བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ། ༡༣
རྩོམ་པ་པོ།:སྒོ་བུ་ཤ་བོ་ཚེ་རིང་།
ཡོང་ཁུངས།:སྐྱིད་རྟག་འཕྲིན་སྟེགས།
དུས་ཚོད།:2022-01-06 08:42:34
ཀློག་གྲངས།:

བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ།༼༡༣༽
སྒོ་བུ་ཤ་བོ་ཚེ་རིང་།
སྙིང་སྟོབས་ཅན་ལ་གུས་ཕྱག་འཚལ།
__ཆག་ལོའི་མཛད་པ་གཙོར་བཟུང་བ།
དང་པོ།
ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དང་། ལོ་ཆེན་རིན་ཆེན་བཟང་པོ། གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་སོགས་ཀྱང་འཆི་བདག་གི་ཞགས་པ་ནས་ཐར་བས། བོད་ཁ་བ་ཅན་ལ་བདེ་བར་ལོག་ནས་འགྲོ་དོན་བསྐྱངས་པ་རེད། སྔ་རབས་ལོ་ཙཱ་བ་རྣམས་ལ་འདི་ལྟ་བུའི་དཀའ་བ་ཁྱད་དུ་གསད་ནུས་པའི་སྙིང་སྟོབས་ལྡན་པས། རང་ཅག་རྒས་སླ་བའི་གཞོན་ནུ་རྣམས་ཀྱིས་ངེས་པར་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་མ་ཡིན་ནམ།
ལོ་ངོ་འདི་དག་ལ་ན་མཉམ་གྲོགས་པོ་ཕལ་མོ་ཆེས་རང་གི་འཚོ་ཚིས་ལ་ཕན་པའི་བྱ་བ་རེ་གཉེར། འབྱུང་བ་མཐུན་པའི་བུ་མོ་རེ་ཁྱིམ་ཐབ་ལ་བསུས། བྱིས་པ་སྙིང་ཉེ་བ་རེ་སྐྱེས། སྡོད་ཁང་གསར་པ་དང་མོ་ཊ་གྲགས་ཅན་རེ་ཉོས་ནས་འཇིག་རྟེན་འཁོར་བའི་སྐྱིད་སྡུག་ལ་ལོངས་སུ་སྤྱོད་དུས། ཁོ་བོས་ནི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་ཁང་མིག་གཅིག་གླས་ཏེ། དགུན་གཞུང་གི་གཟའ་མཇུག་སྐབས་གྲང་གཡོལ་ལ་ཇ་ཁང་དུ་འཛུལ་དགོས་པ་དང་། ནང་མི་རྣམས་ཀྱི་རེ་བ་སྒྲུབ་རྒྱུ་ཕར་ཞོག་རང་ལ་རྒྱགས་ཆད་པའི་སྐབས་ཀྱང་དུ་མ་ཡོད་མྱོང་གཤིས། ལན་རེར་རང་གི་གདམ་ཀ་ལ་སེམས་ཁྲལ་ཐན་ཐུན་གྱིས་གཉིད་བཅགས་པའི་དུས་ཀྱང་མང་པོ་བྱུང་། དེ་ལྟ་ནའང་ཆག་ལོ་ཙཱ་བ་དང་འདྲ་བའི་ལོ་ཙཱ་བ་རྣམས་ཀྱི་མཛད་པ་ངོ་མཚར་ཅན་དག་གིས་ང་ལ་སྤོབས་པ་མི་འདྲ་བ་ཞིག་གནང་བཞིན་ཡོད་པས། ཁོང་ཅག་གི་སྐུ་དྲིན་ལ་ཁོ་བོས་ཨུ་ཚིགས་ཀྱིས་མུ་མཐུད་དུ་རང་གི་ལམ་བུ་ལ་འབད་དགོས་པའི་བརྟན་ཚིགས་ཤིག་ཀྱང་རྙེད་ཡོད།
གཉིས་པ།
ཆག་ལོ་ཆོས་རྗེ་དཔལ་གྱིས་སྐུ་ན་ཕྲ་དུས་ནས་བཟུང་ཁུ་བོ་ཆག་དགྲ་བཅོམ་གྱི་དྲུང་ནས་སཾ་སྐད་སྦྱངས་ནས། ཕྱིས་ཁོང་ཉིད་རྒྱ་བལ་དུ་སློབ་གཉེར་ལ་བསྐྱོད་པར་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན།འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ཇོ་ནང་ཏཱ་ར་ནཱ་ཐ་བཅས་ནི་ལྷོ་བལ་སོགས་ལ་མ་ཕེབས་ཀྱང་། བོད་ཡུལ་རང་ནས་སཾ་སྐད་ལེགས་པར་སྦྱངས་ནས་སྐད་གཉིས་སྨྲ་བ་ཆེན་པོར་གྱུར་པ་ཞིག་རེད།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དགུང་ལོ་སོ་གཉིས་ནས་བཟུང་ལེགས་སྦྱར་སྐད་ཐོག་མར་བསླབས་ཤིང་། མི་ལོ་བཅུ་གཉིས་ཀྱི་ཡུན་ལ་སཾ་སྐད་དང་། ཧིན་རྡུའི་སྐད། དབྱིན་སྐད་སོགས་ལ་བྱང་ཆུབ་པ་ཞིག་བྱུང་།
སྤྱི་ལོ་2000ལོ་ནས་བཟུང་ཁོ་བོ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་ནས་ད་ལ་ཐུག་གི་བར་དུ་མི་ལོ་ཉེར་གཉིས་འགོར་འདུག །བསླབ་པའི་གནས་སྐབས་རིང་མོ་འདིར་དབྱིན་ཡིག་ཡག་པོ་ཞིག་ཕར་ཟད། རྒྱ་སྐད་དག་མོ་ཞིག་ཀྱང་སྦྱངས་མེད་པས་སྐད་རིགས་གཞན་གྱིས་ཁྲོམ་ཆེན་པོར་གཏམ་ཞིག་སྤེལ་དགོས་ཚེ་དགུན་གྱི་ཁུ་བྱུག་ཡིན། བོད་ཡིག་གི་རྩེད་ར་ནས་གོམ་གང་བརྒལ་མ་ནུས་པ་ནི་ང་ལ་སྔ་རབས་ལོ་ཙཱ་བ་བཞིན་སྐད་རིགས་གཞན་ཞིག་སྦྱོང་བའི་སྡུག་རུས་མེད་པ་ལས་ཁག་འགེལ་ས་གཞན་ཅི་ཡང་མི་འདུག །ཕོ་ལོ་སུམ་ཅུར་ཉེ་བའི་ཁོ་བོ་ལ་མཚོན་ན་ཆག་ལོ་བཞིན་ཆུང་དུས་ནས་ལེགས་སྦྱར་སྦྱོང་བའི་སྐལ་བ་མ་ལྡན་ཡང་། མཁས་དབང་དགེ་ཆོས་ཀྱིས་དགུང་ལོ་སོ་གཉིས་ནས་སཾ་སྐད་སྦྱོང་བའི་རྣམ་ཐར་དེས། ང་ལ་འདི་ལོ་ནས་བཟུང་སྐད་རིགས་གཞན་ཞིག་སློབ་མགོ་བརྩམས་ཀྱང་འཕྱི་མི་འདུག་སྙམ་པའི་སྔར་མེད་ཀྱི་ཡིད་ཆེས་ཤིག་གནང་བྱུང་།
གསུམ་པ།
བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་རྣམས་ལ་མཚོན་ན་སྔ་དར་ལོ་ཙཱ་བ་རྣམས་ཀྱིས་ཆོས་ཅི་ཞིག་བསྒྱུར་བ་དེ་ལ་འགྲེལ་བ་རྩོམ་པ་དང་། འདས་ཟིན་པ་གང་ཞིག་ལ་དཔྱད་པ་མ་ཡིན་པར། སྔ་རབས་ལོ་པཎ་རྣམས་ཀྱི་སྲོལ་བཟང་རྒྱུན་འཛིན་གྱིས་མ་འོངས་པ་དང་རྗེས་རབས་པར་ཕན་པའི་ཕྱག་ལས་མང་པོ་གནང་བ་རེད།ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཁུ་བོ་ཆག་དགྲ་བཅོམ་ལྟར་རྒྱ་བལ་འགྲིམས་ནས་སློབ་གཉེར་བྱས་པ་དང་། ཕྱིས་སུ་ཁུ་བོའི་རྗེས་བསྙེགས་ནས་གསེར་ཕྱེ་འབུམ་པ་དང་ཐང་པོ་ཆེ་སོགས་སུ་ཆོས་འཁོར་བསྐོར་ཀྱང་། གཙུག་ལག་བསྒྱུར་བའི་གྲངས་དང་སྤུས་ཀའི་ཐད་ནས་ཁུ་བོ་ལས་མཛད་རྗེས་ཆེ་བར་མ་ཟད། དུས་འཁོར་ཆག་ལུགས་དང་། གསང་འདུས་ཆག་ལུགས། གཤེན་དམར་ཆག་ལུགས་བཅས་ཀྱང་ཁོང་གིས་སྲོལ་གཏོད་པ་རེད།
མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱི་མཛད་པ་གཅིག་པུ་ལ་ཉམས་ཞིབ་མ་གནང་བར། སྔ་རབས་པ་རྣམས་ཀྱིས་མ་སྒྲུབ་པ་གང་ཞིག་རྩལ་དུ་བཏོན་ནས་བསྒྲུབས་པས། རང་རེའི་སྒྲ་བསྒྱུར་ལོ་རྒྱུས་ཀྱི་མཁའ་དབྱིངས་ན་འོད་དུ་འཚེར་བའི་ཐོ་རངས་སྐར་ཆེན་ཞིག་ཏུ་ཆགས།
ཞིབ་འཇུག་སྐབས་ཁོ་བོས་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་ལ་མཇལ། བཀའ་བསྟན་དཀར་ཆག་ལས་ས་མིང་ལྡན་པའི་འགྱུར་བྱང་བཙལ། ཁོང་ཅག་གི་གདན་ས་དང་འཁྲུངས་གཞིས་ལ་བསྐྱོད་ནས་ཟིན་བྲིས་ཅི་རིགས་བྲིས་པ་རྣམས་ནི་འདས་ཟིན་པ་གང་ཞིག་ཇེ་གསལ་དང་། ཇེ་ཞིབ་དང་། ཇེ་རྒྱས་ལ་བཏང་བ་དེས། རང་གི་སློབ་གཉེར་ལ་སྔར་མེད་པའི་ཕན་ཐོགས་ཤིག་བྱུང་ཡང་། མ་འོངས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་ཞིག་ཡིན་པའི་གདེང་ཆེན་པོ་ཞིག་མ་རྙེད། ལོ་ཙཱ་བ་རྣམས་ཀྱི་མཛད་པ་དག་ལས་ཁོང་ཅག་གི་མིག་རྒྱང་ནམ་ཡང་སྤྱི་ཚོགས་དངོས་དང་མ་འོངས་པར་ཕྱོགས་ཡོད་པ་ཤེས་ལ། རིག་ཚན་གསར་སྐྲུན་ལ་འབད་པའི་རྣམ་ཐར་དང་བ་འདྲེན་པ་རྣམས་ལས་རང་གིས་སླད་ཕྱིན་ཆེད་ལས་གང་ཞིག་དོན་དུ་གཉེར་འོས་པ་ཡང་ངང་ངམ་ཤུགས་ཀྱིས་རྟོགས།
བཞི་པ།
ཆག་ལོ་ཆོས་རྗེ་དཔལ་ཏི་ར་ཧུ་ཏི་ནས་མུ་སྟེགས་ཀྱི་རྒྱལ་པོ་ཞིག་གིས་དབུ་བླར་སྤྱན་དྲངས་དུས། ཁྱེད་མུ་སྟེགས་ཀྱི་ཆོས་ལུགས་ལ་ང་ནང་པ་བླ་མཆོད་བྱེད་པ་མི་འཐད་ཅེས་སྤོབས་པ་ཆེན་པོས་གསུངས།བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པས་མུ་སྟེགས་ཀྱི་སྟོན་པ་ཞིག་དང་རྩོད་པ་མཛད་ནས་རྒྱལ་བས་མུ་སྟེགས་པས་ཡང་ན་ནི་ངའི་བསྟན་པ་ལ་འཇུག །ཡང་ན་ཞག་བདུན་ལ་མེད་པར་བྱེད་ཟེར་བ་ལ། བ་རི་བས་ཁྱོད་ཀྱི་བསྟན་པ་ལ་འཇུག་པ་ལས་ད་ལྟ་ཤི་ཡང་དགའོ། །ཞེས་ཐ་ཚིག་བསྒྲགས། རྭ་ལོ་ཙཱ་བ་དང་ཞང་ལོ་ཙཱ་བ་གཉིས་ལ་དེ་ལྟའི་མཛད་པ་མཆིས་པ་རབ་བྱེད་གཞན་ཞིག་ཏུ་དམིགས་སུ་བཀར་ནས་གླེང་ཟིན་པ་རེད།
ཆུང་ངུ་ནས་བཟུང་ཨ་མྱེས་དྲིན་ཆེན་པོས་ང་ལ་ཅི་ཞིག་སྒྲུབ་ཀྱང་ཨ་གསར་ཆེ་ཞེས་རྟག་པར་སྡིག་མྱོང་། སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ་ཅི་རིགས་ཤིག་བྲིས་མྱོང་ཡང་། ད་ལྟའི་བར་དུ་གཞན་ལ་ངོམ་ཆོག་པའི་རྩོམ་རིག་བྱ་དགའ་ཞིག་ཕར་ཟད། དེབ་གཅིག་བླུ་ཐུབ་པའི་རྩོམ་ཡོན་ཡང་རག་མ་མྱོང་བའི་ཚུལ་འདི་ལ་བསམས་ན་ཁོ་བོ་ལ་འདོད་ཐག་ཉེ་བ་དང་རང་གཤིས་བརྟན་པོ་མིན་པའི་ནད་ཅིག་ཡོད་པ་མངོན་སུམ་རེད། ལོ་ཙཱ་བ་རྣམས་ཀྱིས་ང་ལ་གདམ་ཀ་མ་ནོར་བ་ཞིག་ལ་ཨུ་ཚིགས་ཀྱིས་འཇུས་ནས་བགྲོད་དགོས་པའི་སྙིང་གཏམ་ཞིག་གསུངས་ཤིང་། ནམ་ཞར་ཡུལ་དུས་གནས་བབ་ཅི་ཙམ་སྡུག་ཀྱང་རང་ཚུགས་མི་ཤོར་བར་འབད་དགོས་པའི་ཆོད་སེམས་ཤིག་ཀྱང་ངོ་། །
ལྔ་པ།
ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེ་རུ་ལན་གཉིས་དང་། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྒྱ་གར་ལ་ལན་གཉིས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་ལན་གསུམ་དང་བལ་པོར་ལན་བདུན། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་རྒྱ་གར་ལ་ལན་གསུམ་དང་བལ་པོར་ལན་བཞི། གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་ཨུ་རྒྱན་ལ་ལན་གཅིག་དང་རྒྱ་གར་ལ་ལན་གཉིས་འགྲིམས་པ་རེད།ཆག་ལོ་ཙཱ་བ་ལྟ་བུའི་ཕྱི་འགྲིམས་ལོ་ཙཱ་བ་རྣམས་རྒྱ་གར་དང་། བལ་པོ། ཁ་ཆེ། ཨུ་རྒྱན་སོགས་ལ་ལན་གཅིག་ནི་ངེས་པར་བསྐྱོད་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད། ལོ་ཆེན་རིན་བཟང་གིས་རྐང་མགྱོགས་སྒྲུབ་ཡོད་པ་དང་། རྭ་ལོ་རྡོར་གྲགས་འཕུར་ནུས་པར་གསུངས་ཀྱང་། ཕལ་མོ་ཆེ་ནི་ཞབས་ཐང་གིས་ལམ་ཐག་རིང་མོའི་དཀའ་སྡུག་དང་རྐུན་ཇག་སོགས་ཀྱི་འཇིགས་པ་ལ་མ་བསམ་པར་བསྐྱོད་པ་གདོན་མི་ཟ།
ཁོ་བོ་ལ་སྔོན་བྱོན་ལོ་ཙཱ་བ་ལྟར་རྒྱལ་ཁམས་པ་ཞིག་བྱེད་པའི་ཕུགས་བསམ་སྔ་མོ་ནས་ཡོད་ལ། གྲོང་ཁྱེར་ཁྲིན་ཏུ་ནས་བྲེལ་བ་ཆེན་པོ་མེད་ན་ས་འོག་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་སོགས་གང་ལ་ཡང་མ་བསྡད་པར། ཉིན་རེར་སྤྱི་ལེ་ལྔ་དྲུག་ལ་རྐང་ཐང་གིས་ལས་ཚོགས་ལ་འགྲོ་བ་དང་། མལ་ཤག་ཏུ་ལོག་པ་སོགས་བྱེད། དབུས་མཇལ་སྐབས་རང་ཉིད་གཅིག་པུ་ཉིན་རེར་སྤྱི་ལེ་སུམ་ཅུ་ལྷག་ལ་ཡང་ངལ་བ་མེད་པར་བསྐྱོད་མྱོང་། ང་ལ་མཚོན་ན་དེ་ནི་ལུས་ཀྱི་སྦྱོང་བརྡར་ཞིག་དང་སེམས་ཀྱི་ལོངས་སྤྱོད་ཅིག་རེད། བརྒྱ་ལ་མ་འོངས་པར་ང་ལ་མོ་ཊ་ཉོ་བའི་འབྱོར་བ་ཞིག་ལྡན་ན། དེ་ཡིས་རྒྱལ་ཁམས་འགྲིམས་པའི་ལམ་རྒྱགས་བྱས་ནས་རང་གཞན་གཉིས་ལ་ཕན་པའི་ལས་ཤིག་སྒྲུབ་པར་བརྩོན་ངེས།
མདོར་ན་ལོ་ཙཱ་བ་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས་དང་། གསར་གཏོད་ཀྱི་འདུ་ཤེས། མ་འོངས་པར་ཕྱོགས་པའི་མིག་རྒྱང་སོགས་ཀྱིས་ཕྲན་ཆུང་ང་ལ་མཛུབ་སྟོན་གལ་ཆེན་ཞིག་གནང་བས། ཁོ་བོ་དང་འདྲ་བའི་ན་མཉམ་རྣམས་ལ་ཡང་སྔ་རབས་སྐྱེས་ཆེན་རྣམས་ཀྱི་མཛད་པ་དག་གིས་དཀའ་ངལ་ཅི་བྱུང་ལ་ལམ་སྟོན་གནང་བར་བྱིན་གྱིས་བརླབ་པར་ཤོག །སྤོབས་པ་སྩོལ་བའི་རྒྱབ་རི་བརྟན་པོ་ཞིག་ཏུ་གྱུར་པར་སྨོན། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་ལས་ཁག་བཅུ་གསུམ་པ་སྙིང་སྟོབས་ཅན་ལ་གུས་ཕྱག་འཚལ་ཞེས་པ་རྫོགས་སོ། །རབ་བྱེད་བཅུ་གསུམ་གྱི་བདག་ཉིད་<བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བརྗེད་ཐོ་>ཞེས་བྱ་བ་ཡོངས་སུ་རྫོགས་སོ།། །།དགེའོ། །རྒྱལ་གྱུར་ཅིག །
གསལ་བཤད། འདིར་ཆེད་དུ་མུ་འགོད་བརྗེད་ཐོ་འདིའི་ཁག་དང་པོ་རྩོམ་པར་སྐུལ་བའི་དགེ་རྒན་ཨ་རིན་ལྕགས་འབུམ་རྒྱལ་ལགས་དང་། རྩོམ་འགོད་སྟེགས་བུ་གནང་བའི་སྐྱིད་རྟག་གི་དོ་དམ་པ་རྣོ་མིག་གཉིས་ལ་བཀའ་དྲིན་ཞུས་པ་ཡིན། གལ་ཏེ་ཁོང་རྣམ་པ་གཉིས་ཀྱི་སྐུལ་མ་དང་རྒྱབ་སྐྱོར་མེད་ན་བརྗེད་ཐོ་འདི་དག་ཁོ་བོའི་དྲན་ངོགས་ནས་ཡི་གེར་ཕབ་པའི་སྐལ་བ་དཀོན་པར་སྙམ།
སྤྱི་ལོ་2022ལོའི་སྤྱི་ཟླ་དང་པོའི་ཚེས་2ནས་3ཉིན་བར་བྲིས།
གསལ་བཤད། འདིར་བཀོད་པའི་ནང་དོན་དང་པར་སོགས་ནི་སྐྱིད་རྟག་འཕྲིན་སྟེགས་ཀྱི་དོ་བདག་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་འདིར་བརྒྱུད་འགོད་བྱས་པ་ཡིན་པས་གཞན་དག་གིས་རང་སྣང་གང་ཤར་གྱིས་བཤུ་འཁྱེར་མི་བྱ་རོགས་ཞུ། གལ་སྲིད་བརྒྱུད་འགོད་བྱ་ན་དོ་བདག་ལ་འབྲེལ་བ་བྱས་ཏེ་མོས་མཐུན་བྱུང་རྗེས་འཁྱེར་ཆོག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།