བོད་རིག་པའི་ཆེད་མཁས་པ་གྲགས་ཅན་ཚེ་རིང་ཐར་མཆོག་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-08 12:03:00 ཀློག་གྲངས།:


དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས།

  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོའམ་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་པ་ཚེ་རིང་ཐར་ལགས་ནི་སྤྱི་ལོ1958ལོའི་འབྲས་ལྡན་བཀྲ་ཤིས་དུས་བཟང་གྱི་ཉིན་མོར་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས་པ་ཡིན་ཞིང་། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོའི་འགན་བཞེས་པའི་ཞོར་དུ། རིག་གནས་པུའུ་རྒྱལ་ཡོངས་ཡིག་རྙིང་སྲུང་སྐྱོབ་ལས་ཀའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི(IATS)ལས་འཛིན་པ། རྒྱལ་སྤྱིའི་བོན་པོའི་ཞིབ་འཇུག་ཚོགས་པའི(LABR-ATRB)ལས་འཛིན་གཞོན་པ། ཀྲུང་གོའི་ཆོས་ལུགས་རིག་པ་ཚོགས་པའི་ལས་འཛིན་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཤ་མན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཚན་ཁག་གི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ། མཚོ་སྔོན་གསོ་རིག་གླིང་གི་གདན་ཞུའི་སློབ་དཔོན་ཆེན་མོ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད་པ་རེད།
  དང་པོ། སློབ་ཁྲིད་དང་རིག་གཞུང་བྱ་འགུལ་སྤེལ་བའི་སྐོར།
  སྤྱི་ལོ1977ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་དགེ་རྒན་གྱི་འགན་ཁུར་ཏེ་བོད་ཡིག་སློབ་ཁྲིད་བྱས་ཤིང་། སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་ཚན་ཁག་ནས་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དང་རྡོ་རྒྱལ་སྐུ་ལོ་སོགས་བསྟེན་ནས། བོད་ཀྱི་གནའ་རབས་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་བསླབ་གནས་སྦྱང་ཞིང་མཐར་ཕྱིན་པས་རབ་འབྱམས་པའི་ཡོན་གནས་དཔང་རྟགས་བླངས་པ་རེད།   སྤྱི་ལོ1985ལོ་ནས་སྤྱི་ལོ1987ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་ནས་དགེ་རྒན་གྱི་འགན་ཁུར་ཏེ་བོད་ཀྱི་གནའ་རབས་སྙན་གཞུང་གྲགས་ཅན《མེ་ལོང་མ》དང《བོད་ཀྱི་ལོ་རྒྱུས》སོགས་ཀྱི་སློབ་ཁྲིད་བྱས། སྤྱི་ལོ1987ལོར་པེ་ཅིན་དུ་ལས་གནས་སྤར་ཏེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་བོན་ཆོས་རིག་པའི་སྐོར་གྱི་ཞིབ་འཇུག་གི་ལས་འགན་ཁུར་བ་རེད།
  སྤྱི་ལོ1991ལོ་ནས་སྤྱི་ལོ1993ལོའི་བར་རྒྱལ་ཁབ་ཀྱིས་མངགས་གཏོང་འོག་དབྱི་ཏ་ལིར་སློབ་སྦྱོང་ལ་ཕྱིན་ཏེ་དབྱི་ཏ་ལི་ན་པོ་ལེ་ཟི་ཤར་ཕྱོགས་སློབ་གྲྭ་ཆེན་མོ་དང་ཞང་ཞུང་ཞིབ་འཇུག་ཁང་གི་འཚམས་འདྲིའི་མཁས་པའི་འགན་ཁུར་ལ། སྤྱི་ལོ1992ལོའི་ཟླ3པར་དབྱི་ཏ་ལི་རྒྱལ་ཁབ་ཀྱི་ས་རྡན་གླིང་དུ་བསྐྱོད་ནས་ཡེ་ཤེ་ཆོས་དང་བོད་བརྒྱུད་ནང་ཆོས་ཀྱི་བཀའ་མོལ་ཞེས་པའི་རྒྱལ་སྤྱིའི་རིག་གཞུང་གྲོས་དཔྱོད་ཚོགས་འདུར་ཞུགས་ཤིང་།  《བོན་ཆོས་དང་བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་བ》(དབྱི་ཏ་ལིའི་སྐད)ཞེས་པའི་དཔྱད་རྩོམ་ཕུལ། སྤྱི་ལོ1992ལོའི་ཟླ5བར་དབྱི་ཏ་ལི་ཞི་ཡེ་ན་ཕྱིའི་རྒྱལ་ཁབ་ཀྱི་མིའི་སློབ་གྲྭ་ཆེན་མོར་ཞུགས་ཏེ་དབྱི་ཏ་ལི་མཐོ་རིམ་འཛིན་གྲྭAནས་མཐར་ཕྱིན། སྤྱི་ལོ1992ལོའི་ཟླ8པར་དབྱི་ཏ་ལི་ཨ་ཆི་ཏོ་ཟོ(Arvidosso,GR)ནས་སྐབས་གཉིས་པའི་རྒྱལ་སྤྱིའི་བོད་སྐད་རིག་གཞུང་གྲོས་དཔྱོད་ཚོགས་འདུར་ཞུགས་ཤིང《བོད་སྤྱི་འགྲོས་ཀྱི་སྐད་ཆའི་སྐོར་གྱི་དཔྱད་པ》(བོད་ཡིག)ཞེས་པའི་དཔྱད་རྩོམ་སྤེལ། སྤྱི་ལོ1992ལོའི་ཟླ8པར་ནོར་ཝེ་རྒྱལ་ཁབ་ཏུ་སྐབས་དྲུག་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགསས་ཤིང་། 《བོད་རྒྱལ་གནམ་གྱི་ཁྲི་བདུན་སྐབས་ཐུབ་པའི་བསྟན་པ་བོད་དུ་ཕེབས་མྱོང་བའི་སྐོར་གྱི་དཔྱད་པ》(བོད་ཡིག)ཞེས་པའི་དཔྱད་རྩོམ་སྤེལ།  སྤྱི་ལོ1992ལོའི་ཟླ10བར་དབྱི་ཏ་ལིའི་ཨོ་ཏེ་རིའི(Volterra)རིག་གནས་དུས་ཆེན་སྟེང《རི་སྡོད་མི་རིགས་ཀྱི་རིག་གནས》ཞེས་པའི་རིག་གཞུང་སྙན་ཞུ་ཕུལ།
  སྤྱི་ལོ1993ལོར་དབྱིན་ཇི་རྒྱལ་ཁབ་ཀྱི་ཉི་ཇིནGodmerདབྱིན་ཡིག་སློབ་གྲྭ་ནས་དབྱིན་ཡིག་ཟབ་སྦྱོང་བྱས། སྤྱི་ལོ1995ལོའི་ཟླ་དྲུག་པར་ཨོ་སི་ཁྲི་ཡ་རྒྱལ་ཁབ་ཀྱི་རྒི་ར་ཚི(Graz)རུ་སྐབས་བདུན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཏེ《གྲི་ལག་དགོན་པ་དང་དེའི་ལྷ་སྡེ》“Dralag Monastery and its Tribes”(དབྱིན་ཡིག)ཞེས་པའི་དཔྱད་རྩོམ་སྤེལ།  སྤྱི་ལོ1995ལོ་ནས་སྤྱི་ལོ1996ལོའི་བར་ཨོ་སི་ལོ་ཡི་ནོར་ཝེ་ཚན་རིག་ཁང་མཐོ་རིམ་ཞིབ་འཇུག་ལྟེ་གནས་ཀྱིས་རྩ་འཛུགས་བྱས་པའི《བོན་པོའི་བཀའ་བསྟན་དཀར་ཆག་ཞིབ་འཇུག》ཅེས་པའི་ཞིབ་འཇུག་བྱ་གཞི་ལ་ཞུགས་ནས་མཉམ་འབྲེལ་གྱིས《བོན་པོའི་བཀའ་བསྟན་དཀར་ཆག་ཞིབ་འཇུག》(དབྱིན་ཡིག)ཅེས་པ་རྩོམ་སྒྲིག་པར་སྐྲུན་ལེགས་འགྲུབ་བྱུང་བ་དང་ཆབས་ཅིག ཨོ་སིར་ཚོགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་སྐབས་དང་པོའི་བོན་པོའི་རིག་གནས་ཞིབ་འཇུག་གྲོས་དཔྱོད་ཚོགས་འདུ་སྟེ་བོན་པོའི་བཀའ་བསྟན་ཞིབ་འཇུག་གི་རིག་གཞུང་གྲོས་དཔྱོད་ཚོགས་འདུར་ཞུགས། སྤྱི་ལོ1996ལོ་ནས་སྤྱི་ལོ2001ལོའི་བར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཞུགས་ཏེ་འཇར་པན་གོ་ལི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་གིས་འགོ་འཛིན་བྱས་པའི་བོན་པོའི་དགོན་སྡེ་ཞིབ་འཇུག་ཅེས་པའི་བྱ་གཞི་གཉེར། བྱ་གཞི་འདིའི་ཆེད་དུ་སྤྱི་ལོ1996ལོའི་ཟླ8པ་ནས་སྤྱི་ལོ1999ལོའི་ཟླ11པའི་བར་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་བོད་ཁུལ་ནས་བོན་གྱི་དགོན་སྡེ་བརྒྱ་དང་སུམ་ཅུ་ལྷག་ལ་བསྐྱོད་དེ་རྟོག་ཞིབ་བྱས་པ་རེད།  སྤྱི་ལོ1998ལོའི་ཟླ7པར་ཨ་རིའི་ཨིན་ཏེ་ཨན་ན་ཀྲིག་ལི་སློབ་གྲྭ་ཆེན་མོ་ནས་ཚོགས་པའི་སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཤིང《མཚོ་སྔོན་པོའི་ས་ཁུལ་གྱི་བོན་པོའི་སྔགས་འཆང》“Bonpo Tantrics in Kokonor Area”ཞེས་པའི་དཔྱད་རྩོམ(དབྱིན་ཡིག)སྤེལ། སྤྱི་ལོ1999ལོར་འཇར་པན་ཨོ་ས་ཁ་ནས་སྤེལ་པའི་བོན་པོའི་རིག་གནས་ཀྱི་ས་མཚམས་གསར་བ“New Horizons in Bon Studies”ཞེས་པའི་རྒྱལ་སྤྱིའི་བོན་པོའི་རིག་གནས་གྲོས་དཔྱོད་ཚོགས་འདུར་ཞུགས་ཤིང《ཨ་མདོ་དང་ཁམས་ཁུལ་གྱི་བོན་པོའི་སྲོལ་རྒྱུན་གྱི་བླ་མ》The bla ma in the Bon Religion in Amdo and Kham(དབྱིན་ཡིག)ཞེས་པའི་དཔྱད་རྩོམ་ཕུལ། སྤྱི་ལོ2000ལོར་ཧི་ལན་ལེ་ཏོན་ནས་སྤེལ་བའི་སྐབས་དགུ་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཤིང་། 《བོན་གྱི་ལྟེ་གནས་གསར་བ་ཤར་རྫ་རི་ཁྲོད》“A New Bonpo Center-Shar-rdza Hermitage”ཅེས་པའི་དཔྱད་རྩོམ་སྤེལ། སྤྱི་ལོ2003ལོར་དབྱིན་ཇིའི་ཉིག་ཇིན་ནས་སྤེལ་བའི་སྐབས་བཅུ་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཤིང་། 《སྣང་ཞིག་དགོན་པའི་བོན་བསྟན་གྱི་སློབ་གསོ》“Bonpo Education in sNang zhig Monastery” (དབྱིན་ཡིག)ཞེས་པའི་དཔྱད་རྩོམ་སྤེལ།
  སྤྱི་ལོ2000ལོ་ནས་སྤྱི་ལོ2004ལོའི་བར་དུ་འཇར་པན་ཕྱོགས་འཛོམས་ཞིབ་འཇུག་སློབ་གྲྭ་ཆེན་མོར་འབུམ་རམས་པའི་བསླབ་གནས་སྦྱང་བ་དང་། སྤྱི་ལོ2006ལོའི་ཟླ8པར་འཇར་མན་པོ་ཨིན་ནས་སྤེལ་བའི་སྐབས་བཅུ་གཅིག་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཤིང་། 《ཁྱུང་གི་རུས་རྒྱུདབོད་ནས་གནས་སྤོར་བྱུང་ཚུལ》“Migration of Khyung in Tibet”ཞེས་པའི་དཔྱད་རྩོམ་སྤེལ།
  སྤྱི་ལོ2006ལོའི་ཟླ7པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དུ་ལས་གནས་སྤར་ཏེ་སློབ་གསོའི་བྱ་བ་གཉེར། སྤྱི་ལོ2010ལོའི་ཟླ4པར་ཧ་ཧྥོ་སློབ་གྲྭ་ཆེན་མོར་བསྡུས་པའི་ཨ་སིས་ཡ་ནང་ཁུལ་དང་ཀྲུང་གོའི་རིག་གནས་དང་ལོ་རྒྱུས“Inner Asia and China: Cultural and Historical Connections”ཞེས་པའི་ཚོགས་འདུར་ཞུགས་ཤིང་། 《རྩེ་དབུས་དགོན་པ་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་གྱི་བསྟན་པ》“Tsewey Monastery and Bon Religion around Kokonor”ཞེས་པའི་རིག་གཞུང་དཔྱད་རྩོམ་སྤེལ། སྤྱི་ལོ2010ལོའི་ཟླ4པར་ཅ་ན་ཏ་བིན་གི་དཔར་སྤེལ་བའི་སྐབས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར(IATS)ཞུགས་ཏེ《མདོ་སྨད་བོན་བསྟན་ལོ་རྒྱུས་ཁྲོད་ཀྱི་འཕགས་པ་རྣམ་གསུམ》“The Three Saints in History of Bon Religion in Amdo”ཞེས་པའི་དཔྱད་རྩོམ་ཕུལ། སྤྱི་ལོ2011ལོའི་ཟླ9བའི་ནང་དུ་དབྱིན་ཇིའི་ལོན་ཏོན་སློབ་གྲྭ་ཆེན་མོའི་ཡ་ཧྥེ་ཞིབ་འཇུག་ཁང་གིས་བསྡུས་པའི་བོན་ཆོས་དང་ཞང་ཞུང་། སྔོན་གྱི་ཐུ་བྷོད(Bon, Shangshung and Early Tibet)ཅེས་པའི་རྒྱལ་སྤྱིའི་རིག་གཞུང་གྲོས་ཞིབ་ཚོགས་འདུར་ཞུགས་ཤིང་། 《གྲི་གུམ་བཙན་པོའི་གྲོངས་རྐྱེན་དང་དང་དེའི་ལོ་རྒྱུས་གོ་དོན》“the Reasons of Grigum Tsanpo’s Death and its Historical Significance”ཞེས་པའི་རིག་གཞུང་དཔྱད་རྩོམ་སྤེལ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།