཡ་མཚན་དགོས་པ་ནི། ཆེས་མཐའ་མར། ངེད་གཉིས་ཅི་ཡིན་འདི་ཡིན་མེད་པར་ངའི་རྡོ་ཁང་གྲུ་བཞི་དེའི་སྒོ་དྲུང་དུ་བསླེབས་འདུག་པ་དེ་རེད། རྡོ་ཁང་གྲུ་བཞི་དེའི་སྒོ་དྲུང་དུ། ངས་ཐོག་མར་ལྡེ་མིག་དག་གི་དབྱེ་བ་མ་ཁོར་བར་རེ་ཞིག་ལུས་ཤིང་། དེ་ནས་ཟྭའི་ཨི་ཁུང་མ་རྙེད་པར་ཡང་ཅུང་ཟད་བགོར་ཙ་ན། བསྟན་འཛིན་དཔལ་ལྷས“ཁྱོད་ཀྱི་སྒོའི་ལྕགས་ཟྭ་དེའང་། ཁྱོད་དང་འདྲ་བར་འབྱེད་དཀའ་ཚོད་གདའ་ཨང”ཞེས་གད་མོ་ཡང་ཡང་དགོད་པར་བྱེད།
ད་ལྟ། ངས་བསྟན་འཛིན་དཔལ་ལྷའི་སྐད་ཆ་དེ་དག་ལ་ཕྱིར་དྲན་བྱེད་བཞིན་མདུན་ལ་སྐྱོད་ཀྱིན་པའི་གནས་འདི་ནི། མཐོ་སྒང་གི་གྲོང་ཁྱེར་འདིའི་ཆེས་སྤྱིར་བཏང་གི་སྲང་ལམ་ཞིག་རེད་ལ། གྲོང་ཁྱེར་འདིར་འདི་ལྟ་བུའི་ཆེས་སྤྱིར་བཏང་གི་སྲང་ལམ་མང་བོ་ཞིག་ཡོད། དེར་མ་ཟད། སྲང་ལམ་དེ་དག་གི་ལམ་འགྲམ་དུའང་སྲང་ལམ་འདི་ཉིད་དང་འདྲ་བར་ཚོང་ཁང་ཆེ་ཆུང་སྣ་ཚོགས་ཤིག་ཕྲེང་བར་བསྒྲིགས་ཡོད་ཅིང་། ཕར་བལྟས་ཚོད་དུ། ཚོང་ཁང་དེ་དག་གི་ཆགས་དབྱིབས་ནི་བྱིས་པ་ཚོའི་རྩེད་ཆས་སྒྲིག་སྟངས་ཤིག་དང་ཤིན་ཏུ་མཚུངས། རྣམ་ཀུན་ས་རུབ་ཐེངས་རེར། ཚོང་ཁང་དེ་དག་གིས་སྒོ་དམ་པོར་གཏན་རྗེས། སྒོ་རེ་ལ་ལྕགས་ཟྭ་ཆེན་པོ་རེ་རྒྱག་པར་བྱེད་ཅིང་། ནམ་ལངས་མ་ཐག ལྕགས་ཟྭ་དེ་དག་རེ་རེ་བཞིན་ཕྱེ་ནས་ཚོང་ཁང་གི་སྒོ་མོ་ཡངས་པོར་དབྱེ་ངེས་ཡིན། ཚུལ་དེར་ཡང་བྱིས་པ་རྣམས་རྩེད་འཇོར་རོལ་བའི་ཆ་ཞིག་ཅིས་ཀྱང་ཡོད་སྣང་སྟེར།
གང་ལྟར། ད་ནི་གྲོང་ཁྱེར་འདིར་ཉིན་གསར་བ་ཞིག་གི་འགོ་བརྩམས་ནས་རིང་ཙམ་འགོར་ཡོད་ཅིང་། ལམ་འགྲམ་གྱི་ཚོང་ཁང་ཕལ་མོ་ཆེས་ཀྱང་སོ་སོའི་སྒོ་གླེགས་ཕྱོགས་ཕྱོགས་སུ་བརྒྱངས་ཏེ། ཁ་གཏད་ཀྱི་འཇིག་རྟེན་འདིར་སྦ་གསང་ཅི་ཡང་མེད་མདོག་སྟོན། འོན་ཏེ། ཚོང་ཁང་རེ་རེའི་སྒོ་དྲུང་དུ། སྐབས་རེར་ཙོག་པུར་སྡོད་པའམ། ཡང་སྐབས་རེར་འགྲེང་ནས་སྡོད་པའི་མི་དེ་དག་མཐོང་བ་ན། ངའི་ཡིད་ལ་ཡང་བསྐྱར་བསྟན་འཛིན་དཔལ་ལྷའི་སྐད་ཆ་དེ་འཁོར་ཡོང་། ངོ་མ། བསྟན་འཛིན་དཔལ་ལྷས་བཤད་པ་བཞིན། ཚོང་ཁང་འདི་དག་གི་སྒོ་དྲུང་དུ་ཡོད་པའི་མི་རེ་རེའང་། མཐར་གཏུགས་ན་ཟྭ་རེ་ཡིན་པ་འདྲ་ཨང་། གལ་སྲིད། མི་འདི་དག་ནི་དངོས་གནས་ཟྭ་རེ་ཡིན་ཚེ། བསྟན་འཛིན་དཔལ་ལྷའི་རིགས་ལམ་ལྟར་ན། ད་ནི་མི་དེ་དག་ནི་ཅིས་ཀྱང་ལྡེ་མིག་རེའང་ཡིན་དགོས་པ་རེད།
ངས་འདི་ལྟར་ཟྭ་དང་ལྡེ་མིག་གི་སྐོར་ལ་བསམ་བློ་བཏང་ནས་འགྲོ་དུས། གློ་བུར་དུ། ངའི་ཡིད་ལ་དོགས་གཞི་གཞན་ཞིག་འཁོར་ཡོང་། དེ་ནི་དེ་རིང་ཞོགས་པར་ངས་ཅིའི་ཕྱིར་ཟྭ་དང་ལྡེ་མིག་གི་སྐོར་ལ་འདི་འདྲའི་དོ་སྣང་ཞིག་བྱ་དགོས་སོང་བ་དེ་རེད། ངོ་མ། འདི་ལ་གནས་ལུགས་ཅི་ཡང་མི་འདུག དེ་ནི་ཧ་ཅང་འབྱེད་དཀའ་བའི་ཟྭ་ཞིག་དང་འདྲ་བར། ཅིས་ཀྱང་རྟོགས་དཀའ་བ་ཞིག་རེད།
གང་ལྟར། སྐབས་འདིར། ངའི་ཡིད་ལ་ཟྭ་དྲན་ཡོང་། ངའི་ཡིད་ལ་རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་དེའི་སྒོའི་ལྕགས་ཟྭ་འཁོར་འོངས་ཤིང་། སྒེའུ་ཁུང་སོ་སོའི་འདེད་ཟྭ་དག་ཀྱང་དྲན་ཡོང་། ད་དུང་ཐེམ་སྒམ་གྱི་ཟྭ་དང་གོས་སྒམ་གྱི་ཟྭ། དཔེ་སྒྲོམ་གྱི་ཟྭ། བཀད་ས་དང་སྣམ་ཕྱིང་གི་སྒོ་ཟྭ། ཟྭ་འདི་དག་རེ་རེ་བཞིན་དྲན་འོངས་མ་ཐག ངས་ད་གཟོད་རང་ཉིད་ལ་ཇི་འདྲའི་ཟྭ་མང་བོ་ཞིག་ཡོད་པར་ཡིད་འཇོག་བྱུང་ལ། མ་གཞིར། རང་ཉིད་ནི་ཟྭའི་འཇིག་རྟེན་ཞིག་ཏུ་འཚོ་བཞིན་པའང་གཞི་ནས་ཚོར་ཡོང་། འོ་རེད་ཡ། ད་ནངས་ཞོགས་པར་ལས་ཚོགས་སུ་ཡོང་ཁར། ངས་ཟྭ་ཡོད་ཚད་ལེགས་པོར་བརྒྱབ་ཡོད་དམ། ཏག་ཏག་བར་སྐབས་འདི་ཙམ་ཞིག་ཏུ། ངའི་ཡིད་ལ་གློ་བུར་དུ་གནད་དོན་འདི་འཁོར་ཡོང་།
སྤྱིར་ཡིན་ན། ང་ལ་ཟྭ་རྒྱག་པའི་གོམས་གཤིས་ལེགས་པོ་ཞིག་ཡོད། ངས་རྣམ་ཀུན་རང་ཁྱིམ་གྱི་ཟྭ་ཡོད་ཚད་ནན་ཏན་གྱིས་རྒྱག་སྲིད་པར་མ་ཟད། ཟྭ་ཡོད་ཚད་བརྒྱབ་རྗེས། ཡང་བསྐྱར་མགོ་ནས་མཇུག་བར་དུ་ཞིབ་བཤེར་ལན་གཅིག་ཀྱང་སོང་བ་ཡིན། འདི་ནི་ངའི་གོམས་གཤིས་ཤིག་ཏུ་བརྗོད་ཆོག་ལ། དེ་བས་ཀྱང་འཚོ་བ་རོལ་སྟངས་ཤིག་ཏུ་ངོས་བཟུང་ཡང་མི་རུང་བ་ཅི་ཡང་མེད། གང་ལྟར། ངའི་འཚོ་བའི་ཁྲོད་དུ་ཟྭ་ཞེས་པ་འདི་མེད་དུ་མི་རུང་ལ། ཟྭ་ལེགས་པོར་རྒྱག་པའི་ལས་ཀ་དེར་ནམ་ཡང་འཐུས་ཤོར་བྱུང་མྱོང་མེད། ངའི་ཉམས་སྣང་ཞིག་ལ། གལ་སྲིད་ཟྭ་ཞེས་པ་འདི་མེད་ཚེ། རང་ཉིད་ནི་མི་གཞན་གྱི་ཁ་གཏད་དུ་སྒྲེན་པོར་ལུས་པ་དང་གཉིས་སུ་མི་འདུག་སྙམ། འོན་ཏེ། ད་ནངས་ཞོགས་པར། ངས་ཡང་སྙིང་རང་ཁྱིམ་གྱི་ཟྭ་ཡོད་ཚད་བརྒྱབ་ཡོད་དམ་མེད། འདི་ནི་ཅིས་ཀྱང་ལམ་སང་ཁ་ཚོན་ཆོད་དགོས་པའི་གནད་ཅིག་རེད། ཡིན་ཡང་། སྐབས་འདིར། ངའི་ཡིད་ལ་ཅི་ཡང་དྲན་གྱིན་མི་འདུག གལ་སྲིད། ངས་རང་ཁྱིམ་གྱི་ཟྭ་ཡོད་ཚད་ལེགས་པོར་བརྒྱབ་ཡོད་ཅིང་། ནམ་རྒྱུན་དང་འདྲ་བར་ཞིབ་བཤེར་ལན་གཅིག་ཀྱང་སོང་ཡོད་ཚེ། སྐབས་ཐོག་འདིར། ངའི་འདུ་ཤེས་སུ་ཕྱིར་དྲན་ཐོར་བུ་རེའམ། ཆུང་དུ་ན། བག་ཆགས་སད་སུད་ཅིག་ཅིས་ཀྱང་ལྷག་ཡོད་ཨང་། ཡིན་ཡང་། བར་གླགས་འདིར། ངའི་དྲན་འཛིན་ནི་མཐོ་སྒང་གི་གྲོང་ཁྱེར་འདིའི་བར་སྣང་དང་འདྲ་བར། དེ་ལྟར་སྟོང་ཞིང་སྟོངས་པའི་ཚུལ་དུ་ལུས་འདུག དེས་ན། ད་ནངས་ཞོགས་པར། ངས་རང་ཁྱིམ་གྱི་ཟྭ་རྒྱག་རྒྱུ་བརྗེད་ཟིན་ནམ།
དཔེ་མི་སྲིད། ང་ལ་ཟྭ་རྒྱག་པའི་གོམས་གཤིས་ལེགས་པོ་ཞིག་ཆགས་ཡོད། ངའི་ཉིན་གཅིག་གི་འཚོ་བའི་གོ་རིམ་དུ། རང་ཁྱིམ་གྱི་ཟྭ་ཡོད་ཚད་ནན་ཏན་གྱིས་རྒྱག་རྒྱུ་ནི་ཅིས་ཀྱང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྲུབ་ཡོད། དེ་བས། ད་ནངས་ཞོགས་པར་ཡང་། ངས་འདས་ཟིན་པའི་ཞོགས་པ་གང་མང་ཞིག་དང་འདྲ་བར། རང་ཁྱིམ་གྱི་ཟྭ་ཡོད་ཚད་བློ་ཁེལ་བ་ཞིག་བརྒྱབ་ཡོད་ངེས། ངའི་སེམས་སུ་འདི་ལྟར་ཨུ་ཚུགས་བྱེད་བཞིན་ཡོད་མོད། འོན་ཏེ། ཚོང་ཁང་འདི་དག་གི་སྒོ་དྲུང་བརྒྱུད་ནས་མདུན་ལ་སྐྱོད་ཀྱིན་པའི་ངའི་གོམ་མཚམས་སྔ་མོ་ནས་ཆད་འདུག སྐབས་འདིར། ང་རང་ཚོང་ཁང་ཆུང་ངུ་ཞིག་གི་སྒོ་དྲུང་དུ་ཀྲོང་ངེར་འགྲེང་འདུག་ལ། དེ་ནི་འཕྲུལ་ཆས་ཤིག་གི་འཁོར་མཚམས་གློ་བུར་དུ་བཅད་པ་ལྟར། ད་ནི་མུ་མཐུད་དུ་མདུན་ལ་སྐྱོད་པའི་སྒུལ་ཤུགས་ཅི་ཡང་མི་འདུག ངའི་འཁྲིས་ཀྱི་ཚོང་ཁང་ཆུང་ངུ་དེས་ལྕགས་ཀྱི་སྒོ་གླེགས་དེ་གཉིས་ཕྱོགས་ཕྱོགས་སུ་བག་མེད་དུ་བརྒྱངས་འདུག་པས། ཚོང་ཁང་ཆུང་ངུ་དེའི་ནང་རོལ་གྱི་ཡོད་ཚད་དེ་ལྟར་ངའི་མཐོང་ལམ་དུ་སྒྲེན་པོར་མངོན་འདུག ཤེལ་གྱི་སྒྲོམ་པུ་དེ་དང་། སྒྲོམ་པུ་དེར་བཤམས་པའི་རིན་གོང་མཐོ་བའི་ཐ་མག་དེ། ཐ་མག་དེའི་སྟེང་གི་ཡིག་འབྲུ་དེ་དག དེ་དག་ཡོད་ཚད། སྐབས་ཐོག་འདིར་ངས་གསལ་ལེར་མཐོང་ཐུབ། དེ་ལ་ལྐོག་གྱུར་གྱི་ཆ་ཅི་ཡང་མི་འདུག ལྐོག་གྱུར་གྱི་ཆ་ཅི་ཡང་མེད་པ་འདི་ནི་ཇི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་།
འདི་ལྟར་དྲན་མ་ཐག ངའི་ཡིད་ལ་ཡང་བསྐྱར་རང་ཁྱིམ་གྱི་སྒོ་དང་སྒེའུ་ཁུང་དག་འཁོར་ཡོང་། གཅིག་ཏུ་ན། ཏག་ཏག་སྐབས་འདིར་ངའི་རྡོ་ཁང་གྲུ་བཞི་དེའི་སྒོ་དང་སྒེའུ་ཁུང་དག་ཀྱང་། ཚོང་ཁང་ཆུང་ངུ་འདིའི་སྒོ་དང་འདྲ་བར་ཕྱོགས་ཕྱོགས་སུ་བག་མེད་པའི་ཟོལ་གྱིས་བརྒྱངས་ཡོད་ཀྱང་སྲིད་ལ། ངའི་རྡོ་ཁང་གྲུ་བཞི་དེའི་ནང་རོལ་གྱི་ལྐོག་ཏུ་གྱུར་བ་ཡོད་ཚད་ཀྱང་། ད་ནི་སུ་ཞིག་གི་མིག་མདུན་དུ་གོས་ཀྱིས་བོར་བའི་གཞོན་ནུ་མ་ཞིག་དང་འདྲ་བར། ཧ་ཅང་སྐྱེངས་པའི་ཚུལ་གྱིས་མངོན་མེད་པའི་ངེས་པའང་གཏན་ནས་མེད། འདི་ལྟར་བསམ་ཞིང་བསམས་ཚེ། འཇིགས་སུ་རུང་བའི་ཆག་སྒོ་གང་ཞིག་རང་ཉིད་དང་ཉེ་བར་གཅར་གྱིན་པའི་བྲེད་སྔངས་ཤིག་གློ་བུར་གློ་བུར་དུ་སྐྱེས་ལ། སྲང་ལམ་འདིའི་འུར་ཟིང་དུ་གྱུར་བ་ཡོད་ཚད་ཀྱིས་ཀྱང་ད་ནི་ཆག་སྒོ་དེ་ཇི་ལྟར་འབྱུང་སྲིད་པར་བསྒུགས་ཏེ་ཡོད་སྣང་སྟེར། དེ་མ་ཐག ང་རང་མུ་མཐུད་དུ་འདི་ལྟར་འདུག་མི་བཟོད་པས། དེ་མར་ཕྱིར་རང་ཁྱིམ་དུ་ལྡོག་དགོས་བྱུང་།
ངའི་རང་ཁྱིམ་ཞེས་པའི་རྡོ་ཁང་གྲུ་བཞི་དེ་ནི་མཐོ་སྒང་གི་གྲོང་ཁྱེར་འདིའི་ཅུང་བས་མཐའ་ཞིག་ཏུ་གནས་ལ། ད་ལྟའི་གནས་འདི་ནས་གྲོང་ཁྱེར་གྱི་བས་མཐའ་དེར་བསྐྱོད་པར་ཆེས་མ་མཐའ་ཡང་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་དགོས། དེས་ན། མ་འོངས་པའི་ཆུ་ཚོད་ཕྱེད་ཀའི་ཡུན་འདིར་ངས་ཅི་ཞིག་བསྒྲུབ་འོས་སམ། ང་ལ་གློ་བུར་དུ་འདི་འདྲའི་སེམས་ཁྲེལ་ཞིག་སྐྱེས་འོངས། ང་རང་བསྡད་པའི་གླ་གཏོང་རླངས་འཁོར་དེས་གཞུང་ལམ་གྱི་དཀྱོགས་ཆེན་ཁག་དང་རླངས་འཁོར་གྱི་སྲུབས་ཀ་ཇི་སྙེད་ཐོལ་གྱིས་བརྟོལ་ཏེ། མདུན་ནས་མདུན་ལ་རྒྱུག་པར་བྱེད་མོད། འོན་ཏེ། ང་ལ་ད་དུང་གླ་གཏོང་རླངས་འཁོར་འདི་དལ་དྲགས་པའི་འཁང་སེམས་ཤིག་ལན་གཅིག་མིན་དུ་སྐྱེས་ཡོང་།
གླ་གཏོང་རླངས་འཁོར་འདི་དེ་ལྟར་མདུན་ལ་རྒྱུག་པའི་གོ་རིམ་ཧྲིལ་བོར། གཞུང་ལམ་འདིའི་ལམ་འགྲམ་གཉིས་སུ་ཆེ་ཆུང་དང་བཟོ་ལྟ་མི་འདྲ་བའི་སྒོ་མང་བོ་ཞིག་རྒྱབ་ནས་རྒྱབ་ཏུ་ཡལ་བཞིན་འདུག སྒོ་དེ་དག་རྒྱབ་ཕྱོགས་སུ་ཡལ་བའི་རྒྱུན་དེར་དུས་ཡུན་ངེས་ཅན་ཞིག་ལ་ཅེར་ནས་བསྡད་ཚེ། དེ་ནི་སྔ་ཕྱི་གུང་འགྲིགས་པའི་མུ་འབྲེལ་གྱི་ནང་དོན་ཞིག་ཏུ་ཆགས་ཡོང་སྟེ། གློག་བརྙན་གང་ཞིག་གི་བརྙན་མིག་གློ་བུར་དུ་ཇེ་མགྱོགས་སུ་བཏང་བའམ། ཡང་ན་དཔེ་དེབ་ཅིག་གི་ཤོག་ལྷེ་ཡོད་ཚད་བསྟུད་མར་ཕར་སློག་ཚུར་སློག་བྱས་པ་དང་ཡོངས་སུ་མཚུངས། ང་རང་འདི་ལྟར་སྒོ་དེ་དག་རྒྱབ་ཕྱོགས་སུ་ཡལ་བའི་མུ་འབྲེལ་གྱི་རྒྱུན་དེར་གཡེངས་ནས་སྡོད་དུས། ངས་ད་གཟོད་གྲོང་ཁྱེར་འདིར་ཇི་འདྲའི་སྒོ་མང་བོ་ཞིག་ཡོད་པར་གཞི་ནས་ཡིད་འཇོག་བྱུང་ལ། སྒོ་དེ་དག་ལའང་གཞན་གྱིས་འབྱེད་དཀའ་བའི་ཟྭ་རེ་ཡོད་ངེས་པ་གཞི་ནས་དྲན་བྱུང་། འདི་ལྟར་བསམ་བློ་རེ་བཏང་ཚེ། གྲོང་ཁྱེར་འདི་ནི་མ་གཞིར་ཟྭ་བརྒྱབ་པའི་གྲོང་ཁྱེར་ཞིག་རེད་ཨང་།
ངས་འདི་ལྟར་རང་ཉིད་ཀྱི་བསམ་གཞིག་ལ་མཐའ་མའི་སྡོམ་ཚིག་ཅིག་རྙེད་དུས། གླ་གཏོང་རླངས་འཁོར་དེའང་གཞི་ནས་ང་ཚོའི་གཞིས་ཁུལ་དུ་བསླེབས་ཟིན། དེ་རིང་ཡང་། ང་ཚོའི་གཞིས་ཁུལ་འདིར་ནམ་རྒྱུན་དང་འདྲ་བར་གྲགས་འགུལ་ཅི་ཡང་མི་འདུག གྲགས་འགུལ་ཅི་ཡང་མེད་པའི་གནས་སྟངས་འདིས་ང་ལ་རྒྱུས་མེད་ཀྱི་ཚོར་བ་ཞིག་དྲག་ཏུ་བསྐྱེད་འོངས། ཡང་གཅིག་བཤད་ན། ངས་གཞིས་ཁུལ་འདིར་འཚོ་བ་བསྐྱེལ་ནས་ད་ནི་བགྲང་བྱ་བཅུ་ཕྲག་ལྷག་ཕྱིན་ཚར་མོད། འོན་ཏེ། རྣམ་ཀུན་རྒྱུས་མེད་ཀྱི་ཚོར་བ་འདི་སྐྱེས་ཐེངས་རེར། ང་ལ་རང་ཉིད་དུས་ནམ་ཡང་གཞིས་ཁུལ་འདིར་གཏོགས་མི་སྲིད་པའི་ངོས་ཟིན་ཞིག་ངང་གིས་སྦྱིན་འོངས།
ད་ལྟ། ང་རང་གཞི་ནས་རང་ཁྱིམ་ཡོད་སའི་ཁང་བརྩེགས་དེའི་མདུན་དུ་བསླེབས་ཟིན། ངའི་མཐའ་འཁོར་དུ་འགྱིག་ཤོག་ཅིག་རླུང་གིས་སྒུལ་བའི་གྲགས་འགུལ་ཙམ་ཡང་མི་འདུག གཞིས་ཁུལ་འདི་སྔར་བཞིན་འདི་ལྟར་ལྷིང་འཇགས་ཤིག་རེད། ལྷིང་འཇགས་འདིའི་ཁྲོད་དུ། ངས་རེ་ཞིག་རང་ཉིད་ཀྱི་གོམ་མཚམས་མི་འཇོག་ཀ་མེད་བྱུང་། དྲང་མོར་བཤད་ན། སྐབས་འདིར་ང་རང་མུ་མཐུད་དུ་མདུན་ལ་འགྲོ་བའི་སྤོབས་པ་ཡེ་ནས་མི་འདུག འདི་ནི་ཅིའི་ཕྱིར་ཡིན་པ་ངས་ཀྱང་བཤད་དཀའ། གང་ལྟར། རང་ཁྱིམ་ཡོད་སའི་ཁང་བརྩེགས་འདིའི་མདུན་རོལ་ཏུ། ངས་རང་ཉིད་ཀྱི་དབུགས་རྒྱུན་སྔར་ལས་ཇེ་མགྱོགས་སུ་གྱུར་འདུག་པ་ཐོས་ལ། ལག་མཐིལ་དང་ངོ་གདོང་གི་ཆ་གང་ཞིག་ཏུའང་གློ་བུར་བའི་ཚ་ཚད་ངེས་ཅན་ཞིག་འཕེལ་ཡོང་བ་ཚོར་ཐུབ། འདི་ནི་ཞེད་སྣང་ཡིན་ནམ། ངོ་མ། འདི་ནི་ཞེད་སྣང་ཡིན་པ་འདྲ། རེད། ང་ལ་ཞེད་སྣང་སྐྱེ་བཞིན་འདུག ང་ནི་རང་ཁྱིམ་དུ་འགྲོ་བར་ཞེད་སྣང་སྐྱེ་བཞིན་འདུག དེ་ནི་སུ་ཞིག་གིས་ངའི་ཟྭ་ཡོད་ཚད་ཕྱེ་ཟིན་ན་ཅི་བྱ་ཨང་སྙམ་པ་ཡིན་ནམ། ཡང་ན། ཟྭ་ཡོད་ཚད་ཕྱེ་ཟིན་པའི་རང་ཁྱིམ་དུ་ཡང་སྙིང་མི་ཅི་འདྲ་ཞིག་ཡོད་སྲིད་པར་དོགས་པས་ཡིན། ངས་ངོ་མ་བཤད་དཀའ།
ཏག་ཏག་སྐབས་འདིར། གློག་སྐས་ཀྱི་སྒོ་ག་ལེར་ཕྱེ་བྱུང་ལ། སྔོན་མར་གཏན་ནས་མཐོང་མ་མྱོང་བའི་སྐྱེས་པ་ཆ་མེད་ཅིག་ངའི་མཐོང་ལམ་དུ་མངོན་ཡོང་། སྐྱེས་པ་དེ་ནི་གཟུགས་པོ་ཅུང་སྐམ་ཞིང་ཐུང་ལ། རང་ཉིད་ལ་མི་འཚམས་པའི་ཞྭ་མོ་ནག་པོ་ཞིག་མིག་ཁར་འཐེན་འདུག དེ་བས། ངས་སྐྱེས་པ་དེའི་གདོང་གི་ཆ་བྱད་བྱེ་བྲག་པ་དག་ཅིས་ཀྱང་མཐོང་མ་སོང་། དེ་མ་ཐག ང་རང་སྐྱེས་པ་དེ་ཁང་བརྩེགས་འདིའི་ཁང་མིག་གང་ཞིག་ནས་འོངས་པར་མཚར་སྣང་ངེས་ཅན་ཞིག་སྐྱེས་ཡོང་ལ། དེའང་ཞིབ་མོར་བཤད་ན། སྐྱེས་པ་དེ་རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་དེ་ལས་འོངས་པ་མིན་གྲང་སྙམ་པའི་དོགས་པ་ཞིག་རང་དབང་མེད་པར་སྐྱེས་བྱུང་། འདི་ལ་རྒྱུ་མཚན་ཅི་ཡང་མེད་པ་ངས་གསལ་བོར་ཤེས། ཡིན་ཡང་། སྐབས་ཐོག་འདིར། རྒྱུ་མཚན་དང་གནས་ལུགས་ཟེར་རོ་ཅོག་ནི་ལྷག་མ་འབའ་ཞིག་རེད། ང་ནི་དེ་ལྟར་སྐྱེས་པ་དེ་རང་ཁྱིམ་ནས་འོངས་པར་དོགས་པ་སྐྱེས་ཡོང་། ཡང་ན། འདི་ནི་དོགས་པ་ཙམ་ཞིག་ཀྱང་མིན་ལས་ཆེ། འདི་ནི་ཡིད་ཆེས་རིགས་ཤིག་ཡིན་པ་འདྲ། ང་ནི་སྐྱེས་པ་དེ་ཁང་བརྩེགས་འདིའི་ཁང་མིག་གཞན་གང་ལས་ཀྱང་མ་འོངས་པར། ཏག་ཏག་རང་ཁྱིམ་ཉིད་ནས་འོངས་པར་ཡིད་ཆེས་བསྒུལ་དུ་མེད་པ་ཞིག་སྐྱེས་ཡོང་།
སྐབས་འདིར། སྐྱེས་པ་ཆ་མེད་དེ་དང་ངེད་གཉིས་དཔུང་བ་དང་དཔུང་བའི་འཕྲད་མཚམས་ཤིག་ནས། མདུན་རྒྱབ་ཀྱི་ཁ་ཕྱོགས་གཉིས་སུ་བསྣོལ་སོང་ལ། འདི་ལྟར་གཏན་ནས་མི་འདྲ་བའི་ཁ་ཕྱོགས་གཉིས་སུ་བསྣོལ་ནས་འགྲོ་དུས། སྐྱེས་པ་དེས་རང་ཉིད་ལ་མི་འཚམས་པའི་ཞྭ་མོ་ནག་པོ་དེ་ཡང་བསྐྱར་མར་འཐེན་ཙམ་བྱེད། ཁོས་ཞྭ་མོ་མར་འཐེན་ཙམ་བྱེད་པའི་སྟངས་ཀ་དེ་ནི་ཇི་འདྲའི་ཨུ་ཚུགས་ཤིག་རེད་ཨང་། དེ་ནི་གཞན་གྱིས་མཐོང་མི་རུང་བའི་ནོངས་པ་གང་ཞིག་ཐབས་མཁས་ཀྱིས་སྦེད་ཐབས་བྱེད་པ་དང་ཀུན་ནས་མཚུངས། ཚུལ་འདི་མཐོང་ཙ་ན། ངས་ནི་སྐྱེས་པ་དེ་རང་ཁྱིམ་ལས་འོངས་པར་སྔ་ན་མེད་པའི་གདེང་ངེས་ཅན་ཞིག་རྙེད་ཐུབ་པ་འདྲ་ལ། ཐ་ན། སྐྱེས་པ་དེ་ངའི་གུད་ནས་དེ་ལྟར་བྲེལ་སྟབས་ཀྱིས་ཕར་འགྲོ་དུས། ངེད་གཉིས་ཀྱི་དཔུང་བ་འཕྲད་ལ་ཉེ་བའི་བར་སྣང་དེ་རུ། ངས་རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་དེའི་དྲི་ངད་ཀྱང་ཚོར་འོངས་པ་འདྲ། འདི་ལྟར། ངའི་འདུ་ཤེས་ཀྱི་ཟབ་ས་ཞིག་ནས་སྐྱེས་པ་དེ་ནི་རང་ཉིད་ཀྱི་རྡོ་ཁང་གྲུ་བཞི་དེ་ལས་འོངས་པར་ཁ་ཚོན་བསྙོན་དུ་མེད་པ་ཞིག་བཅད་ཟིན་པས། ང་རང་དེ་མར་རྟབ་རྟབ་པོར་གློག་སྐས་སུ་འཛུལ་དགོས་བྱུང་།
གློག་སྐས་ཀྱི་སྒོར་སྲུབས་ཀ་ཕྲན་བུ་ཞིག་ཁད་ཀྱིས་ཕྱེ་འོངས། དེ་ནི་ཤོག་ལྷེ་སྟོང་བ་ཞིག་ཏུ་དྲང་ཐིག་ཅིག་ཤར་མར་འཐེན་པ་དང་གཉིས་སུ་མི་འདུག དེ་མ་ཐག ངས་ནི་རང་ཉིད་སྲུབས་ཀ་ཕྲན་བུ་དེར་འཇུར་མིག་ལ་དྲངས་པའི་ཚུལ་གྱིས་ཕྱི་རོལ་ཏུ་ཕུད་ཅིང་། དབུགས་ཐེངས་གཅིག་གིས་རང་ཁྱིམ་གྱི་སྒོ་དྲུང་དུ་བརྒྱུགས་པ་ཡིན།
མ་གཞིར། བགྲང་བྱ་བཅུ་ཕྲག་ཙམ་ལ། ང་དང་ངའི་ཁ་གཏད་ཀྱི་གྲོང་ཁྱེར་འདིའི་བཅད་མཚམས་སུ་གྱུར་བའི་སྒོ་དེར། གླེང་རི་བའི་གནས་ཚུལ་ཅི་ཡང་བྱུང་མི་འདུག ཡོད་ཚད་དེ་ལྟར་རྒྱུན་ལྡན་དུ་སྣང་། དེ་ནི་ཀུ་རེ་རྩེ་བ་ལྟ་བུ་ཞིག་རེད། དེ་ནི་ངོ་མ་རློམ་དཀའ་བ་ཞིག་རེད། ངའི་སྣང་བ་ལྟར་ན། སྐབས་ཐོག་འདིར་ང་རང་ཡོད་སའི་གནས་འདི་རུ་ཅིས་ཀྱང་དོན་གང་ཞིག་བྱུང་ཡོད་ན་འགྲིགས་ཨང་། ཡིན་ཡང་། དོན་དངོས་ནི་དོན་དངོས་རང་རེད། མཐོ་སྒང་གི་གྲོང་ཁྱེར་འདིའི་བས་མཐའ་འདིར་ཆགས་པའི་གཞིས་ཁུལ་འདི་ཉིད་ཀྱི་རྡོ་ཁང་གྲུ་བཞི་འདིའི་སྒོ་དྲུང་དུ། མ་གཞིར། དོན་བྱ་ཅི་ཡང་བྱུང་མི་འདུག ཆུང་དུ་ན། རྡུལ་ཕྲ་མོ་ཙམ་རླུང་གིས་ཁུར་སོང་བའི་ཤུལ་ཙམ་ཡང་མི་འདུག
རྡོ་ཁང་གྲུ་བཞི་འདིའི་སྒོ་ནི་སྔར་བཞིན་མིག་བཙུམས་འདྲ་ཞིག་གཏན་འདུག་ལ། སྒོའི་སྟེང་གི་ལྕགས་ཟྭ་དེའང་དེ་ལྟར་སོ་ན་གནས་པས། གློ་བུར་དུ། ང་ནི་ཁོང་དགོད་ལན་འགའ་ཤོར་ཅིང་། རང་ཉིད་རང་ཉིད་ལའང་དོགས་མི་བདེ་བ་ལྟ་བུ་ཞིག་བྱུང་། འདི་དག་ཡོད་ཚད་ནི་སུ་ཞིག་གིས་བསམ་གཟས་ནས་ང་ལ་སྙད་རྐོ་བཞིན་པ་དང་འདྲ་ཨང་། གང་ལྟར། ད་ནི་སྒོ་གཏོར་མི་འདུག་ལ། ཟྭའང་བཅག་མི་འདུག་པས། ང་ནི་དེ་མར་ཕྱིར་ལས་ཁུངས་སུ་ལྡོག་རྩིས་བྱས་པ་ཡིན། འོན་ཏེ། རྡོག་མགོ་ཕྱིར་འཁོར་མ་ཐག་པའི་དུས་སྐད་ཅིག་མ་དེར། ངའི་ཡིད་ལ་རྡོ་ཁང་གྲུ་བཞི་འདིའི་ནང་རོལ་གྱི་ཟྭ་དེ་དག་དྲན་འོངས། ང་རང་ཕྱི་རོལ་གྱི་སྒོ་འདིའམ། སྒོ་འདིའི་ལྕགས་ཟྭ་དང་རིང་དུ་གྱེས་ནས་ལས་ཁུངས་སུ་ལྡོག་གྲབས་བྱེད་པའི་དུས་ཐོག་འདིར། ནང་རོལ་གྱི་ཟྭ་དེ་དག་གི་གནས་བབ་ཅི་འདྲ་ཡིན་ནམ། དེ་ནི་ཕྱི་རོལ་གྱི་ལྕགས་ཟྭ་འདི་དང་འདྲ་བར་བདེ་ཞིང་འཚམས་པོར་ཡོད་སྲིད་དམ། དེ་ནི་ཅིས་ཀྱང་ཆ་འཇོག་དཀའ་བ་ཞིག་རེད་ཨང་། དཔེར་ན། ཆེས་སྐྱི་གཡའ་བའི་དོན་དངོས་རེ་ལ་རྣམ་ཀུན་ཆེས་ཡི་གར་འོང་བའི་གདོང་འབག་རེ་ཡོད་སྲིད་པ་མ་ཡིན་ནམ། གཅིག་ཏུ་ན། ཅི་ཡང་བྱུང་མེད་པར་སྣང་བའི་ཕྱི་རོལ་གྱི་སྒོ་དང་སྒོ་འདིའི་ལྕགས་ཟྭ་འདིའང་། ནང་རོལ་གྱི་དོན་དངོས་གཞན་ཞིག་གི་གདོང་འབག་ཙམ་ཡིན་ཡང་སྲིད། འདི་ལྟར་དྲན་འོངས་དུས། རྡོ་ཁང་གྲུ་བཞི་འདིའི་ནང་རོལ་གྱི་ཟྭ་དེ་དག་ལ། ཡང་བསྐྱར་ཞིབ་བཤེར་ལན་གཅིག་འགྲོ་རྒྱུ་ནི་ཅིས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་གོ་རིམ་ཞིག་ཏུ་གྱུར་སོང་། དྲང་མོར་བཤད་ན། ཏག་ཏག་བར་སྐབས་འདིར། ང་རང་གཞི་ནས་རྡོ་ཁང་གྲུ་བཞི་འདིའི་ནང་དུ་འཛུལ་ཞིང་། ཟྭ་དེ་དག་གི་ཞིབ་བཤེར་ཡང་གཞི་ནས་འགོ་བརྩམས་ཚར་འདུག
ངའི་རྡོ་ཁང་གྲུ་བཞི་འདི་ནི་ཁང་མིག་ཆེ་ཆུང་བཞི་ཙམ་གྱིས་གྲུབ་ཅིང་། ཁང་མིག་རེ་ལ་རང་ཉིད་ལ་འཚམས་པའི་སྒོ་རེ་ཡོད་པར་མ་ཟད། སྒོ་རེ་ལའང་རང་ཉིད་འབའ་ཞིག་ལ་དབང་བའི་ཟྭ་རེ་བརྒྱབ་ཡོད། རྣམ་ཀུན་ང་རང་ཕྱི་རོལ་ཏུ་འགྲོ་དུས། ངས་ནི་ཟྭ་འདི་དག་ལེགས་པོར་རྒྱག་གིན་ཡོད་ལ། དུས་རྒྱུན་རང་ཁྱིམ་དུ་སྡོད་དུས་ཀྱང་། ང་རང་ཟྭ་འདི་དག་ནན་ཏན་གྱིས་རྒྱག་པར་དགའ། ང་ལ་མཚོན་ན། ཟྭ་བརྒྱབ་རྗེས། ད་གཟོད་རང་ཉིད་རེད།
སྒོ་སྒོ་རང་ཉིད་རེད་ལ། སྒེའུ་ཁུང་སྒེའུང་རང་ཉིད་རེད། ད་དུང་། དཔེ་སྒྲོམ་དང་གོས་སྒམ། བཀད་ས་དང་སྣམ་ཕྱིང་། མདོར་ན་རྡོ་ཁང་གྲུ་བཞི་འདི། འདི་དག་ཡོད་ཚད། ཟྭ་བརྒྱབ་རྗེས་ད་གཟོད་རང་ཉིད་དུ་འགྲུབ་ཐུབ། རང་ཉིད་དུ་གྲུབ་པ་ནི་ཅིས་ཀྱང་བདེ་སྐྱིད་ཅིག་ཡིན་ཨང་། ཆེས་མ་མཐའ་ཡང་། ང་ལ་མཚོན་ན། དེ་ལྟར་རེད། དེ་བས། ངས་ཐོག་མར་ནམ་རྒྱུན་དང་འདྲ་བར་སྒེའུ་ཁུང་གི་འདེད་ཟྭ་དག་ལ་ཞིབ་བཤེར་བྱས་ཤིང་། དེའི་མུར། དཔེ་སྒྲོམ་དང་གོས་སྒམ་གྱི་ཟྭ། དེ་ནས་བཀད་ས་དང་སྣམ་ཕྱིང་གི་སྒོ་ཟྭ་སོགས་ལ་རེ་རེ་བཞིན་ཞིབ་བཤེར་ལན་གཅིག་སོང་བ་ཡིན། ཞིབ་བཤེར་གྱི་གོ་རིམ་དུ། རྒྱུན་ལྡན་མིན་པའི་སྣང་ཚུལ་ཅི་ཡང་མི་འདུག ཡོད་ཚད་དེ་ལྟར་སོ་ན་གནས་པའི་ཚུལ་དུ་མངོན། རྡོ་ཁང་གྲུ་བཞི་འདིའི་ནང་རོལ་གྱི་ཟྭ་འདི་དག་ལ། སྔར་བཞིན་ཟྭའི་ངོ་བོ་ཤོར་མི་འདུག་པ་གསལ་ཁ་བྱུང་བས། ངའི་རྩིད་སྐུད་ལྟར་བསྒྲིམས་པའི་ཡོད་ཚད་ད་ནི་རེ་ཞིག་ལྷོད་ལ་འབབ་ཐུབ་པར་གྱུར། ཡིན་ཡང་། ངས་ཡང་བསྐྱར་རྡོ་ཁང་གྲུ་བཞི་འདིའི་ནང་རོལ་གྱི་ཟྭ་ཡོད་ཚད་ཐོག་མར་ལན་གཅིག་ཕྱེས་ཤིང་། དེ་ནས་ཡོད་ཚད་ཏན་ཏན་གྱིས་ཕྱིར་ཐེངས་ཤིག་བརྒྱབ་རྗེས། ད་གཟོད་ཕྱི་རོལ་ཏུ་འོངས་པ་ཡིན།
ཕྱི་རོལ་ཏུ། གྲོང་ཁྱེར་འདིར་གཞི་ནས་ཉིན་གུང་གི་བཟོ་ལྟ་མངོན་འདུག ཡིན་ཡང་། ཉིན་གུང་ལ་རན་པར་ད་དུང་ཆུ་ཚོད་ཁ་ཤས་ཤིག་འགོར་དགོས། གང་ལྟར། ཁང་བརྩེགས་དག་གིས་རང་ཉིད་ཀྱི་གྲིབ་གཟུགས་རིང་བོ་དག་ག་ལེར་ཕྱིར་སྡུད་ཀྱིན་འདུག་ལ། ཉི་ཐིག་ཕྲ་མོ་རེ་རླངས་འཁོར་ལམ་འགྲོ་བ་ཞིག་གི་སྒེའུ་ཁུང་དུ་ཕོག་པ་དེར་ཡང་། ཅིས་ཀྱང་ཡིད་འཇོག་བྱ་དགོས་པའི་གྲགས་འགུལ་ངེས་ཅན་ཞིག་ཡོད་པ་འདྲ། ངས་རྡོ་ཁང་གྲུ་བཞི་འདིའི་ཕྱི་སྒོ་དམ་པོར་གཏན་རྗེས། ལྡེ་མིག་ཡང་ཡང་བསྐོར་ཏེ་ཟྭ་བརྒྱབ་པ་ཡིན། ལྕགས་ཀྱི་ལྡེ་མིག་འདི་ཉིད་ངའི་མཛུབ་བར་ནས་ག་ལེར་འཁོར་ཐེངས་རེར། ཟྭའི་ནང་ཤེད་ཀྱི་སོ་འཁོར་རེ་རེའང་ཐག་སྒྲ་ཞིག་དང་བཅས་ཕན་ཚུན་ངོ་འཕྲོད་ནས་འགྲོ་བས། གནས་སྐབས་འདི་ནི་ངས་ད་གཟོད་བདེ་སྐྱིད་ཅེས་པ་དེར་ངོས་བཟུང་བ་ཡིན།
ང་འདི་ལྟར་ཟྭ་འདིའི་ནང་རོལ་ནས་གྲགས་འོངས་པའི་ཐག་སྒྲ་རེ་རེར་གཡེང་ནས་སྡོད་དུས། རླུང་བུ་ཁེར་འགྲོ་ཞིག་གློ་བུར་དུ་ང་དང་སྒོའི་བར་ལ་འཚངས་འོངས་ཤིང་། རྩིག་ལྡེབས་ན་རལ་ལ་ཉེ་བའི་བརྡ་ཁྱབ་ཆུང་ངུ་དེའང་སྒུལ་ཙམ་སྒུལ་ཙམ་བྱས་བྱུང་། གློ་བུར་གློ་བུར་དུ་ལྡང་འོངས་པ་ནི་མཐོ་སྒང་འདིའི་རླུང་བུ་དག་གི་གོམས་སྲོལ་ཞིག་ཡིན། དེ་ནི་རྣམ་ཀུན་སྟ་གོན་དང་དམིགས་འབེན་ཅི་ཡང་མེད་པར། འདི་ལྟར་གློ་བུར་དུ་ལྡང་འོངས། རླུང་བུ་ཁེར་འགྲོ་ཞིག་འདི་ལྟར་གློ་བུར་དུ་ལྡང་འོངས་པས། ངའི་ཟྭ་རྒྱག་པའི་གོ་རིམ་ལ་ཀླན་ཀ་ངེས་ཅན་ཞིག་བསླངས་སོང་། ད་ནི། ངས་རྩིག་ལྡེབས་ཀྱི་བརྡ་ཁྱབ་ཆུང་ངུ་དེ་རླུང་གིས་སྒུལ་བའི་ཤོག་སྒྲ་ལས། ཟྭའི་ནང་རོལ་གྱི་ཐག་སྒྲ་དེ་ཅིས་ཀྱང་ཐོས་མ་བྱུང་། དེ་བས། ང་རང་རླུང་བུ་འདིར་སྡང་སེམས་འགོག་མེད་ཅིག་སྐྱེས་ཤིང་། རླུང་བུ་འདིས་སྒུལ་གྱིན་པའི་བརྡ་ཁྱབ་ཆུང་ངུ་དེར་ཡང་སུན་སྣང་ངེས་ཅན་ཞིག་སྐྱེས་ཡོང་།
ངས་སྣང་མེད་ངང་མགོ་བོ་ཡར་དགྱེ་སྟེ་རྩིག་ལྡེབས་ཀྱི་བརྡ་ཁྱབ་ཆུང་ངུ་དེར་ལྟ་དུས། སྔོན་ཏག་ཏག་ལ་རླུང་གིས་སྒུལ་གྱིན་པའི་བརྡ་ཁྱབ་ཆུང་ངུ་དེ། ད་ནི་རྩིག་ངོས་ལས་རལ་ཏེ་མཐོ་སྒང་འདིའི་བར་སྣང་གང་ཞིག་ལ་འཕུར་སོང་། ངང་ཚུལ་དེ་རྒུན་བུ་འཐུ་བཞིན་པའི་བྱིའུ་ཆུང་ཆུང་ཞིག་གློ་བུར་དུ་ཅི་ཞིག་ལ་འདྲོགས་པ་དང་འདྲ། བརྡ་ཁྱབ་ཆུང་ངུ་དེ་འཕུར་ཤུལ་དུ། ད་དུང་དེ་དང་འདྲ་བའི་བརྡ་ཁྱབ་ཆུང་ངུ་མང་བོ་ཞིག་སྦྱར་འདུག མ་གཞིར། ངའི་རྡོ་ཁང་གྲུ་བཞི་འདིའི་རྩིག་ལྡེབས་ནི་དབྱིབས་དང་ཆེ་ཆུང་མི་འདྲ་བའི་བརྡ་ཁྱབ་ཆུང་ངུ་དེ་རིགས་ཀྱིས་ཡོངས་སུ་ཁེབས་འདུག་ཨང་། དེ་ནི་གྱོན་གོས་རྙིང་བ་ཞིག་ལ་ལྷན་པ་གླན་པ་དང་འདྲ་བར། གྲུ་བཞི་ནར་མོ་དང་གྲུ་བཞི་ཁ་གང་མ། ད་དུང་ཟུར་གསུམ་དང་སྒོར་དབྱིབས་སོགས་རིས་དབྱིབས་སྣ་ཚོགས་སུ་སྣང་།
བརྡ་ཁྱབ་ཆུང་ངུ་དེ་རིགས་ནི་ངའི་རྡོ་ཁང་གྲུ་བཞི་འདིའི་རྩིག་ལྡེབས་སུ་སྦྱར་ཡོད་པར་མ་ཟད། སྒོ་གླེགས་སུའང་སྦྱར་འདུག་ལ། ཐ་ན། སྐབས་འདིར་ངས་ལྡེ་མིག་འཛུགས་སའི་སྒོའི་ལྕགས་ཟྭ་འདིའི་སྟེང་དུ། མ་གཞིར། དབྱིབས་གྲུ་བཞིར་སྣང་བའི་བརྡ་ཁྱབ་ཆུང་ངུ་ཞིག་སྦྱར་ཡོད་འདུག དེ་མ་ཐག ངའི་དམིགས་པ་ཡོད་ཚད་འཕྲལ་མར་མིག་མདུན་གྱི་བརྡ་ཁྱབ་ཆུང་ངུ་དེས་ཡོངས་སུ་བཀུག་སོང་། བརྡ་ཁྱབ་ཆུང་ངུ་འདི་ནི་གཞི་དཀར་པོའི་སྟེང་ལ་ཡི་གེ་དམར་པོ་བྲིས་པ་ཞིག་རེད། དེའི་རྣམ་པ་ནི་གྲུ་བཞི་ནར་མོ་ཞེ་ན་ཅུང་འུད་བརྗོད་དུ་འགྲོ་ཞིང་། གྲུ་བཞི་ཁ་གང་མ་ཞེ་ནའང་དེ་འདྲའི་འོས་འཚམས་ཤིག་མིན་སྣང་སྟེར། ད་བར་དུ་ངས་བརྡ་ཁྱབ་ཆུང་ངུ་འདི་ཅིའི་ཕྱིར་མ་མཐོང་བ་ཡིན་ནམ། ངས་འདི་ལྟར་བསམ་བློ་བཏང་། འདི་ནི་ཉེ་ལམ་གསར་དུ་སྦྱར་བ་ཞིག་ཡིན་ནམ། གང་ལྟར། ད་ནི་འདི་དག་གཙོ་བོ་མ་རེད། གཙོ་བོ་ནི་བརྡ་ཁྱབ་ཆུང་ངུ་འདི་རེད། ཡང་གཅིག་བཤད་ན། བརྡ་ཁྱབ་ཆུང་ངུ་འདིའང་ཆེས་གཙོ་བོ་དེ་མ་རེད། ཡིན་པ་ནི་བརྡ་ཁྱབ་ཆུང་ངུ་འདིའི་ནང་དོན་རེད།
“ང་ཚོས་དབྱེ་མི་ཐུབ་པའི་ཟྭ་ཞིག་མེད། ཟྭ་དབྱེ་དགོས་ཚེ་ང་ཚོ་དང་འབྲེལ་བ་བྱོས།”
སྐབས་འདིར། སྒོ་ཟྭའི་སྟེང་གི་ཡིག་འབྲུ་འདི་དག་ངའི་ཁ་གཏད་དུ་ང་ལ་ཅེར་ནས་འདུག དེ་ནི་མི་ཆ་མེད་ཅིག་ལ་ཐེངས་དང་པོར་ཕྲད་པ་དང་འདྲ་བར་ཅིས་ཀྱང་དོགས་མི་བདེ་བ་ཞིག་རེད། གློ་བུར་དུ། ངས་ཅི་ཞིག་བྱ་དགོས་པའང་མ་ཤེས་པར་བརྡ་ཁྱབ་ཆུང་ངུ་དེ་འགོག་རྩིས་བྱས་པ་ཡིན། ཡིན་ཡང་། ངས་སེན་མོ་དང་ལྡེ་མིག་གིས་ཇི་ལྟར་བྲད་ཀྱང་། བརྡ་ཁྱབ་ཆུང་ངུ་དེ་གཏན་ནས་ཁོགས་མ་སོང་། ཡིག་འབྲུ་དེ་དག་གིས་སྔར་བཞིན་སྒོའི་ལྕགས་ཟྭ་རུ་ང་ལ་བལྟས་ནས་འདུག་ཅིང་། དེ་ནི་མི་འགྱང་བར་ངས་ཅི་ཞིག་བྱ་སྲིད་པར་བསྒུགས་ཏེ་ཡོད་པ་དང་འདྲ། “ང་ཚོས་དབྱེ་མི་ཐུབ་པའི་ཟྭ་ཞིག་མེད”ཅེས་པ་འདིའི་ནང་དོན་ཅི་ཡིན་ནམ། དེ་བས་ཀྱང་། ཟྭ་ཞིག་གི་སྟེང་དུ“ང་ཚོས་དབྱེ་མི་ཐུབ་པའི་ཟྭ་ཞིག་མེད”ཅེས་སྦྱར་བ་འདི་མངོན་སུམ་འཛེམ་མེད་ཀྱི་ཅོ་འདྲི་སྟངས་ཤིག་མ་ཡིན་ནམ།
ད་ནི་ངས་སྒོའི་ལྕགས་ཟྭ་རྒྱག་རྒྱུའང་རེ་ཞིག་ཅམ་གྱིས་བསྐྱུར་ཏེ། མིག་མདུན་གྱི་བརྡ་ཁྱབ་ཆུང་ངུ་འདིར་བསམ་བློ་གཏང་དགོས་བྱུང་། “ང་ཚོས་དབྱེ་མི་ཐུབ་པའི་ཟྭ་ཞིག་མེད”ཅེ་ན་འཇིག་རྟེན་འདིའི་ཟྭ་ཡོད་ཚད་ཁོ་ཚོས་དབྱེ་ཐུབ་པར་བརྗོད་པ་མ་ཡིན་ནམ། དེས་ན། ངའི་རྡོ་ཁང་གྲུ་བཞི་འདིའི་སྒོའི་ལྕགས་ཟྭའང་ཁོ་ཚོས་དབྱེ་ཐུབ་བམ། གལ་སྲིད། ཁོ་ཚོས་དངོས་གནས་ངའི་རྡོ་ཁང་གྲུ་བཞི་འདིའི་སྒོ་ཟྭའང་དབྱེ་ཐུབ་ཚེ། ཟྭ་འབྱེད་བྱེད་ཀྱི་ལག་ཆ་ནི་ཐོ་བ་ཞིག་ཡིན་སྲིད་དམ། ཡང་ན་ལྕགས་ཀྱི་སྐམ་པ་ཞིག་ཡིན་སྲིད། དེ་མིན་ན། ལྡེ་མིག་ཅིག་ཡིན་ངེས་སམ། གལ་ཏེ། ལྡེ་མིག་ཅིག་ཡིན་ཚེ། ལྡེ་མིག་དེ་ནི་ཅི་ལྟ་བུ་ཞིག་ཡིན་ནམ། འཇིག་རྟེན་འདིར་དངོས་གནས་དེ་ལྟ་བུའི་ལྡེ་མིག་ཅིག་ཀྱང་ཡོད་སྲིད་དམ། སྐབས་འདིར། ངས་རང་ཉིད་ཀྱི་ལྡེ་མིག་འདིར་ལྟ་བཞིན་འདི་ལྟར་བསམ་བློ་བཏང་།
རྒྱ་ལ་ཁོ་ཚོས་དངོས་གནས་ངའི་རྡོ་ཁང་གྲུ་བཞི་འདིའི་སྒོ་ཟྭའང་དབྱེ་ཐུབ་ཚེ། འོ་ན། ཁོ་ཚོས་དུས་ནམ་ཞིག་ལ་དབྱེ་སྲིད་དམ། སང་ཉིན་ཡིན་ནམ། གནངས་ཉིན་ཡིན། ཡང་ན། སང་ལོའི་ཉིན་ག་གེ་མོ་ཞིག་ཡིན། དེའང་མིན་ན། དེ་རིང་ཡིན་སྲིད་དམ། དེ་རིང་ཡིན་ཚེ། དེ་རིང་གི་དུས་ནམ་ཞིག་ཡིན་ནམ། དཔེ་མི་སྲིད། དེ་རིང་ཡིན་མི་སྲིད། འོན་ཏེ། དེ་རིང་ཡིན་མི་སྲིད་པའི་ངེས་པའང་ཅི་ཞིག་ཡོད་ཨང་། འཇིག་རྟེན་འདིར་ཅི་ཡང་སྲིད་པས་ང་ཚོས་དེར་སྲིད་པ་ཞེས་འབོད་པ་མ་ཡིན་ནམ། ཨ་ཁ། དེས་ན། ཞོགས་པ་གཞི་ནས་འདས་ཟིན་པས། ད་ནི་ཉིན་གུང་ངམ། ཕྱི་དྲོ། ཡང་ན་མཚན་གཞུང་གང་རུང་ཞིག་ལ། ཁོ་ཚོ་ཅིས་ཀྱང་གསང་སྟབས་ཀྱིས་འཇབ་འོངས་ཏེ། ངའི་རྡོ་ཁང་གྲུ་བཞི་འདིའི་སྒོ་ཟྭ་དབྱེ་མི་སྲིད་གྲང་། དེས་ན། ཁོ་ཚོ་ཞེས་པ་ནི་སུ་ཞིག་ཡིན་ནམ། ཁོ་ཚོ་ཞེས་པ་དེ་ད་ལྟ་གནས་གང་ཞིག་ཏུ་ཡོད་དམ། ཏག་ཏག་བར་སྐབས་འདིར། ཁོ་ཚོས་ངའི་རྡོ་ཁང་གྲུ་བཞི་འདི་དང་ཐག་མི་རིང་བའི་གནས་གང་ཞིག་ཏུ། ང་ལ་བྱ་ར་བྱེད་བཞིན་བསྐུངས་ཡོད་དམ། འདི་ལྟར་དྲན་མ་ཐག ང་ནི་ཧར་སད་ཐེངས་ཤིག་བརྒྱབ་པ་དང་འདྲ་བར། འཕྲལ་མར་རང་ཉིད་ཀྱི་མཐའ་འཁོར་ལ་མིག་མྱུལ་ཐེངས་ཤིག་བྱ་དགོས་པར་གྱུར། ཡིན་ཡང་། མིག་སྔར་མཐའ་འཁོར་གྱི་ཡོད་ཚད་སྔར་བཞིན་རྒྱུན་ལྡན་དུ་སྣང་། སྔོན་ཏག་ཏག་གི་རླུང་བུ་ཁེར་འགྲོ་དེའང་ད་ནི་གར་སོང་ཆ་མེད་དུ་གྱུར་འདུག་ལ། རྩིག་ལྡེབས་ཀྱི་བརྡ་ཁྱབ་དེ་ཚོར་ཡང་གྲགས་འགུལ་ཅི་ཡང་མི་འདུག ཡོད་ཚད་དེ་འདྲའི་ལྷིང་འཇགས་ཤིག་རེད།
འོན་ཏེ། ལྷིང་འཇགས་འདི་ནི་དོན་བྱ་ཅི་ཞིག་འབྱུང་སྲིད་པའི་སྟ་གོན་ཡིན་ནམ། གློ་བུར་དུ། ངའི་སེམས་སུ་ཅི་ཡིན་མི་ཤེས་པའི་བྲེལ་འཚུབ་ཅིག་སྐྱེས་འོངས་ལ། བྲེལ་འཚུབ་དེ་ནི་རིམ་བཞིན་ངང་སྒུག་ཅིག་ཏུ་གྱུར་སོང་། ངང་སྒུག་ཅེས་པ་འདི་ནི་ཅིས་ཀྱང་བག་མེད་པ་ཞིག་རེད་ཨང་།ངས་འདི་ལྟར་སྒུག་གིན་སྒུག་གིན་སྒོའི་ལྕགས་ཟྭ་རྒྱག་རྒྱུ་གཞི་ནས་བརྗེད་ཅིང་། ཐ་ན་ལས་ཁུངས་སུ་འགྲོ་དགོས་པའི་བག་ཆགས་དེའང་། ད་ནི་སེམས་པའི་གྲུ་ག་གང་ཞིག་ཏུ་ནོགས་ལ་ཉེ། ཏག་ཏག་དུས་ཀྱི་བཞུར་རྒྱུན་འདི་ཉིད་ཅིག་ཏུ། མཐོ་སྒང་གི་གྲོང་ཁྱེར་འདིའི་ཆེས་བས་མཐར་ཆགས་པའི་གཞིས་ཁུལ་འདིའི་རྡོ་ཁང་གྲུ་བཞི་ཞིག་གི་སྒོ་དྲུང་དུ། ཕོ་ལོ་སུམ་ཅུར་སོན་ལ་ཉེ་བའི་སྐྱེས་པ་ཞིག མདོ་དབུས་མཐོ་སྒང་གི་རླུང་བུ་གཡུག་སྟངས་ཤིག་གིས་དེ་མར་དཀག་སོང་བ་དང་འདྲ་བར། འདི་ལྟར་འགུལ་ཙམ་ཡང་མི་བྱེད་པར་རང་ཉིད་ཀྱི་མཐའ་འཁོར་དུ་ཅི་ཞིག་འབྱུང་སྲིད་པར་བསྒུགས་ཏེ་ཡོད་ཨང་སྙམ་ན། ང་ནི་རང་ཉིད་ལ་དགོད་ཁ་ཤོར་འོངས།
ངས་འདི་ལྟར་དུས་ཡུན་ངེས་ཅན་ཞིག་ལ་བསྒུགས་ཀྱང་། མཐའ་འཁོར་དུ་རྒྱུན་ལྡན་མིན་པའི་གྲགས་འགུལ་ཅི་ཡང་མ་བྱུང་། ཏག་ཏག་གྲོང་ཁྱེར་འདིའི་ཉིན་གུང་འདི་ལྟར་ཤེས་མེད་ཚོར་མེད་ངང་བསླེབས་ཟིན་པ་ཙམ་རེད། མི་འགྱང་བར་གྲོང་ཁྱེར་འདིའི་ཕྱི་དྲོའང་འདི་ལྟར་བསླེབ་ངེས་ཡིན། ཉིན་གུང་ཇི་ལྟར་བསླེབས་པའང་མ་ཤེས་པར་ཕྱི་དྲོར་རན་འགྲོ་བ་ནི་མཐོ་སྒང་གི་གྲོང་ཁྱེར་འདིའི་ཉིན་གཅིག་གི་དུས་ཚོད་རེད། དེས་ན། ཁོ་ཚོ་ཞེས་པ་དེ་གསང་སྟབས་ཀྱིས་འོངས་ནས་ངའི་སྒོ་ཟྭ་འབྱེད་པའི་བྱུང་རིམ་དེ། དུས་ཚོད་འདིའི་ཆ་ཤས་གང་ཞིག་ཏུ་གཏོགས་སྲིད་དམ། འདི་ལྟར་བསམ་བློ་རེ་བཏང་ཙ་ན། ང་ནི་ལས་ཁུངས་ཞེས་པའི་ར་སྐོར་དེར་འགྲོ་འདོད་ཡེ་ནས་མ་བྱུང་བས། དེའི་མུར། ཕྱིར་རང་ཁྱིམ་དུ་འཛུལ་བ་ཡིན།
མ་གཞིར། རང་ཁྱིམ་ཞེས་པ་ནི་འདི་འདྲའི་སྟབས་བདེ་ཞིག་རེད། བརྙན་འཕྲིན་ཞིག་དང་འཁྱག་སྒམ་ཞིག ཟས་ཅོག་ཅིག ཟས་ཅོག་གི་སྟེང་དུ་ཇ་ཕོར་ཞིག ཇ་ཕོར་གྱི་ཁ་གཏད་དུ་འབོལ་ཁྲི་ཞིག འབོལ་ཁྲི་དེ་རུ་རང་ཉིད་བསྡད་པ་ན། ད་གཟོད་འཚོ་བར་གྲུབ་པ་རེད། ཡང་ན། ད་གཟོད་རང་ཁྱིམ་དུ་གྱུར་བ་རེད། ཆེས་མ་མཐའ་ཡང་ང་ལ་མཚོན་ན་འདི་ལྟར་ཡིན། འོན་ཏེ། བསྟན་འཛིན་དཔལ་ལྷས་བཤད་ན། རང་ཁྱིམ་དུ་ད་དུང་མིའང་དགོས་པ་རེད་ཟེར། ཡིན་ཡང་། ངའི་ངོས་འཛིན་དུ། མི་ནི་རང་ཉིད་གཅིག་པུ་ཡོད་པས་ཆོག་པ་འདྲ།
རྒྱ་ལ་བསྟན་འཛིན་དཔལ་ལྷས་བཤད་པ་ལྟར། རྡོ་ཁང་གྲུ་བཞི་འདིར་ད་དུང་མི་གཞན་ཞིག་ཀྱང་ཡོད་ཚེ། སྐབས་ཐོག་འདིར་ཡོད་ཚད་ཅི་འདྲ་ཞིག་ཡིན་སྲིད་དམ། རྩིག་ལྡེབས་སུ་བསྙེས་འདུག་པའི་འབོལ་ཁྲི་རྙིང་བ་དེར་བསྡད་རྗེས། ངས་འདི་ལྟར་བསམ་བློ་བཏང་བ་ཡིན། ཆེས་མ་མཐའ་ཡང་ང་རང་འབོལ་ཁྲི་རྙིང་བ་དེར་བསྡད་པ་ན། ཕ་རོལ་པོ་སྡོད་ས་མེད་པ་ཞིག་ཏུ་གྱུར་འགྲོ་ངེས། རྒྱུ་མཚན། ངའི་རང་ཁྱིམ་ཞེས་པའི་རྡོ་ཁང་གྲུ་བཞི་འདིར་ཏག་ཏག་འབོལ་ཁྲི་འདི་གཅིག་པུ་ལས་མེད་ཅིང་། འབོལ་ཁྲི་འདི་ཉིད་ཀྱང་ཏག་ཏག་མི་གཅིག་ཙམ་ལས་མི་ཤོང་བའི་རིགས་དེ་ཡིན། དེར་བརྟེན། བར་གླགས་འདིར། རྡོ་ཁང་གྲུ་བཞི་འདིར་དངོས་གནས་ང་ལ་ལྟོས་པའི་ཕ་རོལ་པོ་ཞིག་ཡོད་ཚེ། འབོལ་ཁྲི་རྙིང་བ་དེར་ཕ་རོལ་པོ་དེ་བསྡད་ན་འགྲིགས་སམ། ཡང་ན། རང་ཉིད་བསྡད་ན་འགྲིགས། འདི་ནི་ཅིས་ཀྱང་བཤད་དཀའ་བ་ཞིག་རེད། གལ་སྲིད་རང་ཉིད་བསྡད་ཚེ་ཕ་རོལ་པོ་དེར་གནོད་འགྲོ་ལ། ཕ་རོལ་པོ་དེ་བསྡད་ཚེ་རང་ཉིད་ལའང་གནོད་ངེས་ཡིན། དེ་བས། རང་ཉིད་ཅེས་པ་འདིར་ལྟོས་བཅོས་ཀྱིས་བཤད་ན། ཕ་རོལ་པོ་ནི་ཅིས་ཀྱང་ཡོད་མི་འོས་པ་དེ་ཡིན་པ་འདྲ། བར་སྐབས་འདིར། ངས་ཟས་ཅོག་ཏུ་བཞག་པའི་ཇ་ཕོར་དེའི་ཁ་གཏད་དུ། འདི་ལྟར་བསམ་བློ་གཏོང་བཞིན་ཡོད། བསྟན་འཛིན་དཔལ་ལྷ་ཡིན་ཡང་ཆོག་ལ། མི་འགྱང་བར་རྡོ་ཁང་གྲུ་བཞི་འདིའི་སྒོ་ཟྭ་ཕྱེ་ནས་ནང་དུ་འོང་སྲིད་པའི་མི་དེ་ཡིན་ཡང་བླ། གང་ལྟར། ཁོ་ཚོ་ནི་རང་ཉིད་ཅེས་པ་འདིའི་ཁ་གཏད་དུ། ནམ་ཡང་ཕ་རོལ་པོ་ཞིག་རེད། དེ་བཞིན་དུ། ཕ་རོལ་པོའི་ཁ་གཏད་དུ་རང་ཉིད་ཅེས་པ་འདིའང་ཕ་རོལ་པོ་ཞིག་ཡིན་ངེས། མཐར་གཏུགས་ན། རང་ཉིད་དང་ཕ་རོལ་པོ་ནི་ཕན་ཚན་གྱི་ཁ་གཏད་དུ། དུས་ནམ་ཡང་ཕ་རོལ་པོ་ཞིག་ལས་མ་འདས།
དེ་བས། ངས་རྡོ་ཁང་གྲུ་བཞི་འདིར་རང་ཉིད་གཅིག་པུ་ལས་མེད་པ་ནི་ཅིས་ཀྱང་དགའ་འོས་པ་ཞིག་རེད་ཨང་སྙམ་པའི་མོད། སྔོན་ཏག་ཏག་གི་བརྡ་ཁྱབ་ཆུང་ངུ་དེར་སྡང་སེམས་འགོག་མེད་ཅིག་ཀྱང་སྐྱེས་ཡོང་། བརྡ་ཁྱབ་ཆུང་ངུ་དེ་ནི་མི་སུ་ཞིག་གིས་དུས་ནམ་ཞིག་ལ་རྡོ་ཁང་གྲུ་བཞི་འདིའི་སྒོའི་ལྕགས་ཟྭ་རུ་སྦྱར་བ་ཡིན་ནམ། “ང་ཚོས་འབྱེད་མི་ཐུབ་པའི་ཟྭ་ཞིག་མེད”ཅེས་པ་དེར་སེམས་ཡིད་རྟོན་རུང་བའི་ཆ་འཇོག་ཅིག་ཡོད་དམ། གལ་སྲིད། དངོས་གནས་བརྡ་ཁྱབ་ཆུང་ངུ་དེར་བཀོད་པ་ལྟ་བུ་ཞིག་ཡིན་ཚེ། མི་འགྱང་བར་ངའི་རྡོ་ཁང་གྲུ་བཞི་འདིའི་སྒོའི་ལྕགས་ཟྭའང་སུ་ཞིག་གིས་སེམས་ཆུང་ངང་དབྱེ་སྲིད་ལ། སྒོའི་ལྕགས་ཟྭ་ག་ལེར་ཕྱེ་བའི་སྐད་ཅིག་མ་གཉིས་པ་དེར། ང་ལ་ཆ་རྒྱུས་ཅི་ཡང་མེད་པའི་ཕ་རོལ་པོ་ཞིག་དེ་མར་རང་ཉིད་ཀྱི་མཐོང་ལམ་དུ་མངོན་ཡོང་ངེས། དེས་ན། ཕ་རོལ་པོ་དེ་ནི་མི་ཅི་འདྲ་ཞིག་ཡིན་སྲིད་དམ། གློ་བུར་དུ། ང་ལ་འདི་འདྲའི་མཚར་སྣང་ཞིག་སྐྱེས་འོངས། དེ་ནི་མི་གཟུགས་རིང་ཞིག་ཡིན་ནམ། ཡང་ན་གཟུགས་ཐུང་ཞིག་ཡིན། གལ་སྲིད། ཕ་རོལ་པོ་གང་དེ་མི་གཟུགས་རིང་ཞིག་ཡིན་ཚེ། དེས་ནི་སྟོན་མཇུག་ལ་འཚམས་པའི་ལྭ་བ་རིང་བོ་ཞིག་གྱོན་ན། དེ་བས་ཀྱང་འོས་ཤིང་འཚམས་པ་ཞིག་ཡིན་ངེས། རབ་ཡིན་ན། ང་དང་འདྲ་བར་མིག་ཤེལ་དཀར་པོ་ཞིག་ཀྱང་གདོང་ཁུགས་སུ་བསྐྱོན་ན་ལེགས། གལ་སྲིད། ཕ་རོལ་པོ་གང་དེས་དངོས་གནས་ང་དང་འདྲ་བར་མིག་ཤེལ་དཀར་པོ་ཞིག་བཏེགས་ཡོད་ཚེ། ད་ནངས་ཞོགས་པར་ཡར་ལངས་མ་ཐག ཁོས་མིག་ཤེལ་དཀར་པོ་དེའི་ཤེལ་ངོས་སུ་ཧ་ཡང་ཡང་བཏབ་སྟེ་ཕྱིས་ཡོད་དམ། གང་ལྟར། ངས་ནི་རྣམ་ཀུན་ཞོགས་པའི་དུས་སུ། མིག་ཤེལ་གྱི་ཤེལ་ངོས་སུ་ཧ་ཡང་ཡང་བཏབ་སྟེ་འབྱིད་ཀྱིན་ཡོད། འོན་ཏེ། ཁོ་ལ་མཚོན་ན། མིག་ཤེལ་འབྱིད་པའི་ལས་ཀ་དེ་ནི་ཁོའི་ཆུང་མས་བསྒྲུབ་ཀྱང་སྲིད། འོ་རེད་ཡ། ཁོ་ལ་ཆུང་མ་ཡོད་དམ། གལ་སྲིད། ཁོ་ལ་དངོས་གནས་ཆུང་མ་ཡོད་ཚེ། ད་ནི་ཕྲུ་གུ་ཞིག་ཀྱང་ཡོད་སྲིད། དེས་ན། ཕྲུ་གུ་དེས་རྣམ་ཀུན་ཨ་ཕ་ཞེས་ཁོའི་གན་དུ་བརྒྱུགས་ཡོང་ཐེངས་རེར། ཁོ་ལ་ཚོར་བ་ཅི་འདྲ་ཞིག་སྐྱེ་བཞིན་ཡོད་དམ། འདི་ནི་ད་གཟོད་རང་ཁྱིམ་མོ་ཞེས་སེམས་ཀྱིན་ཡོད་དམ། ཡང་ན། ཆུང་མ་དེ་དང་ཕྲུ་གུ་དེ། ཁོ་ལ་མཚོན་ནའང་ཕ་རོལ་པོ་ཞིག་ཏུ་སྣང་གིན་ཡོད། ཡང་སྙིང་ཕ་རོལ་པོ་དེ་ནི་དུས་ནམ་ཞིག་ལ། ངའི་རྡོ་ཁང་གྲུ་བཞི་འདིའི་སྒོ་དྲུང་དུ་བསླེབ་སྲིད་ཨང་། ཚོད་ཚོད་དུ། ངས་འདི་ལྟར་ཕ་རོལ་པོ་གང་དེར་ངང་སྒུག་བྱས་འོངས།
ཐ་ན། ངའི་ཁ་གཏད་ཀྱི་ཇ་ཕོར་སྟོང་བ་དེ་དང་ཕ་གིའི་རྩིག་ལྡེབས་སུ་བཀལ་བའི་བརྙན་འཕྲིན་དེ། བརྙན་འཕྲིན་དེའི་གུད་ཀྱི་འཁྱག་སྒམ་དེ། དེ་དག་ཡོད་ཚད་ཀྱིས་ཀྱང་ཕ་རོལ་པོ་གང་དེར་ངང་སྒུག་བྱེད་བཞིན་པ་དང་འདྲ་བར་འགུལ་ཙམ་ཡང་མི་བྱེད། མ་གཞིར། རང་ཉིད་ཀྱང་འབོལ་ཁྲི་རྙིང་བ་འདིར་འགུལ་ཙམ་ཡང་མ་བྱས་པར་བསྡད་འདུག འགུལ་ཙམ་ཡང་མི་བྱེད་པ་འདི་ནི་ཟྭ་གང་ཞིག་བརྒྱབ་པ་དང་ཇི་འདྲའི་མཚུངས་ཨང་། འདི་ལྟར་དྲན་མ་ཐག ངའི་ཡིད་ལ་ཟྭ་འཁོར་འོངས། གལ་སྲིད། ཕ་རོལ་པོ་དེ་ནི་ཅིས་ཀྱང་དེ་རིང་ཕྱི་དྲོར་ཡོང་སྲིད་ཚེ། ཁོས་ཕྱི་རོལ་གྱི་སྒོའི་ལྕགས་ཟྭ་ཕྱེ་རྗེས། ད་ནི་ནང་རོལ་གྱི་ཟྭ་གང་ཞིག་སྔོན་ལ་དབྱེ་སྲིད་དམ། སྣམ་ཕྱིང་གི་སྒོ་ཟྭ་དབྱེ་ཡིན་ནམ། ཡང་ན་ཉལ་ཁང་གི་སྒོ་ཟྭ་ཡིན། དེ་མིན་ན། གོས་སྒམ་དང་དཔེ་སྒྲོམ་གྱི་ཟྭ་གང་རུང་ཞིག་སྔན་ལ་དབྱེ་སྲིད་དམ། གལ་སྲིད། བསྟན་འཛིན་དཔལ་ལྷས་བཤད་པ་ལྟར། ངའང་ཟྭ་ཞིག་ཡིན་པ་བདེན་ཚེ། ཕ་རོལ་པོ་དེས་ཆེས་ཐོག་མར་ང་རང་འབྱེད་མི་སྲིད་པའི་ངེས་པའང་ཡེ་ནས་མེད།
ཉི་ཐིག་ཕྲ་མོ་རེ་ལྡེ་མིག་ཀྱང་མི་དགོས་པར་སྒེའུ་ཁུང་གི་ཤེལ་སྒོ་བརྟོལ་ནས་ངའི་ཕང་བར་ལྷུང་འོངས་པ་ནི་གྲོང་ཁྱེར་འདིར་ཕྱི་དྲོ་ལོན་པས་རེད། ང་རང་འབོལ་ཁྲི་རྙིང་བ་དེར་འགུལ་ཙམ་ཡང་མ་བྱས་པར་བསྡད་དེ་ཕལ་ཆེར་ཕྱི་དྲོ་ལོན་སོང་། ཡིན་ཡང་། ངའི་རྡོ་ཁང་གྲུ་བཞི་འདིའི་སྒོའི་ཕྱི་རོལ་ཏུ་གྲགས་འགུལ་ཅི་ཡང་མ་བྱུང་། སྔར་བཞིན་དེ་འདྲའི་ལྷིང་འཇགས་ཤིག་རེད། སྒོའི་ཕྱི་རོལ་ཏུ་ལྷིང་འཇགས་རེད་ལ། སྒོའི་ནང་རོལ་ཏུའང་ལྷིང་འཇགས་རེད། གལ་སྲིད་ལྷིང་འཇགས་ནི་ཁ་དོག་ཅིག་ཡིན་ཚེ། བར་སྐབས་འདིར་རྡོ་ཁང་གྲུ་བཞི་འདིའི་ཁ་དོག་གཞན་དག་ནི་ལྷིང་འཇགས་ཀྱི་ཁ་དོག་འདིས་ཤུལ་མེད་དུ་བསུབས་ཡོད་ངེས། གང་ལྟར། ངས་སྔར་བཞིན་ལྷིང་འཇགས་འདིའི་ཁྲོད་དུ། སྒོའི་ཕྱི་རོལ་གྱི་གྲགས་འགུལ་ལ་རྣ་བ་བླགས་ཏེ་བསྡད།
དེ་ནི་ཕལ་ཆེར་གྲོང་ཁྱེར་འདིར་ས་རུབ་ལ་ཉེ་བའི་སྐབས་ཤིག་རེད། རྡོ་ཁང་གྲུ་བཞི་འདིའི་ནང་རོལ་གཞི་ནས་མག་མོག་ཏུ་འགྱུར་བཞིན་འདུག་ལ། ངའི་ཡོད་ཚད་ཀྱང་རིམ་བཞིན་རབ་རིབ་དང་མག་མོག་ཅིག་གིས་ཟིན་ནས་འོངས། ཏག་ཏག་རབ་རིབ་དང་མག་མོག་གི་ཁ་མཚམས་འདི་ཉིད་ཅིག་ནས། ངས་གློ་བུར་དུ་སྒོའི་ཕྱི་རོལ་གྱི་གྲགས་འགུལ་ཚོར་བྱུང་། དེ་ནི་རླུང་བུ་ཁེར་རྒྱུག་ཅིག་གི་གྲགས་འགུལ་མིན་པ་ངས་གསལ་བོར་རྟོགས། དེ་ནི་ལྷམ་མཐིལ་གང་ཞིག་རྡོ་གཅལ་ལ་ཕྲད་པའི་ཧྲགས་སྒྲ་ཞིག་རེད། ཧྲགས་སྒྲ་དེ་ཐོག་མའི་གསལ་ལ་མི་གསལ་བ་ཞིག་ནས་རིམ་བཞིན་ཇེ་གསལ་དུ་གྱུར་ཅིང་། དེ་ནས་མུ་མཐུད་དུ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་དེ་ཚད་ངེས་ཅན་ཞིག་ལ་བསླེབས་པ་ན། གློ་བུར་དུ་ཁུ་སིམ་མེར་གྱུར་སོང་། དེ་ནི་ཕལ་ཆེར་ངའི་རྡོ་ཁང་གྲུ་བཞི་འདིའི་སྒོ་དྲུང་དུ་གོམ་མཚམས་བཞག་པས་ཡིན་པ་འདྲ། སྐབས་འདིར། ངས་རང་ཉིད་ཀྱི་སྤར་མོ་ཡོད་ཚད་འབོལ་ཁྲི་རྙིང་བ་འདིའི་ཕྱི་ཤུན་ལ་འཇུས་འདུག་པར་ཡིད་འཇོག་བྱུང་ལ། སྤར་མོ་འཇུ་སའི་གནས་དེ་ནི་གཞི་ནས་བརླན་གྱིས་བཟུང་འདུག་པའང་ཚོར་བྱུང་། ངས་སྲོ་འདི་འདྲ་ཞིག་བསྒྲིམས་དོན་ཅི་ཡིན་ནམ། འདི་ནི་བྲེད་ཤ་ཐོན་པས་ཡིན་ནམ། གང་ལྟར། བར་མཚམས་འདིར། ང་ནི་འཇུར་མིག་ལ་དྲངས་པའི་ལྕགས་སྐུད་ཅིག་དང་འདྲ་བར། རང་ཉིད་ཀྱི་ཡོད་ཚད་ལ་མཉེན་འགུག་ཅི་ཡང་མི་འདུག ཏག་ཏག་དུས་ཀྱི་ཆ་ཤས་འདི་ཉིད་ཅིག་ཏུ། ངས་ལྡེ་མིག་ཅིག་སྒོའི་ལྕགས་ཟྭ་རུ་བཙུགས་པའི་གྲགས་འགུལ་ཚོར་བྱུང་། དེ་ནི་ཅིས་ཀྱང་ཕ་རོལ་པོ་ཞེས་པ་དེ་བསླེབས་པ་ཡིན་ངེས། འདི་ལྟར་དྲན་མ་ཐག ང་ནི་ཕ་རོལ་པོ་ཞེས་པ་དེ་ཡང་སྙིང་མི་ཅི་འདྲ་ཞིག་ཡིན་མིན་ལ་སེམས་ཁ་སྔངས་འོངས། དེ་ནི་མི་གཟུགས་རིང་ཞིག་ཡིན་ནམ། ཡང་ན། གཟུགས་ཐུང་ཞིག་ཡིན། ཡང་ན་སྨ་ར་ཡོད་དམ། ཆ་བྱད་མི་འདྲ་བའི་ངོ་གདོང་གྲངས་མེད་ཅིག ངའི་འདུ་ཤེས་སུ་བསྟུད་མར་ཤར་འོངས་པའི་བར་གླགས་དེར། རྡོ་ཁང་གྲུ་བཞི་འདིའི་སྒོ་གླེགས་ག་ལེར་ཕྱེ་བྱུང་། མ་གཞིར། འཇིག་རྟེན་འདིར་ཟྭ་ཡོད་ཚད་འབྱེད་ཐུབ་པའི་ལྡེ་མིག་ཅིག་ཀྱང་ཡོད་པ་འདྲ་ཨང་། ངས་འདི་ལྟར་སྙམ་པའི་མོད་ལ། མཐོང་ལམ་དུ་མི་ཞིག་གི་སྣང་བརྙན་ནག་ཀྲང་ངེར་མངོན་ཡོང་།
“གློག་ཀྱང་མ་བཀར་བར། ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་དམ།”
རྡོ་ཁང་གྲུ་བཞི་འདིའི་མུན་པའི་ཀློང་དུ། གློ་བུར་དུ་བསྟན་འཛིན་དཔལ་ལྷའི་སྐད་གྲགས་བྱུང་། མ་གཞིར། མི་དེ་ནི་ངས་ངང་སྒུག་བྱེད་བཞིན་པའི་ཕ་རོལ་པོ་དེ་མིན་པ་འདྲ།
“ཁྱོད་ཀྱིས་སྒོའི་ལྕགས་ཟྭ་ཇི་ལྟར་ཕྱེ་བ་ཡིན་ནམ།”
སྒོའི་ལྕགས་ཟྭ་ཕྱེ་ནས་འཛུལ་འོངས་པ་ནི་ཕ་རོལ་པོ་དེ་མ་ཡིན་པར་བསྟན་འཛིན་དཔལ་ལྷ་ཡིན་པ་འདིས། ང་ལ་གནས་སྐབས་ཤིག་གི་དགའ་བ་ངེས་ཅན་ཞིག་འཕེལ་ཡོང་། འོན་ཏེ། བསྟན་འཛིན་དཔལ་ལྷས་ངའི་སྐད་ཆ་འདི་མ་གོ་བའི་ཟོལ་གྱིས་ཐོག་མར་ཁང་པའི་གློག་བཀར་ཞིང་། དེ་ནས་ལུག་ཅིག་གི་གྲོད་ཁོག་དང་འདྲ་བའི་ཁུག་མ་དེ་ངའི་མདུན་གྱི་ཟས་ཅོག་ཏུ་བཞག་རྗེས། “གློག་ཀྱང་མ་བཀར་བར། ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་དམ”ཞེས་སྔོན་ཏག་ཏག་གི་སྐད་ཆ་དེ་ལན་གཅིག་བསྐྱར་ཅིང་། དེ་ནས་ཚམ་ཚོམ་མེད་པར་ང་རང་སྡོད་སའི་འབོལ་ཁྲི་རྙིང་བ་འདིའི་ཟུར་དུ་བསྡད་བྱུང་།
“ཁྱོད་ཀྱིས་སྒོའི་ལྕགས་ཟྭ་ཇི་ལྟར་ཕྱེ་བ་ཡིན་ནམ།”
ངས་ཀྱང་ཁོ་མོའི་སྐད་ཆ་དེ་མ་གོ་བའི་ཟོལ་གྱིས་ཡང་བསྐྱར་འདི་ལྟར་དྲིས་པ་ན། བསྟན་འཛིན་དཔལ་ལྷ་ཐོག་མར་འདྲོགས་ཙམ་བྱས་ཤིང་། དེ་ནས་ཅུང་ཧ་ལས་པའི་མིག་མདངས་ཤིག་གིས་ང་ལ་ལྟ་བཞིན“ཁྱོད་ཀྱིས་ང་ལ་ལྡེ་མིག་ཅིག་སྤྲད་ཡོད་པ་མ་ཡིན་ནམ”ཞེས་ཁོ་མོའི་ལྡེ་མིག་མང་བོའི་གྲས་ནས་ང་ལ་ཆ་རྒྱུས་ཡོད་པའི་ལྡེ་མིག་ཅིག་བཙལ་ཏེ་སྟོན་ཙམ་བྱེད། སྐབས་འདིར། ངས་ད་གཟོད་བསྟན་འཛིན་དཔལ་ལྷ་དང་ངེད་གཉིས་ཅི་ཡིན་འདི་ཡིན་མེད་པར་ངའི་རྡོ་ཁང་གྲུ་བཞི་འདིའི་སྒོ་དྲུང་དུ་བསླེབས་པའི་མཚན་མོ་དེ་དྲན་འོངས་ལ། ཕྱི་ཉིན་ཞོགས་པར་ཁོ་མོའི་རེ་བ་ལྟར་རྡོ་ཁང་གྲུ་བཞི་འདིའི་སྒོ་ཟྭའི་ལྡེ་མིག་ཅིག་ཀྱང་སྤྲད་མྱོང་བ་གཞི་ནས་དྲན་བྱུང་། དེ་མ་ཐག ངས་དེ་ནི་ཇི་འདྲའི་གླེན་རྟགས་ཤིག་རེད་ཨང་སྙམ་ལ། དེའི་མུར་ཡར་ལངས་ནས་འགྲོ་རྩིས་བྱེད་གྲབས་སུ། བསྟན་འཛིན་དཔལ་ལྷའི་ཕྲ་ཞིང་མཉེན་པའི་དཔུང་བ་གཞི་ནས་ངའི་མགུལ་བར་འཁྱུད་བྱུང་།
དགོང་མོ་འདིར། བསྟན་འཛིན་དཔལ་ལྷ་དང་ངེད་གཉིས་ཀས་ནམ་རྒྱུན་བཞིན་འཁྲུག་པ་སྤྱད་རྗེས། བསྟན་འཛིན་དཔལ་ལྷ་སྔ་མོ་ནས་གཉིད་དུ་ཡུར་སོང་། དེ་ནི་དོན་བྱ་གང་ཞིག་འཚག་སོང་བ་དང་འདྲ་བར། ད་ནི་ཁོ་མོར་སྔ་ན་མེད་པའི་ལྷོད་ཅིག་བབས་འདུག གཉིད་དུ་ཡུར་བའི་སྐབས་སུའང་། བསྟན་འཛིན་དཔལ་ལྷ་སྔར་བཞིན་ང་རང་གང་ཞིག་ལ་ཤོར་དོགས་ཀྱིས་ངའི་མགུལ་བར་འཐམས་འདུག་པས། ང་ལ་ཅི་ཡིན་མི་ཤེས་པའི་སུན་སྣང་ཞིག་གློ་བུར་གློ་བུར་དུ་སྐྱེས་འོངས། དེ་མ་ཐག ངས་སེམས་ཆུང་གིས་རང་ཉིད་ཀྱི་མགོ་བོ་ཁོ་མོའི་དཔུང་བ་ལས་ཚུར་བཏོན་ཞིང་། དེ་ནས་མལ་ཁྲི་རུ་ཁོ་མོ་དང་བར་ཐག་ངེས་ཅན་ཞིག་བཞག་སྟེ་ཉལ་བ་ན། ད་གཟོད་དབུགས་ངལ་ལན་གཅིག་གསོས་པ་དང་འདྲ་བར། བདེ་སྣང་ཁྱད་པར་བ་ཞིག་བྱུང་།
བསྟན་འཛིན་དཔལ་ལྷ་དང་བར་ཐག་ངེས་ཅན་ཞིག་གིས་ཆོད་པའི་མཚམས་སུ། ང་འདི་ལྟར་གན་རྐྱལ་དུ་ཉལ་ནས་ཡུན་རིང་འགོར་མོད། འོན་ཏེ། གཉིད་འབབ་པའི་སྣང་བ་ཅི་ཡང་མ་བྱུང་། བསྟན་འཛིན་དཔལ་ལྷས་སྒོའི་ལྕགས་ཟྭ་ཕྱེ་ནས་ནང་དུ་འཛུལ་འོངས་པའི་བྱུང་བ་དེ། ད་དུང་ཡང་ངའི་འདུ་ཤེས་སུ་ཡང་ནས་ཡང་དུ་གོ་རིམ་དུ་བསྡེབས་འོངས། ཁོ་མོ་དེ་ལྟར་རང་ཁྱིམ་དུ་འོངས་པ་ལྟར་ངའི་རྡོ་ཁང་གྲུ་བཞི་འདིར་འཛུལ་ཡོང་ཞིང་། ད་ནི་འདི་ལྟར་ངའི་ཅི་ཞིག་ཡིན་པའི་ཟོལ་གྱིས་མལ་ཁྲི་འདིའི་རྒྱ་ཁྱོན་ངེས་ཅན་ཞིག་བཟུང་འདུག གལ་སྲིད། མལ་ཁྲི་གྲུ་བཞི་འདི་ནི་ངའི་མངའ་ཁོངས་ཡིན་པར་ཆ་བཞག་ན། བསྟན་འཛིན་དཔལ་ལྷ་ཞེས་འབོད་པའི་བུད་མེད་འདིས་ད་ནི་ངའི་བསྙོན་དུ་མེད་པའི་མངའ་ཁོངས་འདིར་གཞི་ནས་བཙལ་འཛུལ་བྱས་ཚར་འདུག འདི་ལྟར་བསམས་མ་ཐག ང་ནི་གློ་བུར་དུ་བསྟན་འཛིན་དཔལ་ལྷར་འཚིག་པ་ཟོས་ཡོང་ལ། རང་ཉིད་ཀྱི་སྒོའི་ལྕགས་ཟྭ་དེར་ཡང་སྡང་སེམས་འགོག་མེད་ཅིག་སྐྱེས་འོངས། དེ་རིང་། བསྟན་འཛིན་དཔལ་ལྷ་ལྕགས་ཟྭ་འདིས་མ་ཁོགས་པར་རང་ཁྱིམ་དུ་འཛུལ་ཡོང་བ་རེད་ལ། སང་ཉིན། ཡང་སྙིང་སུ་ཞིག་ལྕགས་ཟྭ་འདིར་མ་ཐོགས་པར་ངའི་རྡོ་ཁང་གྲུ་བཞི་འདིར་འཛུལ་ཡོང་སྲིད། བསམ་གཞིག་གི་གོ་རིམ་འདིར་བསླེབས་དུས། ངས་གཞི་ནས་དོན་དག་ཅིག་ལ་སེམས་ཐག་བཅད་འདུག དེ་ནི་སང་ཉིན་ཅིས་ཀྱང་སྒོའི་ལྕགས་ཟྭ་བརྗེ་དགོས་པ་དེ་རེད།
བསྟན་འཛིན་དཔལ་ལྷ་དུས་ནམ་ཞིག་ལ་ཕྱིན་སོང་བ་ངས་གཏན་ནས་མ་ཚོར། གང་ལྟར། ང་གཉིད་ལས་སད་དུས། མལ་ཁྲི་རུ་རང་ཉིད་གཅིག་པུ་ལས་ལྷག་མི་འདུག ཉི་ཐིག་ཕྲ་མོ་ཞིག་སྟེས་དབང་གིས་ཡོལ་བའི་སྲུབས་ཀ་ནས་ཐར་ཏེ་ངའི་མལ་ཁྲི་རུ་ཕོག་འདུག སྟེས་དབང་འདི་འདྲ་ནི་ངའི་འཚོ་བ་རུ་དུས་རྒྱུན་དུ་མཐོང་དཀོན་པོ་ཡིན། ནམ་རྒྱུན་ཡིན་ན། ཞོགས་པར་གཉིད་ལས་སད་ཐེངས་རེར། ཉལ་ཁང་འདི་སྔར་བཞིན་ནག་རོག་གེར་མངོན་མོད། འོན་ཏེ། སྐབས་ཐོག་འདིར་ཉི་ཐིག་ཕྲ་མོ་དེས་ནག་རོག་གེར་མངོན་པའི་ཉལ་ཁང་འདིའི་བར་སྣང་ཆ་གཉིས་སུ་གཏུབས་འདུག ངས་ཉི་ཐིག་ཕྲ་མོ་དེ་དེད་ནས་མལ་ཁྲི་རུ་བལྟས་པ་ན། དེ་རུ་ཅི་ཡིན་མི་ཤེས་པའི་ནག་ནོག་གི་རི་མོ་ཞིག་བྲིས་འདུག་ཅིང་། གལ་སྲིད། བསྟན་འཛིན་དཔལ་ལྷ་ད་དུང་མལ་ཁྲི་འདིར་ཉལ་ནས་བསྡད་ཡོད་ཚེ། ནག་ནོག་གི་རི་མོ་མཐོང་ས་དེ་རུ་ཅིས་ཀྱང་བསྟན་འཛིན་དཔལ་ལྷའི་འཕོངས་ཚོས་ཁེལ་ཡོད་ངེས། ངས་འདི་ལྟར་ཚོད་དཔག་སྟབས་བདེ་ཞིག་བྱས་ཙ་ན། ཕོ་བའི་གཏིང་རིམ་ཞིག་ནས་གློ་བུར་དུ་ཅི་ཞིག་ཡར་བརྟས་ཡོང་ལ། ཡར་བརྟས་ཡོང་བ་དེས་མིག་ཀོང་དུ་མཆི་མ་བསྐྱིལ་འོངས། དེའི་མུར། ང་རང་མུ་མཐུད་དུ་གཉིད་ལོག་པའི་ཡི་ག་རྨང་ནས་འཆུས་པས། མྱུར་མོར་ཡར་ལངས་པ་ཡིན།
ཞོགས་པ་འདིར། ངས་ལྕགས་ཆས་འཚོང་ས་ཞིག་ཏུ་སུས་ཀྱང་འབྱེད་དཀའ་བའི་ཟྭ་ཞིག་འཚོལ་བཞིན་པའི་སྐབས་སུ། མཐའ་འཁོར་གྱི་ཚོང་ཁང་མང་བོ་ཞིག་གིས་སྒོའི་ལྕགས་ཟྭ་ཕྱེ་ནས་ཉིན་གཅིག་གི་འཚོ་བའི་འགོ་བརྩམས་བྱུང་། སྒོའི་ལྕགས་ཟྭ་ཕྱེ་ནས་རང་ཉིད་ཀྱི་ཡོད་ཚད་ཉི་མའི་དཀར་ངོགས་སུ། འདི་ལྟར་སྦ་གསང་མེད་པར་བཤམས་པའི་གོ་རིམ་དེ་ལས། ངས་མི་རྣམས་ཀྱི་ཆེས་སྙིང་ཉེ་བའི་ཆ་ཞིག་ཅིས་ཀྱང་མཐོང་འོངས་པ་འདྲ། འོན་ཏེ། དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ། མི་རྣམས་ཀྱིས་བར་སྐབས་འདིར་ཕྱེ་འདུག་པའི་ཟྭ་འདི་དག་ཡང་བསྐྱར་ཕྱིར་རྒྱག་སྲིད་པ་དྲན་མ་ཐག ངས་འཚོ་བ་ཞེས་པ་འདི་ཟྭ་ཕྱེ་བ་དང་རྒྱག་པའི་གོ་རིམ་ཞིག་མིན་གྲང་སྙམ་འོངས། ལྕགས་ཆས་ཚོང་ཁང་དེའི་སྦྱིན་བདག་གི་ངོ་སྤྲོད་བརྒྱུད། ངས་རང་ཉིད་ཀྱི་སྒོའི་ལྕགས་ཟྭ་སུས་ཀྱང་འབྱེད་དཀའ་བའི་ཟྭ་གསར་བ་ཞིག་ཏུ་རྗེ་ཐུབ་པར་གྱུར།
སྒོའི་ལྕགས་ཟྭ་རྗེ་བའི་གོ་རིམ་ཧྲིལ་བོར། ལྕགས་ཆས་ཚོང་ཁང་གི་སྦྱིན་བདག་དེས་ངའི་སྒོ་ཟྭ་སྔོན་མ་དེའི་སྤུས་ཀ་ཇི་ལྟར་མི་ལེགས་ཚུལ་དང་། ད་ལྟའི་ལྕགས་ཟྭ་འདི་ནི་སུས་ཀྱང་འབྱེད་དཀའ་ཚུལ་གྱི་གནས་ལུགས་གང་མང་ཞིག་དྲངས་འོངས་མོད། འོན་ཏེ། ཆེས་མཐའ་མར་ཁོས་ཅི་ཞིག་བཤད་སོང་བར་ང་ལ་བག་ཆགས་ཅི་ཡང་མི་འདུག རྒྱུ་མཚན། སྒོའི་ལྕགས་ཟྭ་རྗེ་བའི་དུས་ཐོག་ཐག་ཏུ། སྐྱེས་པ་ཆ་མེད་འདིས་ཟྭ་ཞིག་གི་སྒྲིག་གཞི་ཇི་ལྟར་བཀྲོལ་བའི་གོ་རིམ་དེས་ངའི་དམིགས་པ་ཡོངས་སུ་དྲངས་སོང་། ཁོས་ཐོག་མར་ཕྱིའི་ལྕགས་ཤུན་དག་གི་འཕལ་ག་རིམ་གྱིས་བརྟོལ་ཅིང་། དེ་ནས་ཟྭའི་ཆ་ཤས་སུ་གྱུར་བའི་ལྷུ་ལག་དེ་དག་སོ་སོར་ཕྲལ་བ་ན། ཤུལ་དུ་ལྷག་ཡོད་པ་ནི་ཟྭའི་སྲོག་ཤིང་དུ་གྱུར་བའི་སོ་འཁོར་ཕྲན་བུ་འགའ་རེད། ཏག་ཏག་དུས་ཚོད་སྐར་མ་ཁ་ཤས་ཀྱི་ཡུན་ལ། ངའི་རྡོ་ཁང་གྲུ་བཞི་འདིའི་སྒོའི་ལྕགས་ཟྭ་ནི། སྒོར་རྒྱག་བྱེད་ཀྱི་ཟྭ་ཞིག་ནས་ཅི་ཡང་མིན་པའི་ལྕགས་ཀྱི་ཆག་ཀྲུམ་ཁ་ཤས་སུ་གྱུར་བས། ངས་ཟྭ་ལ་བཅངས་པའི་རྟག་བརྟན་ཐེར་ཟུག་གི་ཡིད་ཆེས་དེ་རྨང་ནས་འཇིག་སོང་། སྐྱེས་པ་དེ་ཕྱིར་འགྲོ་ཁར། “ཟྭ་འདི་ནི་སུས་ཀྱང་འབྱེད་དཀའ་བའི་ཟྭ་ཞིག་ཡིན”ཞེས་བརྗོད་མོད། འོན་ཏེ། ང་ལ་བདེ་སྣང་ཅི་ཡང་མ་སྐྱེས།
ངས་ལྡེ་མིག་གསར་བ་དེ་དག་སྤར་ཁོངས་སུ་བཅངས་ནས་འབོལ་ཁྲི་རྙིང་བ་དེར་སྡོད་དུས། མིག་ལམ་དུ་ད་དུང་སྐྱེས་པ་དེས་སྒོའི་ལྕགས་ཟྭ་གཏོར་བའི་ངང་ཚུལ་དེ་སྣང་ཡོང་། ཁོས་སྒོའི་ལྕགས་ཟྭ་གཏོར་བའི་ལས་ཀ་དེ་ནི་ཇི་འདྲའི་གོ་རིམ་དང་ལྡན་པ་ཞིག་རེད་ཨང་། གལ་སྲིད། གོ་རིམ་དེ་འདྲ་ཞིག་བརྒྱུད་ཚེ། འཇིག་རྟེན་འདིར་དངོས་གནས་འབྱེད་མི་ཐུབ་པའི་ཟྭ་ཞིག་མེད་པ་འདྲ། ཞོགས་པ་འདིར། ང་རང་འདི་ལྟར་ལས་ཁུངས་སུའང་མ་སོང་བར། སྐྱེས་པ་དེས་ཟྭ་ཞིག་གི་སྒྲིག་གཞི་བཀྲོལ་བའི་གོ་རིམ་དེར་བསམ་བློ་བཏང་ནས་བསྡད། ངས་བསམ་བློ་ཇི་ལྟར་བཏང་ཡང་། སྔོན་ཏག་ཏག་ལ་བརྗེས་ཟིན་པའི་ཟྭ་དེ་ནི་འཇིག་རྟེན་འདིར་སུས་ཀྱང་འབྱེད་དཀའ་བའི་ཟྭ་ཞིག་ཡིན་པར། ཆ་འཇོག་རུང་བའི་གདེང་གང་ཡང་མ་རྙེད་པས། ངས་ཡང་བསྐྱར་ཟྭ་དེ་བརྗེ་བའི་སེམས་ཐག་བཅད་པ་ཡིན།
ཕྱི་ཉིན། ངས་གྲོགས་པོ་ཞིག་གི་ངོ་སྤྲོད་བརྒྱུད་ཟྭའི་ཞིབ་འཇུག་པ་ཞིག་རྩད་ཆོད་ཅིང་། ཞིབ་འཇུག་པ་དེས་ང་ལ་ཟྭའི་རབ་དབྱེ་དང་གྲུབ་ཚུལ། ད་དུང་ཟྭ་དང་ལྡེ་མིག་གི་འགལ་འབྲེལ་སོགས་མང་བོ་ཞིག་ལབ་རྗེས། ཁོ་རང་ཉིད་ཀྱིས་ཆེས་ལེགས་པར་འཛིན་པའི་ཟྭ་ཞིག་ངའི་སྒོ་ཟྭ་རུ་བརྗེས་བྱུང་། ཞིབ་འཇུག་པ་དེས་བཤད་པ་ལྟར་ན། ཟྭ་དེ་ནི་མིག་སྔར་ཁྲོམ་ར་རུ་སྒྲིག་གཞི་ཆེས་གསང་བའི་ཟ་དེའི་རིགས་ཡིན་པས། ཟྭ་འདིའི་གསང་རྒྱ་བརྟོལ་དགོས་ཚེ་དཀའ་ཁག་ངེས་ཅན་ཞིག་ཡོད་པར་བཤད།
“འཇིག་རྟེན་འདིར་སུས་ཀྱང་འབྱེད་མི་ཐུབ་པའི་ཟྭ་ཞིག་ཡོད་དམ།”
ཞིབ་འཇུག་པ་དེས་སྒོའི་ལྕགས་ཟྭ་རྗེ་བཞིན་པའི་སྐབས་སུ། ངས་སྣང་མེད་ངང་འདི་ལྟར་དྲིས་པ་ན། ཁོས་གློ་བུར་དུ་ཟྭ་རྗེ་མཚམས་བཞག་སྟེ། རེ་ཞིག་ཅུང་ཧ་ལས་པའི་མིག་མདངས་ཤིག་གིས་ང་ལ་བལྟས་ནས་འདུག དེ་ནི་ད་བར་དུ་ཁོས་དྲི་བ་འདི་འདྲ་ཞིག་གཏན་ནས་ཐོས་མ་མྱོང་བ་དང་འདྲ། དེ་ནས་ཞིབ་འཇུག་པ་དེས་ཐེ་ཚོམ་ཅི་ཡང་མེད་པར“འཇིག་རྟེན་འདིའི་ཟྭ་ཡོད་ཚད་ནི་འཇིག་རྟེན་འདིའི་མི་རྣམས་ཀྱིས་བཟོས་པ་ཡིན་པས། འཇིག་རྟེན་འདིར་སུས་ཀྱང་འབྱེད་མི་ཐུབ་པའི་ཟྭ་ཞིག་ག་ལ་ཡོད”ཅེས་བཤད་བྱུང་།
རྡོ་ཁང་གྲུ་བཞི་འདིའི་སྒོ་དྲུང་དུ། ཞིབ་འཇུག་པ་དེས་ང་དང་སྐད་ཆ་འདི་གཉིས་བསྐྱུར་རྗེས་ཕྱིར་ལོག་སོང་། ཁོ་ཕྱིར་ལོག་ཤུལ་དུ། ངས་ཡང་བསྐྱར་ལྡེ་མིག་གསར་བ་འདི་དག་སྤར་ཁོངས་སུ་བཅུག་ནས་རང་ཁྱིམ་དུ་འཛུལ་བ་ཡིན། ང་རང་རྩིག་ལྡེབས་སུ་བསྙེས་འདུག་པའི་འབོལ་ཁྲི་རྙིང་བ་དེར་བསྡད་པ་ན། ཁ་གཏད་ནི་རྩིག་པ་དཀར་པོ་ཞིག་རེད། རྩིག་པ་དཀར་པོ་དེ་ནི་སྐབས་ཐོག་འདིའི་ང་རང་དང་འདྲ་བར། དེ་འདྲའི་དཀར་ཞིང་གསལ་བར་སྣང་ཡོང་། འཇིག་རྟེན་འདིར་སུས་ཀྱང་འབྱེད་མི་ཐུབ་པའི་ཟྭ་ཞིག་མེད་པའི་གནས་སྐབས་སུ། རང་ཉིད་ནི་ཁ་གཏད་ཀྱི་རྩིག་པ་དཀར་པོ་དེ་དང་འདྲ་བར་གསལ་ཞིང་གསལ་བ་ཞིག་མ་ཡིན་ནམ། ཆེས་ཆེར་གསལ་དྲགས་པའི་སྐབས་སུ། ད་ནི་རང་ཉིད་ཅེས་པའི་གཟུང་བྱ་ཞིག་ཀྱང་ག་ལ་ཡོད། འདི་ལྟར་བསམ་བློ་རེ་བཏང་ན། སུས་ཀྱང་འབྱེད་མི་ཐུབ་པའི་ཟྭ་དེ་མེད་ཚེ། མ་གཞིར་རང་ཉིད་ཅེས་པ་འདིའང་མེད་པ་འདྲ་ལ། རང་ཉིད་ཅེས་པ་འདིའང་མེད་ཚེ་ད་ནི་འཇིག་རྟེན་འདིར་ཅི་ཞིག་ལྷག་ཡོད་དམ། འདི་ལྟར། མི་འགྱང་བར་སུས་ཀྱང་སྒོའི་ལྕགས་ཟྭ་ཕྱེ་ནས་ནང་དུ་ཤོར་ཡོང་སྲིད་པའི་རྡོ་ཁང་གྲུ་བཞི་འདིར། ང་ལ་གློ་བུར་དུ་རང་ཉིད་བོར་འདུག་པའི་ངེས་ཤེས་ཤིག་ནན་གྱིས་སྐྱེས་འོངས་ལ། གལ་སྲིད། རང་ཉིད་ཅེས་པ་དེ་རྙེད་དགོས་ཚེ། ཆེས་ཐོག་མར་སུས་ཀྱང་འབྱེད་མི་ཐུབ་པའི་ཟྭ་དེ་རྙེད་དགོས་པའང་གཞི་ནས་ཚོར་ཡོང་།
ཕལ་ཆེར་དུས་ཀྱི་མཚམས་ཚིགས་དེ་ཉིད་ཅིག་ནས་བཟུང་། གྲོང་ཁྱེར་འདིའི་འུར་ཟིང་གི་ཀློང་དུ། སུས་ཀྱང་འབྱེད་མི་ཐུབ་པའི་ཟྭ་དེ་འདྲ་ཞིག་འཚོལ་བའི་གཏམ་རྒྱུད་ཅིག་གི་འགོ་བརྩམས་ཡོད།
དྲང་མོར་བཤད་ན། དེ་ནི་ད་གཟོད་ཟྭའི་གཏམ་རྒྱུད་ངོ་མ་དེའི་འགོ་བརྩམས་པ་ཡིན།
རྩོམ་ཁུངས། ༢༠༡༨ལོའི«སྦྲང་ཆར»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།