སློབ་ཆུང་སློབ་མ་ཞིག་གིས་བྲིས་པའི་མྱོང་བ་ཞིག
ན་ནིང་གི་དེ་རིང་ལ།
ལྷ་མོ་སྐྱབས། རྨེའུ་རུ་མ་ལྟེ་གནས་སློབ་ཆུང་།
སྤང་ཐང་གཡུ་ཡི་ལོ་མ་རྣམ་པར་རྒྱས།།
སེར་ཆེན་མེ་ཏོག་བཞད་པའི་ཕ་ཡུལ་མཛེས།།
ལྷང་ལྷང་ཁུ་བྱུག་གྲགས་པ་རི་ལུང་ཁྱབ།།
སྣ་དགུ་འཛོམས་པའི་དཔྱིད་མགོའི་དུས་ཤིག་ལ།།
ཚར་ལྭ་སོ་མར་བརྗེས་པའི་བྱིས་པ་མང་།།
ཁ་སྣ་མངར་གྱིས་གང་བའི་དམ་པ་མང་།།
མཁའ་དབུགས་ཡུན་གྱིས་རྔུབ་པའི་སོས་དལ་ངང་།།
གང་ན་གང་ཡང་འཛོམས་པའི་དུས་ཤིག་ལ།།
རྨ་བྱའི་སྒྲོ་གུར་ཕུབ་འདྲའི་ཞབས་བྲོ་ཡག །
ཁྱུང་ཆེན་ཚང་ནས་འཕུར་འདྲའི་རྩལ་སྣ་ལེགས།།
གླུ་སྐད་ལྷང་སེ་འགུག་པའི་གླུ་བ་མང་།།
རྣམ་ཤེས་མ་ཁུག་འཕུར་བའི་སྐབས་ཤིག་ལ།།
གོས་ལ་ནག་ཐིག་མ་གོས་གཙང་མ་ཡིན།།
སེམས་པ་གདོན་གྱིས་མ་བཟུང་རྣམ་དག་ཡིན།།
ལག་པར་བསླུ་བྲིད་མ་འབྱར་ཡང་མོ་ཡིན།།
སེམས་པ་ལྷོད་ལ་བསྡད་པའི་བར་གསེང་དེར།།
ཧ་ཧ་ཧོ་ཧོ་ཁ་སྣའི་དབྱིངས་སུ་གྲུབ།།
ཧ་བོ་ལས་ལ་དེ་འདྲ་འབོད་རྐྱང་མིན།།
ལུས་པོ་ཐར་ཡང་སྐད་ཆ་མ་ཐར་པའི།།
མ་བཟང་འཇིགས་སུ་རུང་བའི་དུས་ཤིག་ལ།།
ཁང་བ་ཆུང་ཆུང་སྐད་སྒྲ་ཆེན་པོ་ཞིག །
གློ་བུར་ཐོན་པ་རླུང་ནག་འཚུབ་མ་ཞིག །
མ་ཕྱེས་ཡ་ཁ་མ་ཁའི་མཆུ་འདབས་ནས།
མ་བཤད་སྐད་ཆ་གཅིག་ཀྱང་བརྗོད་མ་ཁོམ།།
མ་དེད་བདེན་པའི་རྩ་བ་སུས་མ་དེད།།
མ་དྲིས་ཚིག་གི་སྣེ་མོ་ཚུར་མ་བསྲིངས།།
མ་བརྟག་དོན་གྱི་སྙིང་བོ་སུས་མ་བརྟག །
གཡང་གཟར་གནས་ལུགས་བྲག་རིའི་འདབས་ནས་འཁྲབ།།
ཨ་མཚར་སྨྲ་བའི་གཏམ་གྱི་ཁུགས་མགོ་མེད།།
ཁ་མཆུ་གྱོད་ཀྱི་སྣེ་མོ་སེམས་ན་མེད།།
ཀི་རིང་འདེབས་རྐྱང་མིན་པ་སློབ་རའི་གླིང་།།
བསམ་བསམ་འདོད་འདོད་བྱེད་པའི་གོང་མ་མཆོག །
དགའ་ན་དགོད་རྒྱུ་ཡོད་པ་མི་ཡི་གཤིས།
སྡུག་ན་མིག་ཆུ་འཛར་བ་བྱིས་པའི་མིག །
སྙིང་གཏམ་ཤུར་ཤུར་བརྗོད་པ་སྐྱིད་པའི་དུས།
སྐད་སྒྲ་རི་ལུང་ཁྱབ་པ་ཁྲོ་བའི་ངར།།
བསོག་བསོག་ཁུག་སྟོང་གང་ནི་ཡིན་ན་ཐང་།།
བལྟས་བལྟས་མིག་གི་ཚེར་མ་མ་ཡིན་ན།།
མིང་གི་མགོ་ཙམ་གླེང་དུས་རྒྱུགས་གྲབ་བྱེད།།
རྔ་མ་ཟད་ཙམ་མ་བྱུང་གཡུགས་ནས་ཡོང་།།
དཀར་སྟག་དམར་སྟག་མིག་རྡོ་གཉིས་ལས་འགུལ།།
ཆལ་སྒྲ་ཆོབ་སྒྲ་རྣ་བའི་གཏིང་ནས་གྲགས།།
ཚ་བ་གཟེར་བ་ལུས་པོའི་སྟེང་དུ་བརྡབ།།
མ་སྐྱིད་དེ་རིང་སྐྱིད་པོ་མ་སྐྱིད་ཐལ།།
དེ་རིང་དྲུག་གཅིག་བྱིས་པའི་དུས་ཆེན་རེད།།
སློབ་མ་དགའ་རྒྱུ་ཁྱོད་ཚོས་བདེ་སྐྱིད་རེད།།
སྐྱིད་པའི་གླུ་དབྱངས་ལྷང་ལྷང་ལེན་པའི་དུས།།
མིག་ཆུ་ཁྲོམ་ཁྲོམ་བཞུར་བ་སྙིང་རེ་རྗེ།།
གཞན་པའི་དོན་ལ་དོན་གྱིས་འདང་ཨེ་བརྒྱབ།།
སྐད་ཆ་ཞིབ་དུ་དྲིས་ན་ཁ་ཚ་འམ།།
ཆུང་བའི་བརྩིས་ན་ཆེ་བའི་མི་བརྩི་བའི།།
གནས་ལུགས་འཇིག་རྟེན་སྟེང་དུ་དར་ཡོད་དམ།།
མིག་ཆུ་ཐང་དུ་འཛར་བ་རང་འཛར་མིན།།
ན་ཁོས་ཚ་གཟེར་མ་བཟོད་བཞུར་བ་མིན།།
དེ་རིང་ཞིམ་པོ་ཉོ་སྟངས་བཙོག་བཙོག་གི །
རང་དབང་མེད་པར་ལྷུང་བའི་སྡུག་ཡུས་ཡིན།།
རང་ལ་མ་ཁེ་ཟེར་བཞིན་སྒྲོག་པ་མིན།།
རྗེས་མའི་མུ་མཐུད་ཉོ་བསམ་ངུས་པ་ཡིན།།
བཤད་ས་ཟེར་ས་མེད་པའི་ཁོར་ཡུག་ནས།།
མི་ཚོགས་མང་པོའི་ཁྲོད་ན་གཅིག་པུ་འདྲ།།
མི་གཙང་འདམ་བུ་མེད་པའི་གདན་ཐོག་ནས།།
རྐང་ལག་དྲེགས་པའི་བསྡམས་པ་གྱོང་ནས་ཡོད།།
ཡར་མར་དྲུད་པའི་ལུས་པོ་བེམ་རོ་ཞིག །
ཁྱི་སྨྱོན་ལག་ཏུ་ཤོར་བའི་ཙི་གུ་ཞིག །
རྒྱ་རྫོང་ནགས་ན་འཛེར་མེད་ཤིང་སྡོང་མེད།།
འཇིག་རྟེན་ཁམས་སུ་སྐྱོན་མེད་མི་ཞིག་བྲལ།།
ང་དང་ཁྱེད་གཉིས་གཅིག་འདྲ་མི་ཡི་ལུས།།
སྐྱོན་གྱི་རྔ་མའི་འཛིན་པ་སུ་མཁས་ཡིན།།
གནམ་གྱི་ཆར་ཆུས་བརླན་པ་རས་ཀྱི་གོས།།
མིག་མཐའི་མཆི་མས་བརླན་པ་མི་ཡི་སེམས།།
མིག་རྡོ་ཕྱི་རུ་འབུར་བའི་ངོ་ཚ་ཞིག །
མགོ་བོ་ན་བའི་ཟོལ་གྱི་སུས་མ་སྦེད།།
མགོ་བོ་གོང་ཁར་སྦྱར་བའི་བློ་ཡུལ་ནས།།
གནམ་གྱི་རྒན་པོས་བཀོད་སྒྲིག་ནོར་བར་སེམས།།
ཡང་ནས་ཡང་དུ་བསམ་པའི་སྣང་བ་ལ།།
འཇིག་རྟེན་མི་ཡུལ་འགྲིམ་པ་ཁྱི་སྐྱག་འདྲ།།
ང་རང་ལན་པ་མེད་པའི་མི་ཞིག་མིན།།
ཁྱེད་ཉིད་ལན་པ་བསལ་བའི་ལྷ་ཞིག་མིན།།
ལན་པ་བསལ་བའི་ཡུལ་གྱི་ལན་པ་དག །
དོན་གྱི་ལན་པར་བརྩི་འམ་ཡང་དག་ཚོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com