༄༅།།བོད་ཀྱི་མཁས་དབང་ཆེན་མོ་ལི་ཐང་བཞག་པ་རིན་པོ་ཆེའི་ངོ་སྤྲོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:རྗེ་ཙོང་ཁ་པའི་དྲ་བ། དུས་ཚོད།:2019-04-03 11:44:00 ཀློག་གྲངས།:

     ༄༅། །བོད་ཀྱི་སྐད་གསུམ་སྨྲ་བའི་ལོ་ཙཱ་པ་ཆེན་མོ། ལི་ཐང་བཞག་པ་རིན་པོ་ཆེ་མཆོག་ནི་སྤྱི་ལོ༡༩༦༨ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་བཞག་པའི་ཡུལ་དུ་སྐུ་འཁྲུངས།ཁོང་གི་མཚན་དངོས་ལ་འཇམ་དབྱངས་མཁས་གྲུབ་ཏུ་གསོལ། དགུང་ལོ་བརྒྱད་ཀྱི་སྟེང་བཞག་གསར་མ་ཐང་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་འཕྲིན་ལས་རབ་ཡངས་ལགས་ཀྱི་དྲུང་དུ་རབ་ཏུ་བྱུང་ཞིང་བཞག་མ་ཐང་དགོན་པའི་འདོན་རྟ་དབྱངས་གསུམ་དང་། འབུད་རྡུང་དཀྲོལ་གསུམ་སོགས་ཀྱི་ཕྱག་ལེན་དང་ཆོ་ག་སྣ་ཚོགས་ལ་སྤྱངས་པ་མཐར་ཕྱིན་པར་མ་ཟད། ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་གཙོས་དགེ་ལུགས་པའི་མདོ་སྔགས་ཀྱི་གཞུང་ལའང་སློབ་གཉེར་མཛད།དགུང་ལོ་བཅུ་བདུན་སྟེང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་མཁན་པོ་སྒོ་སོག་གསུང་རབ་རིན་པོ་ཆེ་དང་དགེ་བའི་བཤེས་གཉེན་ཆེན་མོ་ཡེ་ཤེས་དབང་ཕྱུག་རྣམ་གཉིས་ཀྱིས་ལི་ཐང་དགེ་ལྡན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་ཟུར་བཞག་པ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པའི་ཡང་སྲིད་དུ་ངོས་འཛིན་གནང་།དུས་དེ་ནས་བཟུང་འཕགས་ཡུལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་། ལྷ་སའི་སེར་འབྲས་དགའ་གསུམ་དང་གཙང་བཀྲ་ཤིས་ལྷུན་པོ་དགོན། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ཕེབས་ཏེ་སྐྱབས་མགོན་ཡིད་བཞིན་ནོར་བུ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ། སེར་སྨད་རྒྱ་རོང་མཁན་ཟུར་ངག་དབང་ཐེག་མཆོག དགེ་བའི་བཤེས་གཉེན་ཆེན་མོ་ཡེ་ཤེས་དབང་ཕྱུག སྒོ་སོག་གསུང་རབ་རིན་པོ་ཆེ། ཡོངས་རྒྱལ་རིན་པོ་ཆེ། ལྷ་ས་རྒྱུད་སྟོད་མཁན་པོ་སྔགས་ཆེན་རིན་པོ་ཆེ་སོགས་མཚན་ལྡན་གྱི་སྐྱེས་ཆེན་དམ་པ་སུམ་ཅུ་ལྷག་གི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི་སོགས་མདོ་སྔགས་གཉིས་ཀྱི་གཙོས་རིག་གནས་ཆེ་ཆུང་སྣ་ཚོགས་ལ་སློབ་གཉེར་མཐར་ཕྱིན་པ་མཛད།སྤྱི་ལོ༢༠༠༡ལོ་ནས་༢༠༠༣ལོའི་བར་དུ་པེ་ཅིན་སློབ་གྲྭ་ཆེན་མོའི་ཆོས་ལུགས་སྡེ་ཁག་གི་ནང་བསྟན་རིག་གནས་ཞིབ་འཇུག་འཛིན་གྲྭར་ཞུགས་ནས་རྒྱ་ཡིག་དང་རྒྱ་བརྒྱུད་ནང་བསྟན་སོགས་ལ་སློབ་སྦྱོང་ལེགས་པོ་བྱས།སྤྱི་ལོ༡༩༨༩ལོ་ནས་༡༩༩༨ལོའི་བར་དུ་ཁམས་ལི་ཐང་དགོན་བྱམས་ཆེན་ཆོས་འཁོར་གླིང་གི་མཚན་ཉིད་གྲྭ་ཚང་གི་དགེ་རྒན་གྱི་འགན་བཞེས་ཤིང་། སྤྱི་ལོ༡༩༩༨ལོར་ལི་ཐང་དགོན་པའི་མཚན་ཉིད་གྲྭ་ཚང་གི་མཁན་པོར་བཞུགས། སྤྱི་ལོ༢༠༠༠ལོར་ལི་ཐང་དགོན་བྱམས་ཆེན་ཆོས་འཁོར་གླིང་གི་རྡོ་རྗེ་སློབ་དཔོན་དང་། སྤྱི་ལོ༢༠༠༢ལོར་དགོན་དེའི་ཚོགས་ཆེན་མཁན་པོ་མཛད།སྤྱི་ལོ༡༩༩༤ལོ་ནས་ད་ལྟའི་བར་དུ་བཞག་གསར་མ་ཐང་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་ཁྲི་པ་དང་། སྤྱི་ལོ༢༠༠༢ལོ་ནས་ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་གི་ཁྲི་པ། སྤྱི་ལོ༢༠༠༦ལོ་ནས་ཏཱ་ཆེན་དགའ་ལྡན་ཕུན་ཚོགས་རྣམ་དག་གླིང་གི་ཁྲི་པ་བཅས་མཛད་བཞིན་ཡོད།ཞོར་ནས་ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་མཉམ་འབྲེལ་ཀྲུའུ་རིན་དང་ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་པའི་ཚོགས་མི། ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་སློབ་གསོ་ཐེབས་རྩ་ཚོགས་པའི་མཚན་འཛིན་ལས་འཛིན་པ། ཀྲུང་གོའི་ཆོས་ལུགས་རིག་པའི་ཚོགས་པའི་ལས་འཛིན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཏཱ་ཆིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་གསུམ་གྱི་གདན་ཞུས་དགེ་རྒན་ཆེན་མོ་བཅས་ཀྱི་གོ་གནས་ཡོད།

     གཙོ་བོ་བོད་སྐད་དང་རྒྱ་སྐད་གཉིས་ཀྱི་སྟེང་ནས་བཀའ་ཆོས་གསུང་གྲངས་ཀྱང་མང་ལ་ཕྱོགས་སྡོམ་བྱས་ན། བྱང་ཆུབ་ལམ་གྱི་སྒྲོན་མ། བྱང་ཆུབ་ལམ་ཀྱི་རིམ་པའི་ཁྲིད་ཆེན་བརྒྱད། ཤེར་ཕྱིན་ཉི་ཁྲི། བསྟན་བཅོས་མངོན་རྟོགས་རྒྱན། རྡོ་རྗེ་གཅོད་པ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ།བློ་སྦྱོང་ཉི་མའི་འོད་ཟེར་དང་། བླ་མ་མཆོད་པ་ལ་སོགས་པ་སྔགས་ཀྱི་སྐོར་ལ་བཀའ་ཆོས་གནང་ཞིང་། ཁྱད་པར་དུ་སྤྱི་ལོ༢༠༠༧ལོ་ནས་བཟུང་ཏཱ་ཆིང་དགའ་ལྡན་ཕུན་ཚོགས་རྣམ་དག་གླིང་དུ་མངོན་རྟོགས་རྒྱན་རྒྱ་འགྲེལ་དང་བོད་འགྲེལ་མང་པོ་སྦྲགས་ནས་ཁྲིད་བཞིན་ཡོད་ལ། སྤྱི་ལོ༢༠༡༢ལོ་ནས་ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་དུ་ལམ་རིན་ཆེན་མོ་མཆན་བཞི་སྦྲགས་ཀྱི་ཁྲིད་གནང་བཞིན་ཡོད།ཁོང་གི་བརྩམས་ཆོས་ཀྱི་སྐོར་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་ལེགས་བཤད་ཀུན་བཏུས། འཕགས་པ་ཐོགས་མེད་ཀྱི་རྣམ་ཐར་སྔོན་མེད་ལེགས་བཤད་དགའ་སྟོན། སེམས་ཙམ་དུ་གྲུབ་པའི་བསྟན་བཅོས་ཀྱི་ངོ་སྤྲོད་མདོར་བསྡུས། རྒྱུད་བླ་ཐོགས་འགྲེལ་དུ་དྲངས་པའི་སྟོང་གསུམ་དར་ཡུག་གི་མདོ་ཚན་གྱི་ཁུངས་གསལ་བར་བསྟན་པ། རྒྱ་བོད་ཀྱི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་དོགས་གཅོད་མདོར་བསྡུས། རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཛད་པ་ཡིན་མིན་ལ་ཅུང་ཟད་དཔྱད་པ་ལེགས་བཤད་རིན་ཆེན་སྤུངས་པ། ཁམས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ཚན་ཉེར་གཅིག་ལ་ཅུང་ཟད་དཔྱད་པ། བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཉམས་སུ་ལེན་པའི་ཚུལ་ངག་འདོན་ཁྱེར་བདེར་བསྒྲིགས་པ་ཐར་འདོད་དཔའ་བོའི་སྙིང་ནོར། སྦྱོར་ཆོས་དངོས་གྲུབ་ཀྱི་དགའ་སྟོན། ཧྭ་ཤང་མ་ཧཱ་ཡཱ་ནའི་སྐོར་གྱི་དཔྱད་རྩོམ་གྱི་མགོ་བརྗོད། པཱ་ལིའི་སྐད་ཀྱི་ངོ་སྤྲོད་སོགས་མང་དུ་ཡོད།རྒྱ་ཡིག་ནས་བོད་ཡིག་དུ་བསྒྱུར་པ་ནི་མི་ཁོམ་པ་དང་དལ་བ་བརྒྱད་བསྟན་པའི་མདོ། འཕེལ་བ་དང་འགྲིབ་པ་མེད་པར་བསྟན་པའི་མདོ། ཤཱ་རིའི་བུས་མཛད་པའི་ཆོས་ཀྱི་ཕུང་པོ་ལས་གསུངས་པའི་དེ་བཞིན་གཤེགས་པའི་མཚན་གྱི་འགྲེལ་པ། མགོན་པོ་ཀླུ་སྒྲུབ་ཀྱི་ཐབས་ཀྱི་སྙིང་པོའི་བསྟན་བཅོས། སློབ་དཔོན་སྒྲ་གཅན་འཛིན་བཟང་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་བསྟོད་པ། འཕགས་པ་ཐོགས་མེད་ཀྱི་འཕགས་པའི་གསུང་རབ་ཏུ་དབྱེ་བའི་བསྟན་བཅོས། སློབ་དཔོན་ཀུ་མཱ་ར་ཛཱི་བ་སྟེ་གཞོན་ནུ་སྲོག་གི་བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་སོགས་ཡོད། ད་ལྟ་མགོན་པོ་ཀླུ་སྒྲུབ་ཀྱི་ཤེར་ཕྱིན་ཉི་ཁྲི་འགྲེལ་ཆེན་ཤེར་ཕྱིན་མན་ངག་ཆེན་མོ་སྒྱུར་བཞིན།བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་ནི་ཇོ་བོ་རྗེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་དང་ཐར་འདོད་དཔའ་བོའི་སྙིང་ནོར། ལམ་རིམ་གསེར་ཞུན་མ། ཤར་གངས་རི་མ། མགོན་པོ་ཕྱག་དྲུག་གི་བསྟོད་པ་མྱུར་མཛད་མ། ཆོས་རྒྱལ་གྱི་བསྟོད་པ་བརྐྱངས་སྐུམ་མ། རྣམ་སྲས་ཀྱི་བསྟོད་པ་མི་འཇིགས་སེང་གེ་མ། ལྷ་མོའི་བསྟོད་པ་བྷྱོཿརབ་འབྱམས་མ། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས། འཇམ་དབྱངས་སེར་པོའི་སྒྲུབ་ཐབས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། སྤྱན་རས་གཟིགས་ཕྱག་བཞི་པའི་སྒྲུབ་ཐབས། ཚ་གསུར་སོགས་ཅི་མང་ཡོད། ད་ལྟ་རྗེ་རིན་པོ་ཆེས་མཛད་པའི་ལེགས་བཤད་གསེར་གྱི་ཕྲེང་པ་སོགས་སྒྱུར་བཞིན་པའི་སྐབས་ཡིན།ད་ལྟ་ཁོང་ཉིད་ཀྱི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་འཕྲིན་རྒྱ་ཆེར་དར་བཞིན་པ་དང་། སཾ་བོད་རྒྱ་གསུམ་གྱི་སྐད་ལམ་ནས་འཆད་ཁྲིད་དང་བཀའ་རྩོམ་རྒྱ་ཆེར་གནང་བཞིན་པའི་མུར་བདེ་བར་བཞུགས་སོ། །

     མདོ་སྔགས་རིག་གནས་གསུམ་ལ་མཁྱེན་རབ་རྒྱས། །འཆད་རྩོད་རྩོམ་པ་གསུམ་ལ་རང་དབང་འབྱོར། །གངས་ལྗོངས་ཆོལ་ཁ་གསུམ་ན་གྲགས་སྙན་འབར། །ཁྱེད་ནི་གངས་རིའི་མཁས་དབང་རླབས་ཆེན་ཡིན། །ལྟ་སྒོམ་སྤྱོད་པ་གསུམ་གྱིས་གཞན་ཡིད་འཕྲོག །མཁྱེན་བརྩེ་ནུས་པ་གསུམ་གྱིས་རྒྱལ་བསྟན་སྤེལ། །མཁས་བཙུན་བཟང་པོ་གསུམ་གྱིས་གདུལ་བྱ་སྐྱོང་། །ཁྱེད་ནི་གངས་རིའི་གྲུབ་དབང་མཆོག་གྱུར་ཡིན། །རང་གཞན་སྐད་ཡིག་གསུམ་གྱིས་ཆོས་ཆར་འབེབས། །མཁས་པའི་བྱ་བ་གསུམ་གྱིས་ཉིན་མཚན་འདའ། །འདྲེན་མཆོག་སྐྱབས་གནས་གསུམ་ལ་འཕྲིན་ལས་བཅོལ། །ཁྱེད་ནི་གངས་རིའི་སྐྱབས་མགོན་དམ་པ་ཡིན། །ཞེས་པ་འདི་ཡང་བོད་ཀྱི་ཐ་སྙད་པ་དགེ་ལེགས་རྒྱལ་མཚན་གྱིས་གུས་པས་སྤྱར་པའོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།