བསྟན་འཛིན་དོན་གྲུབ་བམ་སྨན་པ་བསྟན་ཁོ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།:གཡག་སྨན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-27 14:31:00 ཀློག་གྲངས།:


སྨན་པ་བསྟན་ཁོ།

        རིག་པའི་གནས་སྤྱི་དང་ཁྱད་པར་དུ་ཟབ་རྒྱས་གསོ་རིག་རྒྱ་མཚོའི་འཇིངས་བརྒལ་ཞིང་ཉམ་ཐག་འགྲོ་བ་ནད་པར་ཕན་བདེ་བདུད་རྩིའི་དགའ་སྟོན་ཡོངས་ཁྱབ་ཏུ་འགྱེད་པ།      ངུར་སྨྲིག་སྟོན་པའི་ན་བཟས་སྐུ་མཛེས་ཤིང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུགས་པའི་མཁས་པའི་དབང་བོ་རྗེ་སྟན་འཛིན་དོན་གྲུབ་བམ་ཡོངས་གྲགས་མཛོད་དགེའི་སྨན་པ་བསྟན་ཁོ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་འབྲི་བ་ལ།    འཚོ་མཛད་དམ་པ་འདི་ཉིད་ཀྱི་སྐུའི་མྱུ་གུ་ཐོག་མར་བལྟམས་པའི་ཡུལ་ནི།      སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་ཁོངས་ཀྱི་བཞག་སྡོམ་མཐའ་བ་ཞེས་པའི་གྲོང་གསེབ་ཏུ་ཆུ་བྱ་ལོ་སྟེ་སྤྱི་ལོ1933ལོར་འཁྲུངས་ཤིང་།     སྐུ་ན་ཕྲ་བའི་དུས་དགོང་ལོ་བདུན་ནས་དགོང་ལོ་བཅུ་དྲུག་བར་བཞག་སྡོམ་ཁང་སར་དགོན་བཤད་སྒྲུབ་ནོར་བུའི་གླིང་དུ་གྲྭ་བ་བྱས་ཏེ་ཚོགས་གྲལ་དུ་ཞུགས་ཤིང་རབ་ཏུ་བྱུང་བས་མཚན་ལ་བསྟན་འཛིན་དོན་གྲུབ་ཅེས་གསོལ།    དེ་ལ་ཉེ་འབྲེལ་རྣམས་ཀྱིས་གཅེས་མིང་དུ་བསྟན་ཁོ་ཞེས་བོས་བས་མཚན་ལ་དེ་ལྟར་ཐོགས་པ་ཡིན།       བོད་ཡིག་འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་སྐོར་ཡོངས་རྫོགས་བསླབས་ནས་བློ་རྒྱུགས་མཐར་ཕྱིན་སྤྲད།    དེ་ནས་དག་ཡིག་སུམ་རྟགས་དང་གསོ་རིག་དཔལ་ལྡན་རྒྱུད་བཞི་ལས་རྩ་བའི་རྒྱུད་དང་ཕྱི་མའི་རྒྱུད་ལ་སློབ་སྦྱོངས་བྱས།
        སྐུ་ན་ཅུང་ཟད་སྨིན་པ་དང་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀུན་སློབ་སྦྱོང་བྱས།     ཁྱད་པར་དུ་དེང་སྐབས་ཀན་ལྷོའི་མངའ་ཁོངས་ཁ་གྱ་ཞེས་པའི་ཡུལ་གྱི་རི་ཁྲོད་གོང་མ་ན།      ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤཱ་སའི་མཚན་ཅན་གྱི་ཞབས་པད་སྒོ་གསུམ་དག་པས་ཚུལ་བཞིན་བསྟེན་ནས་དག་ཡིག་གི་སྐོར་དང་།    གཞན་མཆོད་རྟེན་ཐིག་རྩ་སོགས་བཟོ་རིག་པ།   སྐར་ནག་རྩིས་ཀྱི་རིག་པ།  ཁྱད་པར་དུ་དཔལ་ལྡན་རྒྱུད་བཞིས་གཙོ་བྱས་ནས་གསོ་བ་རིག་པའི་གཞུང་ལུགས་མང་བོར་སྦྱངས་བརྩོན་དང་ལུང་ཞུ་སོགས་མཐར་ཕྱིན་པ་བྱས།      བསྙེན་པར་རྫོགས་པའི་ཁྲིམས་ཞུས་ཏེ་མཚན་ལ་བློ་བཟང་ཆོས་འབྱོར་ཞེས་གསོལ།   
         དེ་རྗེས་བླ་བྲ་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་གི་ཚོགས་སུ་ཞུགས།  དེ་ལྟར་བཀྲ་ཤིས་འཁྱིལ་དུ་བཞུགས་སྐབས་ཀྱི་དགུང་ལོ་ཉེར་དྲུག་པ་སྤྱི་ལོ་1958  ལོར་དམངས་གཙོ་བཅོས་བསྒྱུར་ཞེས་ལས་འགུལ་ཆེན་པོ་བྱུང་ནས་དགེ་འདུན་པ་རྣམས་དགོན་གནས་ནས་བསྐྲད་དེ་གྲྭ་གཞོན་རྣམས་ལ་ངལ་རྩོལ་བྱེད་དུ་བཅུག་པས་གྲྭ་གཞོན་མང་རབས་ཤིག་ཁྱིམ་དུ་བབས་པར་གྱུར་ཀྱང་།      དམ་པ་འདི་ཉིད་ལ་མ་རུང་དྲི་མས་མ་གོས་པར1959ལོར་ཕ་ཡུལ་བཞག་སྡོམ་དུ་ཕྱིར་ཕེབས།
        དེ་ནས་བཞག་སྡོམ་ཡུལ་མི་ཀུན་གྱི་རེ་བ་ལྟར་ཐོག་མར་བཞག་སྡོམ་ཀུང་ཧྲེའི་ཕྱུགས་ཀྱི་སྨན་པ་མཛད།     དེ་རྗེས1960ལོ་ནས་བཞག་སྡོམ་ཀུང་ཧྲེའི་སྨན་པ་མཛད།     དེ་ནས1961ལོར་རྒྱལ་ཁབ་ཀྱི་དབུ་འདྲེན་དང་རྒྱབ་སྐྱོར་འོག་བཞག་སྡོམ་མཉམ་ལས་སྨན་བཅོས་ཁང་ཚུགས་སྐབས་འགོ་ཁྲིད་ཀྱི་འགན་བཞེས་ནས་སྨན་བཅོས་ཀྱི་ལས་དོན་སྒྲུབས།
        དེ་མིན1962ལོར་སྨན་བཅོས་ཀྱི་ཞོར་དུ་མཚན་མོ་སོགས་ཀྱི་དུས་སྐབས་དམ་འཛིན་བྱས་ནས་རྐང་རྗེན་སྨན་པ་མི་ཉུང་བ་ཞིག་དང་ཀན་ལྷོ་སོགས་ས་ཁུལ་གཞན་གྱི་སྨན་པ་དག་ལ་སློབ་ཁྲིད་གནང་།     དེ་དུས་སློབ་ཡིག་ཤིན་ཏུ་དཀོན་པས་ན།    《 གསོ་བ་རིག་པའི་སློབ་ཡིག་གཅེས་བསྡུས》ཞེས་བྱ་བ་རྩོམ་བསྒྲིགས་དང་དཔར་དུ་བཏབ་ཅིང་འཚོ་བྱེད་གསར་བ་གསོ་སྐྱོང་མཛད།   དམ་པ་གང་ཉིད་ཀྱིས་བཀའ་དྲིན་དྲི་མ་མེད་པའི་བསྐྱངས་པའི་རྒྱུད་འཛིན་སློབ་བུ་གྲངས་ལས་འདས་པ་ཞིག་མཆིས་པའི་ནང་མཛོད་དགེ་ཉི་མ་ཞེས་པའི་སློབ་མ་ཁྱད་དུ་འཕགས་པ་ཞིག་ཀྱང་བྱུང་ཡོད།
        དེ་ནས1966ལོ་ནས་བཟུང་རྒྱལ་ཡོངས་སུ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་དམ་པ་འདི་ཉིད་ཀྱིས་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་དང་ཐབས་བཟང་དུ་མའི་སྒོ་ནས་གསོ་རིག་དཔེ་ཆ་ཉར་ཚགས་དང་།   གཞུང་ལུགས་འཆད་ཁྲིད།    སྨན་བཅོས་ལག་ལེན་བཅས་མུ་མཐུད་དུ་གནང་།  
        1974ལོར་པེ་ཅིང་དུ་རྒྱལ་ཡོངས་འཕྲོད་བསྟེན་ལས་ཀའི་གྲོས་ཚོགས་ལ་ཕེབས་སྐབས་ཚོགས་འདུའི་ཐོག་ཏུ་ཀྲུང་དབྱང་འཕྲོད་བསྟེན་པུའུ་ལ་བོད་ཀྱི་གསོ་རིག་གི་དགེ་མཚན་དང་ནད་བཅོས་སྲོག་སྐྱོབས་ཀྱི་ཕན་ནུས།   མ་འོངས་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་རེ་འདུན་ནན་གྱིས་ཞུས་པས།   རྗེས་སུ་ཆོག་མཆན་ལེགས་པར་ཐོབ་པར་བརྟེན།  1975ལོར་རྔ་བ་ཁུལ་འཕྲོད་སློབ་གྲྭའི་བོད་སྨན་འཛིན་གྲྭ་དང་པོ་ཚུགས་ཐུབ་པར་གྱུར།    དེ་ནས་བཟུང་ད་བར་དུ་འཛིན་གྲྭ་རིམ་པ་དུ་མའི་འབྲིང་རིམ་ཆེད་གཉེར་སྨན་བཅོས་མི་སྣ་དང་།   ཟབ་སྦྱོང་འཛིན་གྲྭ་ཐེངས་མང་བཅས་གསོ་སྐྱོང་གནང་ནས་གསོ་རིག་གཞུང་ལུགས་རྒྱུད་འཛིན་དང་སྨན་དོན་མི་སྣ་གསོ་སྐྱོང་མཛད།    ཐོག་མར་འཛིན་གྲྭ་དང་བོ་ཚུགས་སྐབས་སློབ་དེབ་དཀོན་པའི་དགོས་མཁོ་སྐོང་ཆེད་སྐྱེ་ལུགས་རིག་པ་དང་།    ཕྱི་ནད་རིག་པའི་ཁྲིད་ཡིག་སོགས་སློབ་དེབ་བཅུ་གསུམ་གསར་བསྒྲིགས་མཛད་ནས་སྣུམ་དཔར་དུ་བཏབ།  
        1979ལོར་སློབ་མ་ཁ་ཤས་དང་བཅས་སྟོད་ཉི་མ་ལྷ་སར་ཕེབས་ནས་སྨན་པ་འབུམ་རམས་པ་རྒན་ཐུབ་བསྟན་ཚེ་རིང་དང་།    སྨན་རྩིས་ཁང་གི་ཡོན་ཀྲང་སྨན་པ་འབུམ་རམས་པ་རྒན་ཀུན་དགའ་ཕུན་ཚོགས་རྣམ་གཉིས་གཙོ་བོར་གྱུར་བའི་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་ཤིན་ཏུ་དཀོན་ཞིང་གལ་ཆེ་བའི་དབང་ལུང་ཁྲིད་རྒྱུད་དུ་མ་ཞུས།    ཁྱད་པར་རིན་ཆེན་བཙོ་བཀྲུ་ཆེན་མོའི་ཕྱག་བཞེས་མཐོང་བརྒྱུད་རྣམ་དག་དངོས་སྦྱོང་གི་ཚུལ་དུ་སྐུ་ངལ་ཁྱད་བསད་ཀྱིས་ཕྱག་ལས་ཞིབ་ཏུ་གནང་ནས་ཕྱག་ལེན་འཆུག་མེད་ཐུགས་སུ་ཆུད་པར་མཛད།  
        ཟི་ཁྲོན་ཞིང་ཆེན་དང་།    རྔ་བ་ཁུལ།   མཛོད་དགེ་རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རེ་ཞུ་ཡང་ཡང་བྱས་པར་བརྟེན1980ལོར་མཛོད་དགེ་རྫོང་དུ་ཕྱིར་ཕེབས་འཕྲལ་གོང་རིམ་གྱིས་མཛོད་དགེ་རྫོང་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་དུ་བསྐོས་པའི་སྟབས་ཀྱིས་སྨན་ཁང་གི་ལས་དོན་སྤྱི་དང་ཁྱད་པར་དུ་སྨན་བཅོས་དང་སློབ་གསོའི་འོས་འགན་བཞེས་ཏེ།  ཕྱོགས་གཅིག་ནས་མགོ་སྲིན་ཚབས་ཆེན་དང་།  མཁྲིས་པའི་རྡོ་སྐྲན་སོགས་བཅོས་བརྡུགས་ཀྱི་ནད་མང་པོ་བཅོས་ནས་ཉམ་ཐག་ནད་པ་མང་བོ་ཞིག་ལ་སླར་ཡང་བདེ་སྐྱིད་ཀྱི་ཉི་མ་ཤར་ཏུ་བཅུག་པ་དང་།       ཕྱོགས་གཉིས་ནས་རིག་གཞུང་སློབ་ཁྲིད་དང་།   སྨན་རྫས་ངོས་འཛིན་དང་འདུལ་སྦྱོང་།   སྨན་དོན་མི་སྣ་གསོ་སྐྱོང་སོགས་མཛད་ནས་མདོ་སྨན་གསོ་རིག་སྤྱི་དང་ལྷག་པར་རྔ་ཁུལ་གསོ་རིག་དར་རྒྱས་ཀྱི་ཕོགས་ལ་མཛད་རྒྱས་བཞག་དང་འཇོག་མུས་ཡིན།
        1982ལོར་པཎ་ཆེན་རིན་པོ་ཆེ་རྔ་ཁུལ་དུ་ཕེབས་སྐབས་ཁོང་དང་ཡུམ་གྱི་ཕྱག་རྩར་གཟིགས་ནས་སྨན་བཅོས་མཛད།    1983ལོར་སྡེ་དགེར་ཕེབས་ནས་བཀའ་བསྟན་བླུས་ནས་མཛོད་དགེ་བོད་སྨན་ཁང་དུ་གདན་དྲངས།     1984ལོའི་དབྱར་དུས་དང་།   1985ལོའི་དབྱར་དུས།   1986 ལོའི་དབྱར་དུས་བཅས་ལ་གོང་རིམ་གྱིས་རོགས་དངུལ་འབོར་ཆེན་གནང་བར་བརྟེན་ནས།   ཁོང་ཉིད་ཀྱིས་གཙོ་འགན་བཞེས་ཏེ་སྔོན་ཆད་ཕྱོགས་འདིར་འཚོ་བྱེད་རྣམས་ལ་ལག་ལེན་གྱི་བརྒྱུད་པ་མེད་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་།   ཁམས་བརྒྱད་ལྕགས་བརྒྱད་ཀྱི་ཐལ་བཟོ་ཆེན་མོའི་ཕྱག་ལེན་དངོས་སུ་བསྟར་ཏེ།   རིན་ཆེན་བསམ་འཕེལ་དང་།    རིན་ཆེན་གྲང་སྦྱོར།    རིན་ཆེན་མང་སྦྱོར།   རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་སོགས་རིན་ཆེན་རིགས་གསར་བཟོ་མཛད་ནས་རྔ་བ་ཁུལ་གསོ་རིག་ལ་རིན་ཆེན་ཕྱག་ལེན་མེད་པའི་སྟོང་ཆ་ཆེན་པོ་ཞིག་བསྐངས།
        ཁོང་གིས་བཟོས་པའི་རྔུལ་ཆུ་བཙོ་ཐལ་ཆེན་མོ་ལ་ཚན་རིག་གི་འཕྲུལ་ལ་བརྟེན་ནས་ཞིབ་གཤེར་བརྟག་དཔྱད་བྱས་ཏེ་ཚད་ལྡན་གྱི་ལག་ཁྱེར་བྱིན་པ་མ་ཟད་ཕྱིན་ཆད་ཀྱི་བཙོ་ཐལ་གྱི་ཚད་གཞིར་ཡང་གཏན་ཁེལ་བྱས། 
        དེའི་རིང་ལ་ཀྲུང་དབྱང་འཕྲོད་བསྟེན་པུའུ་ཡི་གསུང་བཀོད་ལྟར་རྒྱལ་ཡོངས་གཅིག་གྱུར་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་བོད་སྨན་སློབ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།  
        1987ལོ་དང་།  1988ལོ་ལ་བཞག་སྡོམ་སྨན་བཅོས་ས་ཚིགས་དང་།    ཀན་ལྷོའི་ཀླུ་ཆུ་རྫོང་བོད་སྨན་ཁང་།   ཀན་ལྷོ་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་སོགས་ཀྱིས་གདན་འདྲེན་ཞུས་པ་ལྟར་ས་གནས་དེ་དག་ཏུ་ཕེབས་ནས་མུ་ཏིག་བདུན་ཅུ་དང་།    རིན་ཆེན་མང་སྦྱོར།    དངུལ་ཆུ་བཙོ་བཀྲུ་ཆེན་མོ་སོགས་ཀྱི་ལག་ལེན་གསར་བཟོ་བྱས།    གཞན་ཡང《ཀྲུང་གོའི་གསོ་རིག་ཀུན་འདུས》ཞེས་པར་རྩོམ་སྒྲིག་དང་དག་བཅོས་གནང་།
        1990ལོ་དང1991ལོར་ཡང་ཞིང་ཆེན་མཛོད་དགེའི་བོད་སྨན་ཁང་དུ་ཐེངས་གཉིས་པའི་རིན་ཆེན་དངུལ་ཆུ་བཙོ་ཐལ་ཆེན་པོ་བཟོ་བ་དང་།     རིན་ཆེན་བསམ་འཕེལ་རིལ་བུ་སོགས་བཟོ་སྐྲུན་བྱེད་སྐབས་ཉིད་ཀྱི་བཀའ་དྲིན་གྱིས་ལས་བཟོ་བ་ལ་ཉམས་མྱོང་ཅུང་ཟད་ཡོད་པ་དང་ཆ་རྐྱེན་ཡང་སྔར་ལས་བཟང་བར་བདེ་བླག་གི་ངང་ནས་ལེགས་གྲུབ་བྱུང་།
        1984ལོ་ནས་བཟུང་ཆབ་སྲིད་དང་རིགས་གནས་སྨན་བཅོས་བཅས་ཀྱི་ལས་དོན་སྣ་མང་སྒྲུབ་ཞོར་དུ་སྐུ་ངལ་མ་འཛེམ་པར་འཚོ་བྱེད་ལས་དང་པོ་བར་ཉེ་བར་མཁོ་ཞིང་གསང་སྨན་སོགས་འབྱོར་དཀའ་བའི་སྨན་རྫས་རིགས་མེད་ལ།   ནད་རིགས་ཀུན་ལ་ཐང་ཕྱེ་རིལ་བུ་གསུམ་གྱི་བཅོས་ཐབས་རིམ་པར་བཀོད་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི《ཉེར་མཁོའི་སྨན་སྦྱོར་ཕྱོགས་བསྒྲིགས་ཀུན་ཕན་བདུད་རྩིའི་གཏེར་མཛོད》ཅེས་པའི་སྨན་སྦྱོར་ཆེན་མོ་ཞིག་རྩོམ་བསྒྲིགས་མཛད་ནས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་བྱས་ནས་འཚོ་བྱེད་ཡོངས་ཀྱི་སྤྱི་ནོར་དུ་བཞག
 ཇི་སྐད་དུ།   དམ་པ་རིང་དུ་གནས་གྱུར་ཀྱང་།    །ཕོ་ཉ་ཡོན་ཏན་ཉིད་ཀྱིས་བྱེད།    །ཅེས་པ་ལྟར།   1986ལོ་ནས་ཀན་ལྷོ་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གིས་གདན་འདྲེན་ཐེངས་བཞི་ཞུས་ཏེ་ཁུལ་ཡོངས་ཀྱི་བོད་ཀྱི་གསོ་རིག་ཟབ་སྦྱོང་འཛིན་གྲྭ་ཚུགས།      1987ལོར་བླ་བྲང་བཀྲ་ཤིས་འཁྱིལ་སྨན་པ་གྲྭ་ཚང་གིས་གདན་འདྲེན་ཞུས།   1988ལོར་ཀན་ལྷོའི་ཀླུ་ཆུ་རྫོང་བོད་སྨན་ཁང་གིས་གདན་འདྲེན་ཞུས་པ་ལྟར་རིམ་བཞིན་ཕེབས་ནས་སློབ་བུ་བརྒྱ་ཚོ་མང་པོར་ལུང་རིག་རྣམ་དག་གི་སྒོ་ནས་སློབ་ཁྲིད་ཟབ་རྒྱས་མཛད་པས་གསོ་རིག་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་གོང་ནས་གོང་དུ་འཕེལ་བར་གྱུར།
        བོད་ལྗོངས་སྨན་རྩིས་ཁང་གིས་སྔོན་གྱི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་ལེན་ལྟར་གྱི་སྨན་སྒྲུབ་ཆེན་མོ་ཐེངས་གཉིས་པའི་སྐབས་ཡོན་ཀྲང་བྱམས་པ་འཕྲིན་ལས་སོགས་ཀྱིས་ནན་ཞུས་ལྟར་ཕེབས་ནས་དེ་གའི་སྨན་རམས་པ་རྣམས་དང་ལྷན་དུ་ངོ་མཚར་ཆེ་བའི་སྨན་སྒྲུབ་ཚད་ལྡན་མཛད་དེ་སྨན་རྣམས་བདུད་རྩིར་བྱིན་གྱིས་རླབས་པའི་ཆོ་ག་ཕྱག་ལེན་ཡོངས་སུ་ཚང་བ་ཐུགས་སུ་ཆུད་པར་མཛད་ནས་ཕྱིར་མདོ་སྨད་རྔ་བ་ཁུལ་དུ་ཕེབས།
        1997ལོ་ནས་བཟུང་ད་བར་དུ་ལོ་རྟག་པར་མཛོད་དགེ་བོད་སྨན་ཁང་ནས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་ཁོང་ཉིད་དབུ་བཞུགས་ཀྱིས་སྨན་ཁང་གི་སྨན་པ་རྣམས་དང་ཕྱོགས་ནས་ཕེབས་པའི་གྲྭ་བཙུན་འགའ་བཅས་བསྡོམས་མི་གྲངས་བཅུ་ཕྲག་འགའ་དང་མཉམ་དུ་སྨན་སྒྲུབ་ཚད་ལྡན་བྱས་པས་ད་ལྟ་མཛོད་དགེའི་བོད་སྨན་གྱི་ཕན་ནུས་བཟང་ཞེས་ཀུན་ལ་གྲགས་པ་ནི།      གཅིག་ན་དམ་པ་གང་ཉིད་ཀྱིས་སྨན་རྫས་ངོས་འཛིན་དང་།   འདུལ་ལུགས།    སྦྱོར་སྡེ་བཅས་ཚད་ལྡན་འཁྲུལ་མེད་ཡིན་པའི་བཀའ་དྲིན་ཡིན་པ་དང་།     གཉིས་ན་གོང་དུ་ཞུས་པ་ལྟར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་ལེན་ཇི་ལྟ་བཞིན་སྨན་སྒྲུབ་ཚད་ལྡན་བྱས་ཏེ་སྨན་རྣམས་བདུད་རྩིར་བྱིན་གྱིས་རླབས་པའི་ཕན་ནུས་ཡིན་པ་སྨྲོས་མ་དགོས་སོ།   །
        1992ལོ་ལ་གོང་རིམ་གྱིས་ཆོག་མཆན་དང་རོགས་དངུལ་འོག་རྔ་བ་ཁུལ་བོད་སྨན་མཐོར་འདེགས་སློབ་སྦྱོང་འཛིན་གྲྭ་ཚུགས་ཏེ་རྔ་བ་ཁུལ་ཡོངས་དང་།   གཞན་མཚོ་སྔོན།    ཀན་སུའུ་བཅས་ནས་ཕེབས་པའི་སྨན་པ་བརྒྱ་ཕྲག་ལྷག་ལ་བཤད་པ་སྐུ་ཡི་རྒྱུད་ཀྱི་ལྗགས་ཁྲིད་ཟབ་རྒྱས་གནང་བ་དང་།   1993ལོར་སླར་ཡང་ཕྱི་མ་འཕྲིན་ལས་རྒྱུད་ལྗགས་ཁྲིད་ཆ་ཚང་བར་མཛད་ནས་ཞིང་ཆེན་གསུམ་གྱི་སྨན་དོན་མི་སྣའི་ཡོན་ཚད་གོང་མཐོར་བཏང་།
        ལྷག་པར་དུ1994ལོར་མཚོ་སྔོན་དང་།   ཀན་སུའུ།    རྔ་ཁུལ་བཅས་ནས་མ་བོས་རང་མོས་ཀྱིས་ཕེབས་པའི་སྨན་པ་མི་གྲངས་ཉིས་བརྒྱ་ལྷག་ཞིག་ལ་ཟླ་གཅིག་ལྷག་གི་རིང་ལ་མཛོད་དགེ་བོད་སྨན་ཁང་ནས་ཁོང་ཉིད་ཀྱིས་རྩོམ་བསྒྲིགས་མཛད་པའི《ཉེར་མཁོའི་སྨན་སྦྱོར་ཕྱོགས་བསྒྲིགས་ཀུན་ཕན་བདུད་རྩིའི་གཏེར་མཛོད 》མགོ་ནས་མཇུག་བར་ཏུ་སྨན་རྫས་ངོས་འཛིན་དང་འདུལ་སྦྱོང་གཙོ་བོར་མཛད་ནས་ལྗགས་ཁྲིད་ཆ་ཚང་བ་མཛད་པ་མ་ཟད་མཐར་ཡིག་རྒྱུགས་བླངས་ནས་ཡོན་ཚད་མཐོ་དམན་ལྟར་བྱ་དགའ་གནང་བ་སོགས་གསོ་རིག་བསྟན་པ་དར་ཞིང་རྒྱས་པའི་མཛད་ཐབས་སྣ་ཚོགས་གནང་།
        ཆབ་སྲིད་ཀྱི་ཕྱོགས་ལ་མཚོན་ན།    སྔར་རྔ་བ་ཁུལ་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཡིན་ལ།   ཕྱིས་སུ་རྒྱལ་ཡོངས་དམངས་ཆེན་འཐུས་ཚོགས་སྐབས་བརྒྱད་པ་དང་དགུ་བའི་འཐུས་མིར་གདམ་ཐོན་བྱུང་།   རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།    ཁུལ་ཚན་རིག་མཐུན་ཚོགས་ཀྱི་ཀྲུའུ་གཞོན་པ།     ཁུལ་བོད་སྨན་སློབ་ཚོགས་ཀྱི་ཚོགས་གཙོ་སོགས་ལ་འདེམ་བསྐོས་བྱས། 
        1980ལོར་གོང་རིམ་ནས་དགེ་རྒན་སྨན་པའི་མཚོན་རྟགས་གནང་།
        1988ལོར་སྨན་པ་རབ་འབྱམས་པ་དང་འབུམ་རམས་པའི་མཚོན་རྟགས་གནང་།
        1992ལོར་རྒྱལ་ཁབ་རིམ་པའི་ཆེད་ལས་གསོ་རིག་མཁས་དབང་ལ་གདམ་ཐོན་བྱུང་།
        གཞན་ཡང་མཛོད་དགེ་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་དང་།    རྔ་བ་རྫོང་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་།    དམར་ཐང་རྫོང་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་བཅས་ལས་རིག་གང་མང་གི་འགན་ཁུར་བཞེས།
        ལྷག་པར་དུ་དེང་སྐབས་བོད་ཡུལ་ན་བཞུགས་སུ་གསོལ་བའི་དཔལ་ལྡན་རྒྱུད་བཞིའི་དཔར་རྙིང་མང་པོ་ཞིག་ལ་དཔར་བརྐོ་ནོར་དང་།   ཞུ་དག་པས་ཞུ་དག་བྱེད་ནོར།    པཎྚིཏས་ཉམས་པར་མ་བཞག་པའི་གཏམ་ལྟ་བའི་ནོར་འཆུག་གང་མང་ཞིག་ཡོང་པ་དེ་ལྟར་མུ་མཐུད་ནས་རྒྱུད་འབྱམས་སུ་སོང་ན་མི་རབས་རྗེས་མ་ཚོའི་ལག་ལ་དཔལ་ལྡན་རྒྱུད་བཞི་ཞ་འཐེང་ཞིག་འཇོགས་རྒྱུ་ཡིན་པ་གདོན་མི་ཟ་བའི་མ་འོངས་སྔོན་མཁྱེན་གྱིས་ཐུགས་ཀྱིས་རྒྱུད་བསྐུལ་ནས་།  2004ལོར་ཁོང་ཉིད་དངོས་སུ་དབུས་གཙང་དང་།   ཁམས་ཁུལ།   མཚོ་སྔོན་བཅས་ཡུལ་ཕྱོགས་གང་མང་དུ་ཕེབས་ནས་བོད་ཡུལ་ན་བཞུགས་སུ་གསོལ་བའི་རྒྱུད་བཞིའི་དཔར་རྙིང་བཅུ་ཙམ་ཞིག་ལྷན་གཅིག་ཏུ་བསྡུ་རུབ་བྱས་ནས་ཁོང་གི་རྒྱུད་འཛིན་སློབ་བུ་ཕུལ་དུ་བྱུང་བ་བཅུ་ཕྲག་གཅིག་ལྷག་གིས་དུས་ཡུན་ལོ་ཕྱེད་ཀྱི་རིང་ལ་སྡེ་དགེའི་དཔར་ཤིང་གཞིར་བཟུང་ཏེ་རྒྱུད་བཞིའི་ཡིག་འབྲུ་རེ་རེ་བཞིན་ཚེག་འདེད་བྱས་ནས་དཔེ་བསྡུར་བྱས་ཏེ་དགོངས་པ་མི་མཐུན་པ་དང་ནོར་འཆུག་གི་སར་བསྡུར་མཆན་བཀོད་ནས《 རྒྱུད་བཞི་དཔེ་སྡུར》གྱི་དཔེ་དེབ་སྟོད་སྨད་གཉིས་བར་དུ་བཏབ།
        2005ལོའི་ལོ་མཇུག་ལ་རྨ་ཆུ་རྫོང་བོད་སྨན་ཁང་གིས་གདན་ཞུས་ལྟར་ཕེབས་ནས་རིན་ཆེན་མུ་ཏིག་ཉེར་ལྔ་དང་།   གཡུ་རྙིང་ཉེར་ལྔ།    བྱུར་དམར་ཉེར་ལྔ་བཅས་ཀྱི་ལག་ལེན་མན་ངག་ཆ་ཚང་གནང་བ་མ་ཟད་རིན་ཆེན་དེ་རིགས་གསར་བཟོ་མཛད་ནས་གནམ་འོག་གི་རྨ་ཁུག་དང་པོ་འདིར་ཁོང་གི་ཕྱག་བཞེས་དྲི་མ་མེད་པ་སྤེལ་བའི་འགོ་ཚུགས།
        2006ལོར་ཀླུ་ཆུ་རྫོང་བོད་སྨན་ཁང་གིས་ཡང་བསྐྱར་གདན་འདྲེན་ཞུས་ཏེ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ལག་ལེན་མཛད། 
        2007ལོར་སླར་ཡང་རྨ་ཆུའི་བོད་སྨན་ཁང་གིས་གདན་འདྲེན་ཞུས་ཏེ་ཁོང་དང་ཁོང་གི་ཐུགས་སྲས་འཚོ་བྱེད་ཐོག་མེད་རྣམ་གཉིས་ཕེབས་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཚད་དང་ལྡན་པ་ཞིག་གནང་ནས་གནས་འདིའི་གསོ་རིག་འཕེལ་རྒྱས་ཀྱི་ལམ་བུའི་ནང་དུ་བཙོ་ཐལ་མེད་པའི་སྟོང་ཆ་ཡོངས་སུ་བསྐངས།     དེ་མིན2008ལོ་དང་། 2009ལོ།   2010ལོ་བཅས་སུ་སྔ་གཞུག་དུ་རྨ་ཆུའི་བོད་སྨན་ཁང་དུ་ཕེབས་ནས་རིན་ཆེན་བཙོ་བཀྲུ་ཆེན་མོ་དང་།    རིན་ཆེན་མང་སྦྱོར།   རིན་ཆེན་རཏྣ་བསམ་འཕེས་བཅས་སྦྱོར་བཟོ་གནང་ནས་ས་གནས་འདིའི་མང་ཚོགས་ཀྱི་བདེ་ཐང་ལ་མཛད་རྗེས་རླབས་ཆེན་བཞག་པའི་བཀའ་དྲིན་ནམ་ཡང་ང་ཚོའི་སེམས་སུ་བརྗེད་མེད་དུ་གནས།
        དེ་སོགས་དམ་པ་འདི་ཉིད་ཀྱི་མཛད་འཕྲིན་རྒྱ་མཚོ་ལྟ་བུའི་ནང་ནས་ཆུ་ཐིགས་ཙམ་ཞིག་དཔྱད་གཞིའི་ཡིག་ཆ་དང་རང་གི་མཐོང་ཐོས་གཉིས་ཟུང་དུ་སྦྱར་བྲིས་པ་ཡིན་ནོ།  །སྤྱིར་ན་དམ་འདི་ཉིད་ནི་དམར་སེར་ན་བཟས་སྐུ་མཛེས་ཤིང་སྡོམ་ཁྲིམས་གཙང་མས་ཐུགས་མཛེས་པའི་སྟོན་པའི་རྗེས་འཇུག་གྲྭ་བཙུན་ཞིག་ཡིན་པའི་ངོས་ནས་བཤད་ན་རྣམ་དཀར་དགེ་བའི་མཛད་པ་གང་མང་ཞིག་སྒྲུབ་ཡོད་པ་སྨྲོས་མ་དགོས་པ་ཞིག་ཡིན་མོད་གཅིག་ན་རང་ལ་དེའི་ཕྱོགས་ཀྱི་གསལ་ཆ་མེད་པ་དང་།     གཉིས་ན་དེ་ཐེངས་གསོ་རིག་ཕྱོགས་ཀྱི་མཛད་འཕྲིན་གཙོ་བོར་བཟུང་ནས་འབྲི་ཁུལ་བྱས་པ་ཡིན་པས་ཆོས་དགེ་སྒྲུབ་ཕྱོགས་ཀྱི་མཛད་པ་ཆེར་མ་བྲིས་ཡིན་ནོ།  །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།