གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཡུང་དྲུང་བསྟན་པ།
གཡུང་དྲུང་བསྟན་པ་ལགས་ནི1968ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་སྐྱེས། 1987ལོའི་ཟླ7པར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། གསེར་ཆེན་རྫོང་མཚོ་སྐོར་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བར་ཞུགས། 1990ལོ་ནས1993ལོའི་བར་མཚོ་སྔོན་སློབ་གསོའི་སློབ་གླིང་གི་ཆེད་སྦྱོང་ཚན་ཁག་ནས་སློབ་གཉེར་མཛད་པ་དང་། དེའི་རྗེས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་གི་དངོས་གཞི་ཚན་ཁག་ནས་སློབ་མཐར་ཕྱིན། 1996ལོ་ནས2006ལོའི་བར་གསེར་ཆེན་རྫོང་ཐེ་ཀེ་སློབ་ཁུལ་གྱི་སློབ་གཙོའི་འགན་འཁུར་བ་དང་། 2006ལོ་ནས2016ལོའི་བར་གསེར་ཆེན་རྫོང་མཚོ་སྐོར་མི་རིགས་སློབ་འབྲིང་དུ་སློབ་གཙོའི་འགན་བཞེས། ད་ལྟ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོའི་འགན་གཅིག་ལྕོགས་སུ་བཞེས་ཡོད།
སློབ་གཙོ་གཡུང་དྲུང་བསྟན་པ་ལགས་ནི་མི་རིགས་སློབ་གསོའི་ལས་དོན་ལ་ཤ་ཞེན་ཆེ་ཞིང་། ཕ་སྐད་སློབ་གསོ་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན་ཞིག་སྟེ། ཁོང་གི་གཞི་རིམ་གྱི་སློབ་གསོའི་ལས་དོན་ལ་ཕུལ་བའི་གྲུབ་འབྲས་དང་འཇོན་ནུས་ལ་སྤྱི་ཚོགས་དང་ཁྱིམ་བདག་རྣམས་ཀྱིས་གདེང་འཇོག་ལེགས་པོ་ཐོབ་ཅིང་། ཁོང་གི་རིག་གནས་ཀྱི་བློ་སྦྱོང་དང་སློབ་གསོའི་ལྟ་ཚུལ་ལ་དགེ་སློབ་ཀུན་གྱིས་ཁས་ལེན་དང་ཡི་རངས་བྱེད་ཀྱི་ཡོད། སློབ་གཙོ་གཡུང་དྲུང་བསྟན་པ་ལགས་ལ་སྔ་གཞུག་ཏུ་ཕུལ་བྱུང་སློབ་གཙོ་དང་སྔོན་ཐོན་མི་རིགས་སློབ་གསོའི་བྱ་བ་བྱེད་མཁན་གྱི་མཚན་སྙན་མང་དུ་ཐོབ་མྱོང་། ཁོང་གིས་“མི་རིགས་སློབ་གསོའི་བྱ་བ་བྱེད་མཁན་ཞིག་ཡིན་ཕྱིན་དུས་དང་རྣམ་པ་ཀུན་ཏུ་མི་རིགས་སློབ་གསོའི་ལས་དོན་ལ་བློ་དཀར་པའི་རྨང་གཞི་སྟེང་ནས་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ངེས་པར་བསྟུན་དགོས་པ་དང་། མི་རིགས་ས་ཁུལ་གྱི་སློབ་གསོའི་བྱེད་ཐབས་ཀྱང་དུས་རབས་ཀྱི་རྗེས་ཆོད་པར་བྱེད་དགོས་ལ། དགེ་རྒན་ལ་ལྷག་བསམ་ཆེ་བ་དང་སློབ་གྲྭའི་ཁོར་ཡུག་སྤྲོ་སྐྱིད་ཀྱིས་ཁེངས་པ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ལྟར་བྱས་ཚེ་གཞི་ནས་སློབ་མ་སློབ་གྲྭར་དགའ་ཞེན་ཡོད་པ་དང་། དྲིན་གཟོའི་འདུ་ཤེས་ཡོད་པ་ཞིག་རང་ཤུགས་སུ་ཆགས་ཐུབ་ཅིང་། སློབ་བྱོལ་སློབ་མ་ཚོད་འཛིན་བྱེད་པར་ཡང་ཁག་ཐེག་བྱེད་ཐུབ་པ་ཡིན། བོད་ཀྱི་བྱིས་པ་རེ་རེར་སློབ་གསོ་ཡག་པོ་མྱོང་དུ་བཅུག་སྟེ་འབྱུང་འགྱུར་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་གྱུར་ན་ནི་ཆུང་ས་ནས་ཁྱིམ་ཚང་སློབ་གསོ་དང་མི་རིགས་ཧྲིལ་བོའི་འབྱུང་སྤུས་ཀྱང་གོམ་གང་མདུན་སྤོས་སྒོས་ཡར་རྒྱས་སུ་ཕྱིན་ཡོད་པས། གཞི་རྩ་ཐམས་ཅད་སློབ་གསོ་ལ་རག་ལས་ཡོད་པ་ཡིན”གསུངས། ཁོང་གིས་ད་དུང“སློབ་མའི་མི་གཞི་ཀུན་སྤྱོད་སྐྱོང་གལ་ཆེ་ནའང་རེ་ཞིག་རྒྱུགས་སྐར་གྱིས་སློབ་གསོའི་གྲུབ་འབྲས་དང་སློབ་མའི་མདུན་ལམ་ཐག་གཅོད་བྱེད་པའི་དུས་འདིར། དགེ་རྒན་ཞིག་ཡིན་ཚེ་རང་གི་སློབ་མར་རྒྱུགས་སྐར་མཐོན་པོ་ལེན་དུ་བཅུག་སྟེ་སློབ་མའི་མདུན་ལྗོངས་ཇེ་ཡངས་སུ་གཏོང་ཐུབ་པ་ཞིག་ཡིན་དགོས། སློབ་མར་མཐོ་འབྲིང་འདོན་པའི་གོ་སྐབས་ཙམ་ཡང་སྤྲོད་མི་ཐུབ་པའི་དགེ་རྒན་དེ་ནི་དགེ་རྒན་ཡག་པོ་ཞིག་ཡིན་ཟེར་རྒྱུ་ཤིན་ཏུ་དཀའ”གསུངས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com