འབར་ཁམས་ཀྱི་བག་ཆགས།

རྩོམ་པ་པོ།:ཁང་སྐྱིད་བསོད་བསྟན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-11-24 09:30:44 ཀློག་གྲངས།:
འབར་ཁམས་ཀྱི་བག་ཆགས།
ཁང་སྐྱིད་བསོད་བསྟན།

སྟོན་ཟླ་དགུ་པའི་ཞོགས་པར།
འབར་ཁམས་ཀྱི་ཉི་འོད་ནི་ཆེས་མཛེས་སྡུག་གི་འཛུམ་མདངས་རེད།
ངའི་མཛུབ་མོའི་བར་གྱི་དུ་བ་རྐང་གཅིག་གི་འཚིག་རོ་ཡང་།
གང་བྱུང་བསྐྱུར་མ་ཕོད་པའི་འབར་ཁམས་ཀྱི་ཁྲོམ་སྲང་འདི་ནས།
རླུང་བསིལ་པོ་ཞིག་གིས་ང་ལ་ཞོགས་པའི་འཚམས་འདྲི་གནང་བྱུང་།

སྐབས་སྐབས་སུ་སོ་མང་ཆུ་བོ་འདྲ་བའི་ལོ་རྒྱུས་རིང་མོ་ཞིག་ལ་མཉན།
དུས་དུས་སུ་གཞུང་ལམ་གྱ་གྱུ་འདྲ་བའི་ལོ་ཟླའི་རྗེས་ཤུལ་གླེང་།
འབར་ཁམས་ནི་མི་རབས་ནས་མི་རབས་སུ་བརྒྱུད་པའི་གཡང་ནོར་ཞིག
འབར་ཁམས་ནི་ཕ་མེས་ནས་ཡང་མེས་སུ་བསླངས་པའི་ལྕགས་རི་ཞིག

རི་སྔོན་པོ་གཉིས་ཀྱི་བར་ན། ཆུ་གཙང་པོ་ཞིག་གི་འགྲམ་ན།
ལམ་གྱ་གྱུ་ཞིག་ནས་འཁྲུངས་པའི་ལྷག་བསམ་ཞིག
ནུབ་ཁའི་ཉི་འོད་ཁྲོད།
གཞུང་ལམ་གྱ་གྱུའི་འགྲམ་གྱི་རྒྱ་ལྕང་སྡོང་པོའི་ཟུར་ནས།
འབར་ཁམས་ཀྱི་སྐོར་བྲོ། ག་ལེ་ག་ལེར་འཁྲབ་བྱུང་།
ལྷག་བསམ་དང་འཛུམ་མདངས་ནི་རྒྱ་ལྕང་གི་ཡལ་གའི་རྩེ་མོ་ནས།
ག་ལེར་སོ་མང་ཆུ་བོའི་བཞུར་རྒྱུན་ལ་འདྲེས་པའི་རོལ་དབྱངས་རེད།

འཛུམ་མདངས་དང་ལྷག་བསམ་ངོ་བོ་རོ་གཅིག་ཏུ་འཐིམ་སོང་།
སྐོར་བྲོ་དང་རོལ་དབྱངས་འགྱུར་ཁུགས་གཅིག་ལ་འདྲེས་སོང་།
སང་ཉིན་ཞོགས་པར། ང་རང་དབུས་ལ་ཐོན་ཁར།
དབུས་ཀྱི་ལྷ་སར་ཐོན་ཁར། འཛུམ་མདངས་དང་ལྷག་བསམ།
ཁྱེད་ཀྱིས་ང་ལ་གནང་རོགས། སྐོར་བྲོ་དང་རོལ་དབྱངས།
ང་ཡིས་ཁྱེད་ལ་བཞག་ཆོག

འདི་ནས་ལྷ་སའི་བར་ལ། ད་དུང་ལམ་གྱ་གྱུ་ཞིག་གི་འགྲུལ་བཞུད་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།