བོད་ཀྱི་མཁས་དབང་མཆོག་སྤྲུལ་ཐུབ་བསྟན་ཉི་མ།

རྩོམ་པ་པོ།:ཞི་ཆུང་། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2011-10-28 11:30:00 ཀློག་གྲངས།:


བོད་ཀྱི་མཁས་དབང་མཆོག་སྤྲུལ་ཐུབ་བསྟན་ཉི་མ།

        མཆོག་སྤྲུལ་ཐུབ་བསྟན་ཉི་མ་ཁོང་ནི་སྤྱི་ལོ1943ལོར་ཁམས་ཡུལ་གནས་མཆོག་དཔལ་ལྷ་སྒང་། རྩྭ་ཐང་པདྨ་བཞད་པའི་ནེའུ་གསེང་། དཀར་དམར་མེ་ཏོག་བཀྲ་བའི་དགའ་ཚལ་དུ། ཕུན་ཚོགས་ལྔ་དང་ལྡན་པར་སྐུ་བལྟམས། དགུང་ལོ་བཞིའི་ཐོག་ཏུ་ཚད་མའི་སྐྱེས་བུ་དུ་མས་ཁོང་སྔགས་འཆང་འཇའ་ལུས་རྡོ་རྗེ་མདོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་ཡི་རྣམ་རོལ་ཡིན་པ་ངོས་བཟུང་། དེ་ནས་བཟུང་ཁོང་གིས་ཡི་གེ་འབྲི་ཀློག་གི་འགོ་བཙུགས། སྔོན་སྦྱངས་སྐྱེས་སྟོབས་ཀྱི་བག་ཆགས་བཟང་བས། ཁོང་སྐུ་ན་ཆུང་དུས་ནས་ཡ་རབ་དམ་པའི་མཛད་སྤྱོད་དང་བྱམས་དང་སྙིང་རྗེའི་ཐུགས་རྒྱུད་ལྷན་སྐྱེས་བཅོས་མིན་དུ་མངའ་བར། དགུང་ལོ་ཆུང་དུས་ནས་མཁྱེན་རབ་རྩལ་ཆེ་བ་ཀུན་གྱིས་ངོ་མཚར་དུ་འཛིན།  དགུང་ལོ་བཅུར་སོན་དུས་གསང་ཆེན་སྔ་འགྱུར་བསྟན་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་དང་རྫོང་གསར་དགོན་དུ་ཕེབས་ནས་རྩོད་བྲལ་མཁས་གྲུབ་ཀྱི་བླ་མའི་ཞབས་རྡུལ་སྤྱི་བོར་བཀུར་ནས་སྨིན་གྲོལ་གྱི་དབང་དང་གདམ་ངག་བདུད་རྩི་གང་མང་ཐུགས་སུ་བཞེས།  དེ་རྗེས་རྡོ་གྲུབ་ཆེན་བཤད་སྒྲུབ་གླིང་དུ་བྱོན་ནས་ཐོས་བསམ་སྒོམ་གསུམ་གྱི་བསྒྲུབ་སྦྱངས་རྒྱ་ཆེན་མཛད།  དགུང་ལོ་བཅུ་དྲུག་ཐོག་ཏུ་ལྷ་སྒང་དང་སྐྱིད་ལུང་དགོན་གཉིས་ཀྱི་དགོན་བདག་མཛད་ནས་བསྟན་པའི་ཁུར་ཆེན་ཕྲག་ཏུ་གཟར། 
         བཅིངས་འགྲོལ་བཏང་རྗེས་སུ་མཆོག་སྤྲུལ་ཐུབ་བསྟན་ཉི་མར་ལུང་རྟོགས་ཀྱི་བསྟན་པ་སྐྱོང་བ་དང་། ཡང་ན་རིག་གནས་སྣ་ཚོགས་ཟབ་སྦྱོང་བྱེད་པའི་གོ་སྐབས་རེ་ཞིག་མ་རྙེད་རུང་། ཁོང་གིས་ཉིན་མཚན་མེད་པར་གནའ་དེང་ཕྱི་ནང་གི་ཡི་གེ་གང་རྙེད་ཐམས་ཅད་དཔེ་གཟིགས་མཛད། ཡུན་རིང་གིས་དཀའ་བ་སྤྱད་མཐར་ཁོང་ལ་རྒྱ་ཡིག་དང་དབྱིན་ཡིག་གི་ཆུ་ཚད་མཐོན་པོ་མངའ་བར་གྱུར། སྤྱི་ལོ1978ལོར།  མཆོག་སྤྲུལ་ཁོང་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་དུ་ཕྱག་ལས་སྤོས་ཏེ། རྩོམ་སྒྲིག་པ་གཞོན་པའི་འགན་བཞེས། བགྲང་བྱ་གསུམ་རིང་དཀའ་བ་སྤྱད་མཐར་རྒྱལ་སྤྱི་རུ་སྐད་གྲགས་ཆེ་བའི་བོད་རྒྱ་ཚིག་མཛོད་ཆེན་མོ་ལེགས་འགྲུབ་བྱུང་བས་མ་ཚད་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ།
         སྤྱི་ལོ1981ལོར་མཆོག་སྤྲུལ་ཉིད་ཀྱིས་ཐུགས་ཁུར་འོག   རྫོགས་ཆེན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་བཙུགས་ཏེ་སྔོན་རྗེས་སུ་བོད་ཀྱི་རིག་པའི་གནས་ལྔར་བྱང་ཆུབ་པའི་མཁས་པ་མི་ཉུང་བ་ཞིག་གསོ་སྐྱོང་མཛད།གངས་ཅན་ཡུལ་གྱི་གཟི་འོད་རབ་ཏུ་འཚེར་བའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དུ་མཛད་རྗེས་བླ་ན་མེད་པ་བཞག་པ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་མཆོད། སྤྱི་ལོ1984ལོར་མཆོག་སྤྲུལ་རིན་པོ་ཆེ་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དུ་ཕྱག་ལས་སྤོས་ནས་ལས་ཁུངས་དེ་ཉིད་ཀྱི་གཙོ་འགན་བཞེས། དེ་ནི་སྐུ་ཉིད་བོད་རིག་པར་ཞིབ་འཇུག་ལམ་བུའི་ཁྲོད་དངོས་སུ་ཞུགས་པར་མཚོན། དེའི་སྐབས་སུ་ཉིད་ཀྱིས་སྔ་གཞུག་ཏུ་རྫ་དཔལ་སྤྲུལ་གྱི་གསུང་འབུམ་དང་རྣམ་ཐར། བོད་ཀྱི་བཀའ་འགྱུར་སོགས་དག་སྒྲིག་དང་དཔེ་བསྐྲུན་མཛད། མ་ཚད་ཤེས་བྱ་ཀུན་ཁྱབ་ཀྱི་དཀར་ཆགས་དང་བྲག་དཀར་བློ་བཟང་དཔལ་ལྡན་གྱི་རྣམ་ཐར། ཐེག་པ་རིམ་པ་དགུའི་རྣམ་བཤད། སྙན་རྩོམ། བྲིས་དཔེ་སོགས་གང་མང་རྩོམ་འབྲི་གནང་། ཁོང་གིས་ཞིང་ཆེན་གེ་སར་གཞུང་ལས་ཁང་གི་གཙོ་འགན་བཞེས།  སྐུ་ཚེགས་ལ་མ་འཛེམ་པར་ཡུལ་སྡེ་སོ་སོར་ཟབ་འཇུག་མཛད་དེ། དམངས་ཁྲོད་ཀྱི་གླིང་སྒྲུང་བྲིས་མ་ཉི་ཤུ་ལྷག་འཚོལ་སྡུད་དག་སྒྲིག་དཔེ་བསྐྲུན་མཛད་པ་དང་། གེ་སར་ཚིག་མཛོད་གསར་རྩོམ་དང་ཞིབ་འཇུག་པ་རྩ་འཛུགས་བྱས་ཏེ་དཔྱད་རྩོམ་གང་མང་བྲིས་ནས་པར་དུ་འཁོད་པ་སོགས་ཀྱིས་སི་ཁྲོན་ཞིང་ཆེན་གེ་སར་བྱ་བ་སྔོན་ཐོན་གྲལ་དུ་གཟུད་དེ། སྔོན་རྗེས་སུ་རྒྱལ་ཁབ་རིམ་པའི་བྱ་དགའ་གང་མང་བླངས། 
         སྤྱི་ལོ1987ལོར་མཆོག་སྤྲུལ་ཁོང་གིས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་འགྱུར་དཔེ་བསྡུར་ཅུས་ཀྱི་གཙོ་འགན་བཞེས། བྱ་གཞག་དེ་དག་ནི་དེང་རབས་བོད་རིག་པའི་ཞིབ་འཇུག་ཁྲོད་ཀྱི་ལས་དོན་རླབས་ཆེན་ཞིག་ཡིན་ཕྱིར། སྤྲུལ་སྐུ་ཚང་གི་ཐུགས་ཁུར་རྒྱ་ཆེར་མཛད་པ་བཀོད་སྒྲིག་གང་ལེགས་གནང་སྟེ་མཛད་རྗེས་ཡང་མི་དམན་པ་ཐོབ། དམ་པ་དེ་ཉིད་ཀྱི་བོད་རིག་པར་ཞིབ་འཇུག་གནང་བར་འབྲས་བུ་གཡུར་དུ་ཟ་བ་ཐོབ་པར་གངས་ཅན་མཁས་བརྒྱས་བསྟོད་བསྔགས་ཀྱིས་གཙུག་ཏུ་བཀུར། མ་ཚད1988ལོར་འབྲེལ་ཡོད་སྡེ་ཁག་གིས་ཁོང་ལ་ཞིབ་འཇུག་པའི་གོ་གནས་སྤྲད་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ཀྱི་དགེ་རྒན་ཆེན་མོའི་གོ་ས་སྤྲད་དེ་གདན་འདྲེན་ཞུས། སྔོན་རྗེས་སུ་འཇར་པན་དང་ཧོང་ཀང་། ཨ་རི། དབྱིན་ཇི་སོགས་སུ་ཕེབས་ནས་སློབ་ཁྲིད་ཐེངས་མང་གསུངས། གཞན་ཡང་མཆོག་སྤྲུལ་ཉིད་ནི་སྐབས་གསུམ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིར་བདམས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ།  ཞིང་ཆེན་མཐོ་རིམ་རིག་གནས་གོ་མིང་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་གྲུབ་མིང་། ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་གཙོ་འགན་སོགས་བཞེས།
         ཉེ་བའི་ལོ་འགའི་རིང་སྐུ་ཉིད་ཨ་རི་དང་ཁ་ན་ཏ། དབྱིན་ཇི་སོགས་སུ་བྱོན་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་དུ་མཛད་རྗེས་དེ་ལས་ཆེ་བ་གནང་། ལོ་འགའི་རིང་ཁོང་གི་བསྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ཚིག་མཛོད།བོད་རྒྱ་དབྱིན་ཚིག་མཛོད་ཆེན་མོ་དང་། རྒྱལ་ཁབ་ཕྱི་ནང་གི་དཔེ་དཀོན་གང་མང་ཞིག་འཚོལ་སྡུད་གནང་ནས་པར་དུ་འཁོད་དོ།། མཆོག་སྤྲུལ་ཐུབ་བསྟན་ཉི་མ་ཁོང་ལ་ཆེ་འདོད་དྲེགས་འདོད་དབེན་ལ། རྒྱུ་ནོར་ལོངས་སྤྱོད་མི་མཁོ།དུས་དང་རྣམ་པ་ཀུན་དུ་དམན་ས་བཟུང་སྟེ་མཆོག་དམན་ཀུན་ལ་གུས་པ་དང་། སེམས་ཅན་ཀུན་ལ་རྗེས་ཆགས་མཛད་པ། དག་པའི་སྣང་བ་དང་འབྲལ་མེད་བརྟུལ་ཞུགས་སྤྱོད་པའི་ཉམས་ལེན་ལ་བརྩོན་པ། འཇིག་རྟེན་ཆོས་བརྒྱད་དང་བྲལ་བ། ཞི་འཇམ་བྱམས་བརྩེ་སྤྱོད་ལམ་འབའ་ཞིག་གནང་བར། ཚད་མའི་སྐྱེས་བུ་ཞིག་ཡིན་པ་གཟུར་གནས་ཀུན་གྱིས་མགྲིན་པ་གཟེངས་སུ་བཏེགས་ཏེ་བསྟོད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།