བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༡
རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་།
ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས།
དུས་ཚོད།:2021-10-19 08:23:09
ཀློག་གྲངས།:

དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་ཞལ་ཐང་།
སྔོན་སྨོན་ཐུགས་བསྐྱེད་གསེར་སྦྱངས་སྙིང་པོའི་ཁམས། །བསྔགས་འོས་ཡོན་ཏན་རྒྱ་མཚོའི་རྩིབས་སྟོང་བཀྲ། །ངེས་གསང་ཐུབ་བསྟན་རྒྱལ་སྲིད་འདྲེན་མཁས་པའི། །དགྱེས་མཛད་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །
བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༼༡༽
སྒོ་བུ་ཤ་བོ་ཚེ་རིང་།
མཚན་གྱི་སྐོར།
རང་རེའི་ལོ་ཙཱ་བ་རྣམས་ཀྱི་མཚན་འདོགས་ཚུལ་ཐད་ནས་མུ་བཞི་རྩི་ཆོག་སྟེ། 1.ཡུལ་མིང་ལས་རུས་མིང་མིན་པ། 2.རུས་མིང་ལས་ཡུལ་མིང་མིན་པ། 3.ཡུལ་རུས་གཉིས་ཀྱི་མིང་ཡིན་པ། 4.གཉིས་ཀ་གང་ཡང་མིན་པ་བཅས་རེད། དེ་བཞི་ལས་ཡུལ་དང་རུས་མིང་གི་ངོས་ནས་མཚན་བཏགས་པ་ཁྱབ་ཆེ། གཤམ་དུ་དཔེར་བརྗོད་རྣམས་དགོད་པར་བྱ།(1) ཡུལ་མིང་ལས་རུས་མིང་མིན་པ། སྤ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གུང་ཐང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། ས་སྐྱ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན། གཉལ་ལོ་ཙཱ་བ་མི་མཉམ་བཟང་པོ། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། རྩེད་ཐང་ལོ་ཙཱ་བ་གཞོན་ནུ་དཔལ།སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས། འབྲི་ཁུང་ལོ་ཙཱ་བ་ནམ་མཁའ་གྲགས། ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ།
(2) རུས་མིང་ལས་ཡུལ་མིང་མིན་པ། ཁེར་གད་ལོ་ཙཱ་བ་འཁོར་ལོ་གྲགས། རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ། རྒྱ་ལོ་ཙཱ་བ་བརྩོན་འགྲུས་བཟང་པོ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། སྤ་ཚབ་ལོ་ཙཱ་བ་ཉི་མ་གྲགས། གཉན་ལོ་ཙཱ་བ་དར་མ་གྲགས། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། གནུབས་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ། ཞང་ལོ་ཙཱ་བ་གྲུབ་པ་དཔལ། ཤུད་གེ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ།
(3) ཡུལ་རུས་གཉིས་ཀྱི་མིང་ཡིན་པ། ཆག་ལོ་ཙཱ་བ་དགྲ་བཅོམ་དཔལ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ།
(4) གཉིས་ཀ་གང་ཡང་མིན་པ། བུ་སྟོན་ལོ་ཙཱ་བ་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ།
འདི་རྣམས་ལས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་གནུབས་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ་གཉིས་ནི་ལོ་ཙཱ་བ་གཅིག་སྟེ། སྔ་མ་ནི་ཡུལ་མིང་དང་ཕྱི་མ་ནི་རུས་མིང་གི་ངོས་ནས་བཏགས་པ་ཞིག་རེད། ནག་ཚོ་ལོ་ཙཱ་བ་དང་གུང་ཐང་ལོ་ཙཱ་བ་གཉིས་གཅིག་ཡིན་ཞིང་། ཡར་ཀླུངས་ལོ་ཙཱ་བ་དང་ཤུད་གེ་ལོ་ཙཱ་བ། རྩེད་ཐང་ལོ་ཙཱ་བ་དང་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཡང་དེ་ལྟར་རེད། གོང་གི་མུ་བཞི་ལས་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་གཅིག་ཀྱང་མི་འབྱུང་བ་ལ་བསམས་ན། རུས་མིང་དང་ཡུལ་མིང་གི་རྗེས་ལ་ཐོབ་ཐང་མཚོན་པའི་མིང་ལོ་ཙཱ་བ་ཞེས་པ་སྦྱོར་བའི་སྲོལ་ནི་བསྟན་པ་ཕྱི་དར་གྱི་སྐབས་ལ་དར་བ་ཞིག་ཨེ་ཡིན་སྙམ་སྟེ། བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་དང་སྐ་བ་དཔལ་བརྩེགས་རྣམས་ལ་ཞང་ལོ་ཙཱ་བ་དང་སྐ་བ་ལོ་ཙཱ་བ་སོགས་འབྲི་སྲོལ་མི་འདུག །ཆག་ལོ་རྣམ་གསུམ་ནི་གཉལ་སྨད་ཆག་གྲོང་ནས་འཁྲུངས་པས་ཡུལ་མིང་གི་ངོས་ནས་བཏགས་པ་ཞིག་ཡིན་ཡང་། ཡིག་ཚང་ཁག་ཏུ་ཆག་ལོ་ཙཱ་བའི་མེས་པོ་བཀྲ་ཤིས་དགའ་ལ་ཆག་བཀྲ་ཤིས་དགའ་ཞེས་བྲིས་མི་འདུག་ལ། ཁོང་གི་སྲས་ཆག་ཡོན་ཏན་རིན་ཆེན་ནས་བཟུང་ཆག་དགྲ་བཅོམ་དང་། ཆག་ཆོས་རྗེ་དཔལ། ཆག་ཉི་མ་དཔལ། ཆག་བསྟན་འཛིན་དཔལ། ཆག་འཕགས་པ། ཆག་ཡེ་ཤེས་དཔལ། ཆག་རིན་ཆེན་ཆོས་རྒྱལ་སོགས་འབྱུང་བས་ཕྱིས་སུ་ཡུལ་མིང་གདུང་རུས་ཀྱི་མིང་དུ་གྱུར་བས་གོང་དུ་ཆག་ལོ་ཙཱ་བ་དག་ཡུལ་རུས་གཉིས་ཀྱི་མིང་དུ་བཀར་བ་ཡིན། དེ་ནི་ག་རོད་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ཀྱི་ག་རོད་ནི་གདུང་རུས་ཡིན་པ་<དུས་འཁོར་ཆོས་འབྱུང་>དུ་གསུངས་ཀྱང་། ཁོང་གི་འཁྲུངས་ཡུལ་ཕྱོགས་ལ་དེང་སང་ཡང་ག་རོད་ཟེར་བ་ལྟ་བུ་རེད། དེ་ནས་ལོ་ཙཱ་བ་རྣམས་རུས་དང་མཚན་གྱི་ངོས་ནས་རིགས་གཉིས་སུ་དབྱེ་ཆོག་སྟེ། 1.རུས་གཅིག་ལ་མཚན་མི་གཅིག་པ་དཔེར་ན་གདུང་རུས་ལྕེ་དང་འབྲོག་མི་ལ་ལོ་ཙཱ་བ་ལྔ། འགོས་དང་། ཆག །དཔྱལ་ལ་བཞི། ཁུ་དང་། རྔོག །མར་པ། ཅོག་གྲུ། ནག་ཚོ་ལ་གསུམ། གནུབས་དང་། རྭ། འགར། པ་ཚབ། ཤོང་། ཤེའུ། རྒྱ། ཀློག་སྐྱ། མཚུར། འབྲོ་བཅས་ལ་ལོ་ཙཱ་བ་གཉིས་རེ་འདུག །འདི་དག་ཕལ་མོ་ཆེ་ཞིག་《བུ་སྟོན་ཆོས་འབྱུང་》གི་བོད་བྱོན་ལོ་པཎ་རྣམས་ཀྱི་མཚན་ཐོ་ལ་གཞིགས་ནས་བརྩིས་པ་ཡིན་པས་ཞིབ་ཏུ་ཤེས་འདོད་ན་དེ་ལ་གཟིགས་པར་ཞུ། 2.མཚན་གཅིག་ལ་རུས་མི་གཅིག་པ་རྒྭ་ལོ་གཞོན་ནུ་དཔལ་དང་འགོས་ལོ་གཞོན་ནུ་དཔལ། འགར་ཆོས་ཀྱི་བཟང་པོ་དང་དཔྱལ་ཆོས་ཀྱི་བཟང་པོ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལྟ་བུ་རེད།
གཞན་ཡང་ཡུལ་གཅིག་ཀྱང་མཚན་མི་གཅིག་པ་ལ་བསྟན་པ་སྔ་དར་གྱི་སྐབས་སུ་བྱོན་པའི་གཉལ་ལོ་ཙཱ་བ་དང་ཕྱི་དར་སྐབས་ཀྱི་གཉལ་ལོ་ཙཱ་བ་མི་མཉམ་བཟང་པོ། ལོ་ཙཱ་བ་ལྡན་མ་རྩེ་མང་དང་ལྡན་མ་ཚུལ་ཁྲིམས་སེང་གེ། འབྲི་ཁུང་ལོ་ཙཱ་བ་ནམ་མཁའ་གྲགས་དང་འབྲི་ཁུང་ལོ་ཙཱ་བ་ཤེས་རབ་འབྱུང་གནས། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་དང་སུམ་པ་ལོ་ཙཱ་བ་དཔལ་མཆོག་རྡོ་རྗེ། ས་ལོ་རྣམ་གསུམ་སྟེ། རྭ་ལོའི་རྣམ་ཐར་དུ་གསལ་བའི་ས་ལོ་ཙཱ་བ་དང་། ས་ལོ་ཀུན་དགའ་རྒྱལ་མཚན། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་བཅས་ཀྱང་དེ་བཞིན་རེད།
ལོ་ཙཱ་བ་རྣམས་ཀྱི་མཚན་རུས་དང་ཡུལ་གྱི་ངོས་ནས་བཏགས་པ་ནི་མིག་རྒྱང་རིང་བའི་རྣམ་དཔྱོད་ཅིག་སྟེ། བརྒྱ་ལ་ཁོང་རྣམས་ཀྱིས་མིང་དངོས་ཀྱི་སྔོན་ལ་རུས་མིང་དང་ཡུལ་མིང་བཏགས་མེད་ཚེ་ཤིན་ཏུ་འཁྲུག་སྲིད་པ་ཞིག་རེད། གཉིས་སུ་ན་ཡུལ་མིང་གིས་ལོ་ཙཱ་བ་གང་དེའི་འཁྲུངས་ཡུལ་གཏན་འཁེལ་བྱེད་ཆོག་སྟེ་ལོ་ཙཱ་བ་མི་མཉམ་བཟང་པོ་དང་གཉལ་ལོ་ཙཱ་བ་མི་མཉམ་བཟང་པོ་ཟེར་བ་གཉིས་ལ་གནམ་སའི་ཧེ་བག་འདུག་པ་སྨྲོས་ཅི་དགོས། འདི་དག་ནི་རང་རེའི་སྒྲ་བསྒྱུར་ལོ་རྒྱུས་ལ་འཇུག་མཁན་ཞིག་ལ་མཚོན་ན་ངེས་པར་དང་དོད་བྱེད་དགོས་པའི་གནད་འགག་ཅིག་ཡིན་པར་སྙམ་ལ། དེང་སང་འདི་ལྟ་བུའི་ལོ་ཙཱ་བ་གཅིག་རང་གཉིས་སུ་འཁྲུལ་བའམ། ཡང་ན་ལོ་ཙཱ་བ་སོ་སོ་གཅིག་ཏུ་བརྩིས་ནས་དཔྱད་མཁན་ཡོད་དེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་<དེབ་ཐེར་དམར་པོ་>ཡི་འགྲེལ་པར་མར་པ་ལོ་ཙཱ་བའི་ཡང་སློབ་རྔོག་མདོ་སྡེའི་བླ་མ་ཆག་ལོ་ཙཱ་བ་ནི་ཆག་ལོ་ཆོས་རྗེ་དཔལ་ཡིན་པར་གསུངས་ནས་རུས་གཅིག་པའི་ལོ་ཙཱ་བ་གཉིས་གཅིག་ཏུ་བརྩིས་པ་དང་། གཅན་རང་སད་སོགས་ཀྱིས་བརྩམས་པའི་<དྭངས་གསལ་ཤེལ་གྱི་མེ་ལོང་>དུ་ཡང་མི་ཉག་པ་ཆེན་པོ་དང་ཙ་མི་སངས་རྒྱས་གྲགས། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་གནུབས་ལོ་ཙཱ་བ་བྱམས་པའི་དཔལ་ཏེ་ལོ་ཙཱ་བ་གཅིག་ཉིད་གཉིས་སུ་འཁྲུལ་ནས་བཤད་ཡོད། འདི་ལྟ་བུའི་གནད་དོན་ལ་སྣང་ཆུང་མ་བྱས་པར་ཞིབ་ཏུ་འཇུག་ན་ཤེས་རབ་འཕེལ་བའི་རྒྱུ་རུ་འགྱུར་ངེས་པར་སྙམ་པ་ཞིག་རེད། ཁག་དང་པོ་ལོ་ཙཱ་བ་རྣམས་ཀྱི་མཚན་གྱི་སྐོར་རེ་ཞིག་རྫོགས་སོ། །
སྒོ་བུ་ཤ་བོ་ཚེ་རིང་གིས་སྤྱི་ལོ་2021ལོའི་སྤྱི་ཟླ་10པའི་ཚེས་9ཉིན་ནས་10བར་བྲིས་པ་དགེའོ།།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།