སྒྲུང་ནང་གི་གཞོན་ནུ་དེ།
རྩོམ་པ་པོ།:ཡིད་སྐྱོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-08 09:58:56
ཀློག་གྲངས།:
༡
“ནམ་ཞིག་ཁྱོད་རང་ཤི་བར་གྱུར་ཚེ། ངས་སྔར་བཞིན་མདུན་ཅོག་དེའི་སྟེང་གི་ཆང་དང་ཐ་མག་དེ་དག་ཀློག་ཅིང་། དུས་ཐོག་ཐག་ཏུ་དེའི་ཡང་སྟེང་ན་གཡུག་གིན་པའི་ལག་ཟུང་དེ་དག་དྲན་བཞིན། སྡུག་གི་མཆི་མ་ཁོག་ལ་བཙན་གྱིས་མིད་ངེས།” ཁོའི་ཡིད་ལ་འཆར་ཡན་གྱི་ཉམས་ཀྱིས་ཕྱུག་པའི་སྙན་ཚིག་འདི་འདྲ་ཞིག་ལམ་སང་འཕོས་པ་ན། དེ་མ་ཐག་ཁོའི་ལུས་ཀྱི་ངལ་དུབ་མཐའ་དག་ཀྱང་རྨ་སྒྲོས་སོས་བྱེད་ཀྱི་གཅུད་རས་ཁ་ཡར་རིམ་པ་གཅིག་རེ་གཅིག་རེ་བཞིན་དུ་ཡུན་གྱིས་བཤུས་པ་ལྟར། ད་ནི་ལུས་སེམས་གཉིས་ལ་བདེ་བ་འབོལ་འབོལ་ལེ་བ་ཞིག་ཡར་འཕག་གིན་པ་ལྟ་བུའི་སྣང་བ་སྐྱིད་པོ་ཞིག་དང་བསྡེབས་ནས། སེམས་ཀྱི་སྡུག་བསྔལ་མ་ལུས་པར་ཁ་བ་ལྟར་ཞི་བཞིན་པའི་ངང་ཚུལ་ཞིག་ཕྱི་ལ་ཤར་འདུག་གོ །(དེ་ནི་བར་སྐབས་ཤིག་ལ་ཁོའི་གདོང་ན་འཛུམ་མདངས་ཁྱད་མཚར་བ་ཞིག་མངོན་འདུག་པ་དེས་ར་སྤྲོད་ཡག་པོ་བྱེད་ནུས།)ཁོ་དེ་ལྟར་ཡུད་ཙམ་ལ་དགའ་བ་དཔག་མེད་པའི་སྤྲིན་ཚོམ་དེའི་ནང་ཉལ་བསྡད་རྗེས། ཅུང་ཙམ་ནས་གཞི་ནས་མིག་འཕུར་འཕུར་བྱེད་ཀྱིན་མལ་གཟན་ལས་དལ་གྱིས་འཕག་ཙམ་འཕག་ཙམ་བྱས་ཤིང་། དེ་ནས་བྱ་རྨྱང་ནམ་མཁའ་ལངས་པ་འདྲ་ཞིག་བྱས་རྗེས། གློ་བུར་དུ་ཅི་ཞིག་དྲན་སོས་བྱུང་བ་ལྟར་མགྱོགས་པོར་ཀུམ་ཙོག་ཏུ་བསྡད་ཅིང་། སྔས་འགྲམ་གྱིipadདེ་ལག་ཏུ་བླངས་ནས། དེ་སྔོན་གྱི་སྙན་ཚིག་དེ་དག་དེའི་ནང་ལ་བདེ་ལྕག་འཁྱུག་པོའི་ངང་གཏག་མགོ་བརྩམས་སོང་། གོ་རིམ་མཐའ་དག་ཁྲོད། ཁོས་ནམ་ཞིག་ལ་དུ་བ་ཞིག་ལ་མེ་བསྒོས་པ་མི་དྲན་མོད། ད་ལྟ་ཁོའི་མཆུ་འགྲམ་དུ་ཐ་མག་རྐང་གཅིག་དམར་འཚུབ་འཚུབ་དམར་འཚུབ་འཚུབ་ངང་མགྱོགས་པོར་མེས་ཟིན་གྱིན་འདུག
“ཨ་བ་ཨ་མ། ཁྱི་རྒན་མ།”
ཁང་བའི་ནང་དུ་སྤྲིན་པའི་རྒྱུ་བ་བཞིན་གཏིབས་པའི་དུ་བ་དཀར་པོའི་རླབས་རྒྱུན་འཇམ་པོ་དེ། རིམ་བཞིན་ངོ་བོ་འགྱུར་ཏེ་དམག་འཁྲུག་གི་ཤུལ་ན་ལྡང་བའི་པགས་གཡའ་སློང་བར་བྱེད་པའི་ཁུག་སྣ་རིགས་ཤིག་ཏུ་འགྱུར་བཞིན་ཡོད་པ་འདྲ།
“ངས་ཁྱོད་ལ་ཤ་མཆིན་པ་ཕྱིར་ཕྱུང་ནའང་ཁྱོད་ཀྱིས་ང་ལ་གློ་བ་ཞིག་ཁོ་ན་ལས་གཞན་ཅི་ཡང་བསྟན་མ་བྱུང་། ཁྱོད་སྡོད་ཨ།…”
ཁོས་དེ་ལྟར་ཟེར་ཞོར“སྨུག་པས”ཡོངས་སུ་གཡོག་ཚར་བའི་མགྲོན་ཁང་དེའི་གྱང་ལྡེབས་སུ་ཁུ་ཚུར་གྱིས་ཐེངས་འགར་བཞུས་ཤིང་། མུ་མཐུད་དེ།
“ཁ་བཤད་དོན་ལ་མི་གནས་པའི་ཁྲེལ་མེད་མ”
“འཆལ་མོ”
“ཁྱི་མོ”
“……” སོགས་དམོད་ཚིག་གང་མང་ཞིག་གཅིག་རྗེས་གཉིས་མཐུད་དུ་བོར་རྗེས། རང་དབང་མེད་པར་ལྷ་ཡག་དང་མཉམ་དུ་སྡོད་སྐབས་ཀྱི་མཛེས་སྡུག་གི་དུས་སྐབས་ཕྲན་བུ་རེ་རེ་སླར་ཡང་ཁོའི་སེམས་ཀྱི་མེ་ལོང་ངོས་ལ་ལྷང་ངེ་ལྷམ་མེ་ལྷན་ནེར་མངོན་མགོ་བརྩམས་བྱུང་ལ། ཅུང་ཙམ་ནས་ཁོས་མཉམ་བཞག་དུས། ཁོའི་མཁུར་མགོ་རུ་གཤེར་གཟུགས་འཁྱག་པོའི་རྒྱུན་ཞིག་དབང་མེད་དུ་འགྲིལ་ནས་ཨོག་མའི་མཚམས་སུ་སླེབས་འདུག་ཅིང་། དེ་འབྱིད་ཙམ་བྱེད་ཞོར་དུ་ལྷ་ཡག་གི་མཛེས་སྡུག་མཐའ་དག་ཀྱང་ཁོའི་མིག་ལམ་དུ་མུ་ཏིག་གི་ཕྲེང་བ་ཞིག་རྒྱུན་བུར་བརྒྱུས་ཡོད་པ་བཞིན་འོད་དུ་འཚེར་བཞིན་པ་ལྟར་སྣང་ལ།
སླར་ཡང་། དེ་དག་རེ་རེ་བཞིན་སེམས་པ་ཞེས་པའི་བདག་མེད་ཀྱི་བདག་པོ་འདིས་ལག་གཡོན་པས་མགྱོགས་བུལ་མེད་པར་གྲངས་ཀྱི་བདེན་པར་འདྲེན་བཞིན་འདུག
༢
དེ་ནི་སྟོན་རླུང་དལ་གྱིས་ལྡང་བའི་མཐོ་སྒང་གི་ས་སྲོད་ཅིག་ལ་རེད། ཁོ་རང་གྲོང་ཁྱེར་འདིའི་མིང་མི་ཐོགས་པའི་སྲང་ལམ་ཞིག་ཏུ་བསམ་བག་གི་ཀློང་ལ་ཡན་གྱིན་དལ་ཤིག་ཤིག་སྒོས་འགྲོ་བཞིན་ཡོད། ཁོའི་གོམ་འགྲོས་ནི་དར་མ་ཞིག་གི་ལྗིད་ཚད་གཏན་ནས་མི་ལྡེང་པ་ནང་བཞིན་ཡང་ཟོར་ཁྱད་པར་བ་ཞིག་གིས་རྒྱུ་བཞིན་འདུག སྐབས་དེར། གཞུང་ལམ་ཡས་འགྲམ་གྱི་ཐོག་ཁང་ཞིག་གི་སྒོ་ལས་བཟི་བོ་ཞིག་ཕྱིར་ཐོན་བྱུང་ལ། དེས་ཁོ་རང་མཐོང་སྟེ་དབང་མེད་དུ་ལད་མོ་ཞིག་བྱེད་འདོད་སྐྱེས་ཤིང་གོམ་པ་འགའ་ཐུར་ལ་སྤོས་ཀྱང་། སྔར་ནས་རང་ལྕོགས་མི་ཐུབ་པའི་ལུས་པོ་ཉོབ་ཐིབས་སེ་བ་དེ་ཅུང་མིན་ན་རྡོ་སྐས་ལས་མར་འགྲིལ་གྲབས་ཤིག་བྱས་པས། བཟི་བོ་དེས་འཁང་ར་དང་ང་རྒྱལ་འདྲེས་མའི་ཧབ་ཆ་དིར་དིར་དུ་སྒྲོག་གིན་ཁོའི་ཕྱོགས་སུ་མཛུབ་མོས་བསྟན་བྱུང་བ་ཁོས་གསལ་ལེར་མཐོང་ལ། ཁོའི་མིག་མདའ་རིམ་གྱིས་དེ་ལས་ཐག་ཚད་ཅིག་གིས་མཐོ་བའི་ཐོག་རྩེག་གི་ངོས་སུ་གཏད་པ་ན། “མེ་འོད་གླུ་གར་གླིང”ཞེས་བོད་ཡིག་གི་སྒོ་བྱང་ཆེན་པོ་ཞིག་གློག་འོད་དམར་པོས་བྲིས་འདུག་པ་དེ་མིག་ལ་ལྷུང་འོངས།མེ་འོད། མེའི་འོད་མདངས་སྤྲོ་སའི་གུར་ཁྱིམ་མཐའ་མ་དེ་ཡིན་ནམ། ཡང་ན་མེའི་འོད་ལ་འཁུ་བའི་སྐྱེ་འགྲོ་དག་གི་ཆགས་ས་གཅིག་པུ་དེ་ཡིན། ཁོས་འདི་ལྟར་བསམ་བློ་འཁོར་བ་ན། དེའི་སྒོ་ཐེམ་བགོམས་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡིད་ལ་དབང་མེད་དུ་འཁོར་བྱུང་བས། དེའི་ཕྱོགས་སུ་ཐེ་ཚོམ་མེད་པར་རྐང་པ་སྤོ་མགོ་བརྩམས་ཤིང་། སྐབས་འདིར། ཁོའི་གོམ་འགྲོས་ནི་སྔ་མ་དང་མི་འདྲ་བར་བློ་ཐག་ཆོད་པོ་དང་ལྗིད་ཤུགས་ཤིག་གིས་ཡོངས་སུ་ཁེངས་འདུག
ཁོས་དེ་སྔོན་གྱི་བཟི་བོ་དེ་སྒྲེགས་སྐྱུག་ཡ་ང་བ་ཞིག་བྱེད་བཞིན་པ་མཐོང་བས་དེའི་གམ་དུ་རེ་ཞིག་བསྡད་དེ་སེམས་ཁུར་གྱི་ཚུལ་དུ། “ཁྱེད་བདེ་ཡི་མི་འདུག་གམ།” ཞེས་དྲིས་པར། བཟི་བོ་དེས་ལག་པ་གཡུག་གཡུག་བྱེད་ཀྱིན་ད་དུང་མུ་མཐུད་དུ་ལུས་པོའི་གཏིང་གི་ཅི་ཞིག་སྒོར་འདོན་དགོས་པའི་བཟོ་ཞིག་བསྟན་བྱུང་བས། ཁོས་ཀྱང་མགོ་ལྕོག་ནང་དུ་ལྡེམ་ཙམ་བྱས་རྗེས་མུ་ནས་སྒྱུ་འཕྲུལ་གྱི་ཕོ་བྲང་དེ་གར་སྙེག་ནས་ཕྱིན་སོང་།
༣
ཁོས་དར་ཤམ་གྱི་ཡོལ་བ་དེ་ཡར་བཀྱགས་ནས་ནང་དུ་འཛུལ་མ་ཐག བུ་མོ་ཞིག་མེ་ཏོག་གི་སྟེགས་བུའི་མཐའ་རུ་ཙོག་སྟེ་རྒྱབ་གྱང་ལ་བསྙེས་འདུག་པ་གང་ཏག་སེ་ཡར་ལངས་ཏེ་སྐད་ཆ་ཚིག་འགའ་ཁོ་ལ་ལབ་བཞིན་ཡོད་ཀྱང་། རོལ་དབྱངས་ཀྱི་སྒྲ་ཧ་ཅང་མཐོ་བས་ཁོ་གཉིས་ལ་གླེང་མོལ་གྱི་གོ་སྐབས་ཅི་ཡང་མི་སྟེར། དེའི་མུར། བུ་མོ་དེས་ངའི་རྗེས་སྙོགས་ཤོག་ཅེས་པ་དང་མཚུངས་པའི་མགོ་བོ་ནང་དུ་གུག་ཙམ་བྱས་རྗེས་ཐད་ཀར་ཁོ་རང་ཁྲིད་ནས་གླུ་གར་ཁང་ཡ་སྦུག་གི་བཅད་ཁང་དེའི་ནང་འཛུལ་སོང་།“བདེན་ཏེ། རྟོག་བཏགས་དང་འཚོ་བ་དངོས་ཀྱི་བར་ཐག་ནི་ནམ་ཡང་ང་ཚོའི་བློ་ངོར་ཤོང་ཐབས་བྲལ་བ་ཞིག་ཡིན་སྲིད། དཔེར་ན་ཁྱོད་ཀྱིས་ད་ལྟར་འབྱུང་འགྱུར་ལ་འཆར་འགོད་གང་ལེགས་བྱེད་བཞིན་ཡོད་ནའང་། ནམ་ཞིག་གི་ཚེ་དེ་ནི་ཤིང་ལོ་རླུང་གིས་བདས་པ་བཞིན་གར་སོང་ཤུལ་མེད་དུ་འགྱུར་སྲིད་པ་བདེན་དུ་གྲུབ་ན། ང་ཚོས་ད་དུང་བདེན་ཅོག་ཅོག་གི་མགོ་བོ་ནང་དུ་གཡུག་ཞོར་ཅི་ཞིག་ལ་ཁས་འཆེས་ཤིང་དམ་བཅའ་བ་ལ་སྙིང་བོ་གཞན་ཞིག་བདོག་སྲིད་དམ།”
ཁོ་རང་དེ་ལྟར་བོད་ལུགས་ཀྱི་བཟོ་ཐབས་སུ་བྱས་པའི་གྲུམ་ཙེ་དེའི་སྟེང་བདེ་ཕྱམ་མེར་སྡོད་སྐབས་དབང་མེད་དུ་མིག་ཟུང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་མིག་ཉུལ་ཐེངས་ཤིག་བྱ་དགོས་བྱུང་། དེ་ནི་ཐེངས་དང་པོར་གནས་འདི་འདྲར་སླེབས་པའི་འགྲུལ་པ་མཐའ་དག་གི་སྟངས་ཀ་རིགས་ཤིག་ཡིན་མིན་ནི་ཡིད་གཉིས་བྱེད་མོད། ཁོའི་ངོས་ཐད་ནས་དེ་ལྟར་ན་ད་གཟོད་གནས་འདི་ཉིད་རང་ཉིད་ལ་དངོས་གནས་དབང་མིན་གྱི་དོགས་གཞི་རིགས་ཤིག་སེལ་ཐུབ་ཀྱིན་ཡོད་པ་འདྲ། དེ་ཡང་ཁོ་དེ་མུར་ཡར་ལངས་ཏེ་ཚམ་ཚོམ་གང་ཡང་མེད་པར་མུ་མཐུད་དུ་གུས་བཀུར་མེད་པ་ལྟ་བུའི་ནོམ་ཉུག་རིགས་ཤིག་མཐའ་བཞིར་གཏོང་བཞིན་ཡོད་པའི་རྩིང་སྤྱོད་དེ་ལས་གསལ་པོར་རྟོགས་ནུས། འོ། ཁོས་བོད་ཆས་སྤྲས་པའི་བུད་མེད་ཅིག་ཁ་གཏད་ཀྱི་སྒྲོག་ཙེའི་མཐའ་རུ་འཁོད་འདུག་པ་ཏུར་རེར་མཐོང་བྱུང་། སྐབས་འདིར་མཐོང་ཞེས་ནའང་དེ་འདྲའི་འོས་འཚམ་ཞིག་མིན་པ་འདྲ་སྟེ། བུད་མེད་དེའི་སྒམ་བརླིང་གི་སྡོད་སྟངས་དེས་ཁོ་ལ་འགྲམ་ལྕག་ཅིག་བཞུས་པ་ལྟར་གཉིད་རྨུགས་རིགས་ཤིག་ལས་ཧར་སད་བྱུང་དུ་བཅུག་སོང་།
“ཁོ་ལ་དངོས་གནས་ཁག་མི་འདུག་སྟེ། གླུ་གར་ཁང་གི་ཁོར་ཡུག་ལ་རིང་ནས་གོམས་ལོབས་སུ་གྱུར་མེད་པའི་སྐྱེ་བོ་སུ་ཞིག་ཡིན་ཡང་རུང་། ཐོག་དང་པོར་འདི་ལྟ་བུའི་ཁོར་ཡུག་ཅིག་ཏུ་སླེབས་ཚེ། སྨུག་པ་གཞན་ཞིག་གི་ནང་ནས་ཡར་བླངས་ཏེ་སྨུག་པ་གསར་པའི་སྐེ་རྒྱན་ཞིག་མགུལ་ལ་འཕངས་པ་བཞིན་ཐེ་ཚོམ་དང་དོགས་འདྲིའི་རྒྱ་རུ་མི་ཚུད་པ་ག་ལ་སྲིད། འོན་ཀྱང་། དེ་བཟློག་པའི་ཐབས་ཀྱང་ལོས་ཡོད་དེ། སྒྲེགས་སྐྱུག་ཡིད་ཚིམ་པ་ཞིག་བྱས་པས་ཆོག གནད་འདིའི་སྟེང་ནས་ལུས་པོ་ནི་ང་ཚོས་བདེན་བདེན་དུ་རློམ་པའི་མགོ་བོ་ཉིད་ལས་རིག་པ་གྲུང་པོ་ཡོད་དེ། ད་དུང་ཁག་ཅིག་གིས་རྟག་ཏུ་འདི་ལ་ལས་དབང་དུ་སྙད་པར་བྱེད། འབབ་སྟེགས་འདིའི་སྟེང་ནས། ང་ཚོས་སྒྲུང་གི་བདག་པོར་གྱུར་པ་ཁོང་ལའང་གུས་འདུད་ལན་ཅིག་ཞུ་དགོས་ཡོད་དེ། དེ་སྔོན་ཁོ་རང་སྨྱོས་པ་བཞིན་ཕྱོགས་ཕྱོགས་མིག་ཉུལ་བྱེད་པ་དེའང་། “མཐའ་མེད་མུ་མེད་ཀྱི་ཕྱིའི་རྒྱ་མཚོ་ཆེན་པོའི་ཀློང་ནས་འཇུ་ཤིང་ཞིག་རྙེད་འདོད་པ་མ་ཡིན་ནམ།” ཁོས་བྱིས་པའི་དུས་སྐབས་ཀྱི་ས་སྲོད་ཅིག་ཡིད་ལ་ཝ་ལེར་དྲན་བྱུང་། ནམ་མཁའི་མཐའ་རུ་སྐར་མ་སྐྱ་བོ་ཞིག་ཁེར་ཆད་དུ་ངུ་། ཁོ་རང་དགའ་བའི་བུད་མེད་དེ་སྒྲོན་འོད་མག་མོག་གི་ཁང་བའི་ནང་རོལ་དུ་རང་གི་སེམས་དོན་པང་ནས་ཁ་རོག་གེར་ལུས། ཁོས་ལྷིང་འཇགས་འདིའི་བ་སྤུ་ཙམ་ཡང་དཀྲོགས་པར་མི་འདོད་དེ། ཁོ་རང་མཚན་གཅིག་ལ་བུད་མེད་དེའི་སྒོ་དྲུང་དུ་བསྡད། དེའི་ཕྱི་ཉིན་བུད་མེད་ལམ་དུ་ཆས་ལ། ཁོའི་བླ་ཚེ་སྲོག་གསུམ་ཡང་ལྷན་དུ་དྲུད་དེ་རྒྱང་རིང་བའི་གནས་ག་ལ་བར་ཕྱིན་སོང་། གནས་དེའི་ཡུལ་མིང་ལ་ལྷ་ས་ཟེར། ཁོས་ཚེ་གང་སླེབ་མི་སྲིད་སྙམ་སའི་གྲོང་ཁྱེར་དེར་ཁོར་གཞི་ནས་འགྲོ་འདོད་ཀྱང་མེད། ཡིན་ནའང་ཉིན་དེར་འཛུམ་དམུལ་དམུལ་བྱེད་པའི་བུད་མེད་དེ། བུད་མེད་དེའི་འཕྱོར་སྒེག་གི་ཉམས་འགྱུར་མཐའ་དག ཁོའི་སེམས་ལ་རྡོ་བརྐོས་རི་མོ་བཞིན་དུ་གསལ་ལ། དུས་ཀྱི་རླུང་བུས་ཕུ་ཡང་མོ་རེ་བཏབ་ཀྱིན་ཇེ་གསལ་ནས་ཇེ་གསལ་དུ་སྣང་བར་བྱེད།
ཁོ་རང་དྲན་བརྒྱལ་བ་ལྟ་བུའི་སེམས་ཀྱི་འགྲུལ་བཞུད་དེ་ལས་དངངས་སད་བྱུང་དུས། ཁ་གཏད་ཀྱི་མདུན་ཅོག་ཏུ་འཁོད་པའི་ཨ་ཅག་དེ་ཁོའི་གམ་དུ་སླེབས་ཤིང་། ཁོ་ལ་སེམས་ཁུར་གྱི་ཁམས་འདྲི་ཡང་དང་ཡང་དུ་ཞུ། ཁོས་འཛུམ་ཞིག་དམུལ་ཏེ་མཆུ་འདབས་ནས་འགྲམ་པའི་མཐའ་རུ་བསྐྱལ་ཞིང་། རིག་པ་རྐྱ་གཅིག་ཏུ་དྲིལ་ཏེ་ཧ་ཅང་གུས་ལུགས་དང་ལྡན་པའི་སྒོ་ནས། “ང་ལ་སྐྱོན་མི་འདུག ཁྱེད་རང་བཞུགས་གདན་འཇགས་དང་།”ཞུས་མཐར། བུད་མེད་དེའང་གཞི་ནས་ཙོག་པུར་བསྡད་བྱུང་ལ། དོགས་ཚོམ་གྱི་མིག་ཟུང་གིས་ཁོ་ལ་ད་དུང་ཅི་ཞིག་འདྲི་བཞིན་འདུག་མོད། རོལ་དབྱངས་ཀྱི་འཛེར་སྒྲ་དེས་སླར་ཡང་ཁོ་གཉིས་ཀྱི་གླེང་མོལ་ཨར་ལ་གཏད་སོང་།(རོལ་དབྱངས་ཀྱི་སྙན་ཆ་ནི་དེའི་ཕྱིའི་མངོན་སྟངས་ལ་རབ་ཏུ་བསྟུན་པ་ཞིག་ཡིན་སྲིད་མོད། མཐའ་གཅིག་ཏུ་ལྡིར་སྒྲ་དང་འུར་སྒྲས་འགེངས་པར་བྱེད་པ་འདིའི་དགེ་མཚན་ཆེར་མ་མཐོང་། དཔེར་ན་རོལ་དབྱངས་ཁ་ཤས་ནི་ཤང་ཤང་ཆུ་མོའི་བཞུར་རྒྱུན་དང་གཤིབ་སྟེ་མིའི་སེམས་ལ་ཡུན་གྱིས་འབབ་ཀྱིན་ཡོད་པ་དང་། ཁ་ཅིག་ནི་རྦབ་རྒྱུན་རིང་བོའི་དཔྱངས་ཐག་དང་འདྲ་བར་མཉན་མཁན་རྣམས་འཁྲིད་ནས་གཟེར་སྒྲ་རྣོ་བའི་ན་ཟུག་གི་གཏིང་སར་སླེབས་ཀྱིན་ཡོད། འོན་ཀྱང་འདི་རུ་ས་བཅད་དེ་དག་གི་དབྱེ་མཚམས་ཡོངས་སུ་ནོགས་ཏེ། དེའི་ཚབ་ཏུ་བརྒྱ་ཁ་གཅིག་གཅོད་ཀྱི་ལྷིང་འཇགས་ཤིག་ལས་མི་འདུག མྱ་ངམ་ཐང་ཆེན་པོ་ལྟ་བུའི་ལྷིང་འཇགས་འདིས་འཆར་ཡན་གྱི་ཀློང་གི་མི་རྣམས་ཡང་ཡང་ཨར་ལ་གཏད་སོང་།...)
ཡུད་ཙམ་ནས་རོལ་དབྱངས་ཀྱི་རྦབ་རྒྱུན་ཅུང་ཟད་ལྷོད་འཇགས་སུ་བབས་ཤིང་། གླུ་གར་གླིང་གི་ཁོ་ར་ཁོར་ཡུག་ཀུན་ཅུང་བབ་བརླིང་གི་རྣམ་པར་འཁོད་བྱུང་བས། ཁོས་གང་མགྱོགས་ཀྱིས་གམ་གྱི་ཨ་ཅག་དེར་བལྟ་ཙམ་བྱས་པ་ན། ཨ་ཅག་དེས་ཀྱང་དུས་མཚུངས་སུ་ཁོ་ལ་ཚུར་ལྟ་བར་བྱེད། ཡིན་ནའང་དུས་ཀྱི་སྐད་ཅིག་མ་དེར། “ཕར་ལ་མིག་ཅིག་བལྟས་པས། ཚུར་ལ་སྤྱན་ཞིག་གཟིགས་བྱུང་། སྤྱན་མིག་དཀྲི་གའི་བར་ནས། ལས་འགྲོའི་མདུད་པ་ཐེབས་སོང་།།”ཞེས་པ་བཞིན་གྱི་བརྩེ་དུང་གི་མངར་ཁ་འཇམ་པོ་ཞིག་མྱོང་རྒྱུའི་བསྐལ་བ་དེ་ཅིས་ཀྱང་བར་ཐག་འདོམ་གང་ལས་མེད་པའི་ཁོ་གཉིས་ཀྱི་སྟེང་ནས་མངོན་དུ་འགྱུར་མ་ཐུབ།
“ཁྱོད་གཅིག་པུ་ཡིན་ནམ།” ཁོ་རང་གོ་བ་ལོག་པར་སྐྲག་སྟེ། མོས་སླར་ཡང་བརྣན་པའི་ཚུལ་དུ། “ཁྱོད་ལ་གྲོགས་པོ་གཞན་མེད་དམ། གཅིག་པུས་ཆང་འཐུང་སྟེ་དོན་གང་ལ་འཕྲད་སོང་། དགའ་རོགས་དང་ཁ་བྲལ་སོང་བ་ཡིན་ལས་ཆེ་ཨང”ཟེར་བཞིན་ཅོག་ཙེ་འདིའི་སྟེང་གི་བུད་མེད་གཞན་དེར་བལྟས་འོང་། ཡིན་ནའང་དེ་ནི་ཆེས་སྤྱིར་བཏང་གི་མིག་གི་བལྟ་ཕྱོགས་ཤིག་ལས་དམིགས་ཡུལ་དང་ལྐོག་འབྲེལ་ཅི་ཡང་མེད་པ་བལྟས་ཚོད་ཀྱིས་ཚོད་ཀྱིས་འཕྲིག་འོང་། བུད་མེད་གཞན་དེས་ཀྱང་དེ་མུར་ཅི་ཞིག་ལ་ཨི་ཙི་ལུ་གུ་ལངས་པ་ལྟར་ཁ་ཚུར་འཁོར་ནས་བལྟས་འདུག ཡིན་ན་ཡང་ཁོ་ལ་སྐབས་འདིར་ཨ་ཅག་དེ་ལ་ཁ་གྲག་འདོད་ཀྱི་འདུན་པ་རྟ་རྔ་ཙམ་ཡང་མི་འདུག་སྟེ། ཐ་ན་གནས་འདིར་གོམ་པ་སྤོས་པ་ལའང་བློ་འགྱོད་ཅིག་སྐྱེས་བྱུང་། “དེ་ནི‘བྱིས་པའི་དུས་ནས་རྒས་ཤིང་འཁོགས་པའི་བར། །བསམ་པའི་འཁྱེར་སོ་ཅི་ཙམ་བརྗེས་གྱུར་པ། །རང་གི་མྱོང་བས་དཔྱད་ན་ཤེས་ནུས་པས། །ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི། །’’ཞེས་པ་ནང་བཞིན། མ་གཞི་ནས་མི་ཡི་སེམས་ཁམས་ཀྱི་འགྱུར་བ་ནི་དུས་ཀྱི་ཆ་ཤས་རེ་རེར་ཡང་མི་རྟག་འགྱུར་བའི་རང་བཞིན་དུ་གནས་ཡོད་པ་ཞིག་ཡིན་པས། དེ་ལ་འཁང་ར་དང་ལེ་ལན་བསློག་ཀྱང་ཅི་བྱར་ཡོད།” ཡིན་ཡང་གུས་ལུགས་ཀྱི་ངོས་ནས་བསམ་ཞིབ་ཅིག་བྱས་རྗེས། ཁོས་ད་དུང་ཅུང་ཞིག་སྡོད་དགོས་པར་ཐག་བཅད་ཅིང་། “ཧ་ཧ དེ་འདྲ་མ་ཡིན།”ཞེས་ཚིག་འགའ་ངག་སྒོ་ནས་མར་ཕུད།
༤
ཞབས་ཞུ་བས་གླིང་ཕྲན་སྔོན་པོ་སྒམ་གང་ལུ་གུ་རྒྱུད་དུ་བསྟར་བྱུང་ལ། བྱང་ཆ་དང་ལྡན་པར་པི་ཙེ་གསུམ་ལེགས་པར་བཤལ་ཞིང་ནང་དུ་བདུད་རྩི་སེར་པོས་གཏམས་ཏེ་གང་ཞིག་ཏུ་ཡལ་སོང་།དེ་ནས་ཨ་ཅག་དེས་ད་དུང་ཅི་ཞིག་ཤོད་རྩིས་ཤིག་བྱས་རྗེས་ཁུ་སིམ་མེར་རང་གནས་སུ་ཙོག་སྟེ་སྡོད་ཅིང་། དེ་ནས་སྦི་རག་ཕོར་གང་སྒོག་སེ་མིད། མོ་སླར་ཡང་སྒམ་བརླིང་གི་ཉམས་ཀྱིས་བསྡད་བྱུང་ལ། དེ་ནས་ཅུང་སྐྱོ་ཉམས་དང་བཅས་ཏེ། “དྲང་མོར་བཤད་ན། ང་འཐོར་མྱོང་། སྔོན་ཆད་ཕ་མའི་བཀའ་བཀོད་ལྟར་ལོ་བཅུ་དྲུག་སྟེང་གནས་ཡུལ་འགྲིམས་ཀྱང་། རྗེས་སུ་གནས་ས་མ་ཟིན་པས་ཕྱིར་ལོག་པ་ཡིན།”ཞེས་ཟེར་བཞིན་འཛུམ་ཙམ་དམུལ།
“དེ་ཅི་ལན་ནམ”ཁོས་འདི་ལྟར་འདྲི་གྲབས་ཤིག་བྱས་ཀྱང་། འདས་དོན་རིགས་ཤིག་གིས་ཁོ་རང་སྨུག་པ་བན་བུན་གཏིབས་པའི་བསམ་གཞིག་གི་ཀློང་ཡངས་སུ་དྲངས།...
ཁོས་ཤེས་སོང་། ཁོས་ཅི་ཡང་ཧ་གོ་སོང་།
བརྒྱ་ལ་བུད་མེད་འདིའི་སྐྱེས་པ་ནི་རང་རྐྱ་འཕེར་བའི་འབྲོག་པའི་འཚོ་བར་གོམས་ལོབས་སུ་ཕྱིན་ཚར་བའི་སྐྱེས་པ་སྣང་མཐོ་ཞིག་ཡིན་ཚེ། དེས་མོ་ལ་དང་མགོར་ཡ་ཐོད་ཀྱི་མིག་ལྟར་གཅེས་ཤིང་ཡ་ཁོག་གི་སྙིང་བཞིན་འཚོས་ཏེ་དུས་ཡུན་ངེས་ཅན་ཞིག་ལྷན་དུ་བསྐྱལ་སྲིད་ལ། དེ་ནས་རིམ་བཞིན་ཨ་གསར་ཚ་པོའི་དུས་སྐབས་དེ་ཡུན་གྱིས་ཕར་འགྱངས་པ་དང་བསྟུན། མི་ཆ་མེད་ཅིག་ལ་སེམས་བསྟིམས་པར་དགོས་པ་ཆུང་སྙམ་སྟེ་ཕ་རོལ་པོའི་བུད་མེད་འདི་ལ་བར་ཐག་བཀྱེད་ཅིང་ལིམ་ལོག་ཀྱང་སྟོན་ངེས་པ་གདོན་མི་ཟ། དེ་ནས་ཁོས་གསར་འགྲོགས་འཚོལ་ཅིང་སྤྱོད་པ་བག་མེད་དུ་བསྒྱུར་ཏེ་མོའི་ཉམ་ཆུང་འུ་ཐུག་གི་ལས་དབང་ལ་ཡང་ཡང་ཚོད་བགམ་བྱ་ངེས་ཀྱང་ཡིན་པས། སྐབས་འདིར་མོས་བདེ་སྐྱིད་ཀྱི་ཉི་ཟེར་ཕྲན་བུ་ཙམ་ཞིག་རྙེད་རྒྱུ་ལྟ་ཞོག ད་དུང་དེ་ལས་ལྡོག་སྟེ། ཚེ་གཅིག་སྐྱ་ཡ་གང་དེའི་བརྙས་དམོད་དང་གཅར་རྡུང་གི་ཁྲོད་ནས་ཉི་མ་འཁྱོལ་བར་འབད་དགོས་ཚེ།...
འདི་ལྟར་བསམ་གཞིག་གཏོང་སྒང་ལ་ཁོ་ལ་དབང་མེད་དུ་གྲང་འདར་ཞིག་ཀྱང་ཤོར།
ད་དུང་བུད་མེད་ཕལ་ཆེ་བའི་གཉུག་གཤིས་ནི་མགོ་བོ་བྲག་ལ་མ་བརྡབས་ན་ཁ་ཕྱིར་འཁོར་མི་ཤེས་པའི་གླེན་གཤིས་ཚ་པོ་དེ་འདྲ་རང་ཡོད་པས། གཅིག་བྱས་ན་མོས་ད་དུང་རང་གི་སྐྱེས་པར་བཟོད་སྒོམ་དང་དཀྱེལ་ཡངས་མང་དུ་བྱ་སྲིད་ལ། ཁོ་དང་གློ་བ་ཇེ་ཉེར་ཕྱིན་ནས་སྔར་བས་གཅེས་གཅེས་ཀྱང་བྱ་སྲིད་མོད། མདའ་མོ་ལྟོང་ཤོར་ཞིག་ཁ་ཕྱིར་འཁོར་བར་རེ་བ་ནི་རང་ཉིད་རྨས་པའི་རྒྱུ་ལས་མ་འདས་པས་ན། མོས་མཐའ་མཇུག་གི་རེ་ཆད་དེ་ལ་བསྒུགས་ཡོད་པའང་མངོན་སུམ་དུ་གྲུབ།
“ཇོ་ལགས་དལ་ཙམ་མཆོད་དང་།”
ཁོས་མིག་འོད་ཕྱོགས་གཅིག་ཏུ་བསྡུས་ཏེ་ཧུར་རེར་བལྟས་པ་ན། ཨ་ཅག་དེས་ཁོ་ལ་ཆང་ཉུང་ཙམ་བཏུང་བའི་རེ་བ་ཞུ་བཞིན་འདུག་ཅིང་། མོའི་མིག་ལ་དྭངས་གཙང་ལྷད་མེད་ཀྱི་འོད་མདངས་ཤིག་རབ་ཏུ་བསྒོས་འདུག ཁོས་ཅི་ཡིན་ཆ་མ་འཚལ་བར་ཆང་དམ་དེ་འདྲ་མང་པོ་ཞིག་འཐུང་ཟིན་འདུག་ཅིང་། གཡས་འགྱེལ་གཡོན་ལོག་གི་ཆང་དམ་དེ་དག་གིས་ཁོ་ལ་བཟི་ཁ་ཚ་པོ་ཞིག་ཀྱང་ངང་གིས་བསླངས་བྱུང་། ཁོ་ལ་སྐྱུག་ངད་ཁ་བོ་ཞིག་གློ་བུར་དུ་ལྡང་འོང་ལ། དེ་མུར་མགོ་བོ་ཅི་ཞིག་གི་ནང་དུ་བཙུགས་ནས་སྐྱུག་ཅིང་ཨུགས་རྔུ་འབྱིན།
༥
ཁོའི་ཤེས་པ་སྦྲང་བུ་འདྲ་བོ་དེ་སོར་དུ་ཆུད་ཙམ་བྱུང་དུས། ཨ་ཅག་དེས་ཁོའི་རྐང་མགོའི་ལྷམ་འཕུད་ཅིང་མལ་ཆས་དག་སྒྲིག་གིན་འདུག མོའི་བཞུན་ལ་ནེམ་པའི་ངོ་རིས་དང་། སྐེམ་རིད་དུ་གྱུར་པའི་ལུས་ཚུགས། དེ་བས་ཀྱང་མོའི་མི་རྟག་འགྱུར་བའི་ལས་དབང་ལ་བཅོལ་བའི་དད་འདུན་གྱི་སེམས་པ་དེ་དྲན་ཚེ། ཁོ་རང་དབང་མེད་དུ་ཨ་ཅག་དེའི་སྐེ་ལ་འཐམས་ཤིང་འོ་ལྕི་མོ་ཞིག་བྱས།དེ་ལྟར། ཁོ་གཉིས་ཀྱིས་མཆུ་དང་མཆུ་སྦྱར་ནས་དུས་ཡུན་རིང་ཙམ་ཞིག་སོང་ཞིང་། མཚམས་ཤིག་ནས་དབུགས་ཀྱང་རྔུབ་ལེན་བྱེད་དཀའ་བ་ཆགས་ནའང་། ཁོ་གཉིས་སུས་ཀྱང་མཛེས་སྡུག་གི་དུས་སྐབས་འདི་ལ་རྨ་འབེབས་པར་མི་འདོད་དེ། དུས་གཏན་དུ་འདི་ལྟར་ལུས་ཐུབ་ན་བསམས།
ཕན་ཚུན་གྱི་འཐམ་འཁྱུད་ཁྲོད་ནས། འདི་ལྟར་རྒས་སོང་ནའང་བསམས།
འོན་ཀྱང་འོལ་ཀར་ཆུ་དྲངས་པའི་ལས་དེ་མ་བརྩམས་པའི་སྔ་རོལ་ཏག་ཏག་ཏུ། ཨ་ཅག་དེ་གྲི་ཤུབས་ལས་བཤངས་པ་བཞིན་ཁོའི་འཁྱུད་སྦྱོར་གྱི་སྟ་གོན་དེ་ལས་ཕྱིར་དབྱུང་བྱུང་ལ། “ཇོ་ལགས་ངལ་གསོ་རོགས། ད་ནི་ངའང་ཡུལ་ལ་ལོག་རན་།”ཞེས་བཤད་རྗེས། ཁ་ཕྱིར་འཁོར་ཏེ་བྲེལ་སྟབས་ཀྱིས་བུད་སོང་། སྒོ་མོ་ཁྲོག་གེར་གཏན་པའི་སྒྲ་དང་འགྲོགས་ནས། སྟོང་འཇགས་ལ་སིམ་པའི་མགྲོན་ཁང་འདི་རུ་ཁོ་གཅིག་པུ་ལུས་པའི་དོན་དངོས་དེ་ཕྱིར་ཁོ་ལ་སྤྲད་དེ།
མོ་བུད་སོང་།…
༦
ཕྱི་ཉིན། ཁོ་གཉིས་སྔར་ལྟར་མེ་འོད་གླུ་གར་གླིང་དུ་འཛོམས་ཤིང་། ཁོ་གཉིས་ཀྱི་གདོང་ལ་རྒྱུས་ཡོད་པའི་འཛུམ་མདངས་ཤིག་གིས་ཁེངས་འདུགམཚན་ནུབ་དེར་ཨ་ཅག་བཟི་ནས་གཏི་ལུམ་ཆགས་སོང་ལ། མོས་རང་གི་བརྩེ་འདང་མ་ལུས་ཁོ་ལ་བྱིན།
......
༧
ཁོ་སླར་ཡང་ཕྱིར་དྲན་གྱི་རྒྱ་རུ་ཚུད་དེ་ཧོན་འཐོར་ནས་སྡོད་པའི་སྐབས་དེར། ཁོའི་སྐད་འཕྲིན་གྱི་དྲིལ་བརྡ་ལས་གཞས་སྙན་མོ་ཞིག་ལྷང་ལྷང་ངང་མཆེད་བྱུང་།
“ཨ་ཅེ་འབྲོག་མོ་ལོ་ལོ། །
ཡ་ཆུང་སེམས་པ་མ་སྡུག །
བཅུ་དྲུག་ལང་ཚོའི་མེ་ཏོག །
སུ་ཡི་སྙིང་ལ་བཞད་སོང་། །
མིག་ཟུང་ཁྲ་མོའི་སྒྲིལ་མཚམས། །
ས་ཕྱོགས་གང་ལ་ཤོར་སོང་། །
ཁྱོད་ཀྱི་སེམས་སུ་བཅུག་པའི་གསང་བ། །
མིག་ཆུའི་ནང་ནས་ལྷུང་སོང་། །
འོན་ཀྱང་སྐབས་འདིར་ཁོ་ལ་ཁ་པར་ལེན་འདོད་ནི་མི་འདུག ཁོའི་སེམས་ཀྱིས་ཁ་རོག་གེར་བརྩེ་དུང་གི་མེ་ཏོག་ཅིག་བསླེས་ཏེ། ཐོག་མར་ཁོ་རང་ཉིད་ལ་ཕུལ་ཞིང་། དེ་ནས་ཁོའི་ཚེ་སྲོག་ལ་ཁ་ལོ་བསྒྱུར་མྱོང་བའི་བུད་མེད་དེ་དག་རེ་རེར་ཡང་ཕུལ་རྗེས།ཡ་ཆུང་སེམས་པ་མ་སྡུག །
བཅུ་དྲུག་ལང་ཚོའི་མེ་ཏོག །
སུ་ཡི་སྙིང་ལ་བཞད་སོང་། །
མིག་ཟུང་ཁྲ་མོའི་སྒྲིལ་མཚམས། །
ས་ཕྱོགས་གང་ལ་ཤོར་སོང་། །
ཁྱོད་ཀྱི་སེམས་སུ་བཅུག་པའི་གསང་བ། །
མིག་ཆུའི་ནང་ནས་ལྷུང་སོང་། །
ཁོ་རང་ཚིམས་སྣང་འོད་ཡུག་གེ་བ་ཞིག་གི་ནང་དུ་ལྷུང་ཞིང་།
ཁ་པར་གྱི་དྲིལ་བརྡ་མུ་རུ་གྲག་གིན་གདའ།…
ཨ་ཅེ་འབྲོག་མོ་ལོ་ལོ། །
ཡ་ཆུང་སེམས་པ་མ་སྡུག །
ཚིག་གསུམ་དར་གྱི་མདུད་པ། །
སུ་ཡི་སྙིང་ལ་ཕོག་ཡོད། །
གོམ་གསུམ་གོམ་པའི་བར་ནས། །
སུ་ཞིག་ཡིད་ལ་འཁོར་ཡོད། །
མ་ཤི་གསོན་བྲལ་བྱུང་བའི་སྐྱོ་བ། །
མིག་ཆུའི་ནང་ནས་ལྷུང་སོང་། །
ཡ་ཆུང་སེམས་པ་མ་སྡུག །
ཚིག་གསུམ་དར་གྱི་མདུད་པ། །
སུ་ཡི་སྙིང་ལ་ཕོག་ཡོད། །
གོམ་གསུམ་གོམ་པའི་བར་ནས། །
སུ་ཞིག་ཡིད་ལ་འཁོར་ཡོད། །
མ་ཤི་གསོན་བྲལ་བྱུང་བའི་སྐྱོ་བ། །
མིག་ཆུའི་ནང་ནས་ལྷུང་སོང་། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号