༄༅།།ཀ་མ་ལ་ཤཱི་ལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-01 09:57:34 ཀློག་གྲངས།:
མཁན་པོ་བོ་དྷི་ས་ཏཱའི་སློབ་མ། དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་བོད་ལ་སྟོན་རྩེན་གཉིས་ཀྱི་རྩོད་པ་ཆེན་པོ་ཞིག་བྱུང་བས་བཙན་པོས་དེ་ཇི་ལྟར་ཐག་གཅོད་དགོས་པ་མ་མཁྱེན་པར་ཕོ་ཉ་མངགས་ཏེ་སྤ་ཡེ་ཤེས་དབང་པོ་བཀུག་ནས་བཀའ་གྲོས་མཛད། ཡེ་ཤེས་དབང་པོས་གསོལ་བ་ལྟར་བལ་ཡུལ་ནས་ཀ་མ་ལ་ཤཱི་ལ་གདན་དྲངས། དེ་ནས་བསམ་ཡས་བྱང་ཆུབ་གླིང་དུ་ཁྲི་བཤམས་ཏེ་བཙན་པོ་དགུང་དུ་བཞུགས། ཧྭ་ཤང་གཡས་ངོས་ཀྱི་ཁྲི་ལ་བཞུགས་པའི་གཤག་འོག་ཏུ་སྟོན་མིན་གྱི་སློབ་མ་ཇོ་མོ་བྱང་ཆུབ་དང་གྲུ་ཡང་དག་ལ་སོགས་པ་མང་བས་གྲལ་རིང་པོ་ཞིག་བྱུང་། ཀ་མ་ལ་ཤཱི་ལ་བཙན་པོའི་གཡོན་ངོས་ཀྱི་ཁྲི་ལ་བཞུགས་པའི་གཤམ་འོག་ཏུ་རྩེན་མིན་གྱི་སློབ་མ་སྦ་དཔལ་དབྱངས་དང་བེ་རོ་ཙ་ན་ལ་སོགས་པ་ཉུང་ཤས་ཤིག་ལས་མ་བྱུང་། བཙན་པོས་སྟོན་རྩེན་གྱི་མཁན་པོ་དང་སློབ་མ་རྣམས་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་ཕྱག་ཏུ་ཕུལ་ནས་རང་རང་གི་ལྟ་བའི་ཁུངས་དང་རྒྱུ་མཚན་རྣམས་ཕན་ཚུན་བསྡུར་ལ་གཏན་ཚིགས་གང་བཟང་བ་དེ་ལ་གཏན་ཚིགས་ཞན་པ་དེས་ང་རྒྱལ་མ་བྱས་པར་ཆོས་ཀྱི་ལུགས་བཞིན་མེ་ཏོག་ཕྲེང་བ་ཕུལ་ཅིག་ཅེས་བཀའ་བསྩལ། དེ་སྐབས་ཧྭ་ཤང་ན་རེ་ང་གཞི་ལ་སྔ་བས་ངས་དྲིའམ་ལན་གདབ་གསུངས་པར་ཀ་མ་ལ་ཤཱི་ལས་སྔོན་ལ་ཁྱེད་ཀྱིས་ཤགས་ཐོབ་ཅིག་གསུངས། ཧཱ་ཤང་གིས། “ཐམས་ཅད་སེམས་ཀྱི་རྣམ་པར་རྟོགས་པས་བསྐྱེད་པས་ལས་དགེ་དང་མི་དགེས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། གང་ཞིག་ཅི་ལ་ཡང་མི་སེམས་ཤིང་ཅི་ཡང་མི་བྱེད་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། ......”ཞེས་དེའི་སྒྲུབ་བྱེད་རྣམས་གསུངས་པ་ལ། ཀ་མ་ལ་ཤཱི་ལས། “དེ་ལྟར་ཅི་ཡང་མི་སེམས་ཟེར་བ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་དབྱིངས་རྣམ་པར་མི་རྟོག་པ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་དགོས་པ་ཡིན། ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ན་དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སམ་ཤེས་རབ་ཀྱང་སྤངས་པར་གྱུར་ཏེ་སོ་སོར་རྟོག་པའི་ཤེས་རབ་མེད་པར་རྣལ་འབྱོར་པས་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས་པར་འགྱུར།" ཞེས་སོགས་ཕན་ཚུན་རང་རང་གི་ལྟ་བ་སྒྲུབ་པར་བྱེད་པ་དང་། གཞན་ཕྱོགས་དགག་པའི་རྩོད་གླེང་ཐེངས་མང་གནང་མཐར་སྟོན་མིན་པས་ཤགས་ལན་འཇལ་མ་ཐུབ་པས་ཕམ་པར་ཁས་བླངས་ཏེ་རྩེན་མིན་པ་ལ་མེ་ཏོག་ཕུལ། དེ་ནས་བཙན་པོས་ཕྱིན་ཆད་བོད་དུ་སྟོན་མིན་གྱི་ཆོས་ལུགས་སྤེལ་མི་ཆོག་པར་བོད་རྣམས་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་དང་། སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་དགོས་པ་སོགས་བཀས་བཅད་དོ།། ལོ་རྒྱུས་ཡིག་ཚང་ནང་མཐར་ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་ནས་མཚན་བཀས་བཅད་དོ།། ལོ་རྒྱུས་ཡིག་ཚང་ནང་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས་ཞེས་གསལ།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།