བོད་བརྒྱུད་ཚད་མ་རིག་པའི་རབ་འབྱམས་པ་ཟླ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-30 10:18:40 ཀློག་གྲངས།:

   ཟླ་བའམ་བཀྲ་ཤིས་ཟླ་བ་ནི།༡༩༦༥ལོར་མཚོ་སྔོན་ཁྲི་ཀ་རྫོང་དུ་སྐྱེས།༡༩༧༥ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ནས་རྒྱ་བོད་རིག་གནས་ལ་བག་ཆགས་འཇོག་འགོ་བརྩམས།༡༩༨༣ནས་༡༩༨༧ལོའི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་དངོས་གཞི་འཛིན་གྲྭར་ཞུགས་ནས་བོད་ཡིག་གཙོ་བྱས་པའི་རྒྱ་བོད་རིག་གནས་སྤྱི་ལ་སྦྱངས།

   ༡༩༨༧ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་གནའ་རབས་རྩོམ་རིག་གི་རབ་འབྱམས་པར་རྒྱུགས་འཕྲོད་ཅིང་།   ༡༩༩༠ལོའི་ཟླ་༧པརབོད་འགྱུར་ལེགས་སྦྱར་རྩོམ་རིག་གིས་བོད་གནའ་རབས་རྩོམ་རིག་ལ་ཤན་ཞུགས་པའི་ཚུལ་འགའ་གླེང་པ》(བོད་ཡིག)ཞེས་པའི་དཔྱད་རྩོམ་ལ་དམ་བཅའབཞག་པས་རབ་འབྱམས་པའི་ཐོབ་ཐང་བླངས།   ༢༠༠༢ལོར་ཚད་མ་རིག་པ་དང་མིའི་རིགས་རིག་པའི་གྲུབ་མཐའི་རྣམ་གཞག་འཇར་པན་གྱི་ཡི་གེ་བཅས་ཀྱི་རྒྱུགས་འབྲས་ལ་བརྟེན་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་དང་རྩོམ་རིག་སློབ་གླིང་གི་འབུམ་རམས་པར་རྒྱུགས་འཕྲོད་ཅིང་།   ༢༠༠༥ལོའི་ཟླ་༥ཚེས་༢༤ཉིནབོད་བརྒྱུད་ཚད་མ་རིག་པའི་གཏན་ཚིགས་ཀྱི་རྣམ་བཞག》(རྒྱ་ཡིག)ཅེས་པའི་དཔྱད་རྩོམ་ལ་དམ་བཅའ་བཞག་པས་བོད་བརྒྱུད་ཚད་མ་རིག་པའི་འབུམས་རམས་པའི་ཐོབ་ཐང་བླངས།

   ད་ལྟའི་བར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེངབདེན་གཉིས་ཀྱི་རྣམ་གཞག་ལ་གསར་དུ་དཔྱད་པ།》《དབུ་མ་བའི་ལྟ་བ་འཛིན་བྱེད་ཀྱི་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་མེད་པ་ཞེས་པའི་རྣམ་གཞག་གཉིས་ལ་དཔྱད་པ།》《ཕྱི་ཚུལ་གཏན་ཚིགས་རིག་པའི་ཁྱབ་མཐའ་སྣ་གཅིག་བརྗོད་པའི་སྒྲུབ་ངག་དང་བོད་བརྒྱུད་གཏན་ཚིགས་རིག་པའི་སྒྲུང་ངག་གཉིས་བསྡུར་ནས་དཔྱད་པ།སོགས་གཙོ་བྱས་པའི་བོད་ཀྱི་རྩོམ་རིག་གཤིབ་བསྡུར་དང་ལྷ་སྒྲུང་། སྙན་ངག་མགུར་མ།   ཚད་མ།  དབུ་མ་བཅས་ལ་འབྲེལ་ཆེ་བའི་བོད་ཡིག་གི་དཔྱད་རྩོམ༢༠ལྷག་སྤེལ།  དེ་དག་ལས་སྒྱུར་རྩོམཀླུ་སྒྲུབ་དགོངས་རྒྱནལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཁས་བ་ཆེན་པོ་པན་པན་རྡོ་རྗེ་སོགས་ཀྱིས་ཐུགས་གཅེས་མཛད་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱ་བའི་དཔྱད་གཞིར་བཟུང་ཡོད།

   ༡༩༩༠ལོར་རབ་འབྱམས་པའི་ཐོབ་ཐང་བླངས་རྗེས་༡༩༩༢ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་དགེ་རྒན་གྱི་འགན་བཞེས།༡༩༩༢ལོའི་ལོ་མཇུག་ཏུ་མཚོ་སྔོན་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གྲྭར་ལས་གནས་སྤར་ཞིང་།༢༠༠༢ལོའི་བར་དུ་སློབ་གྲྭ་དེ་གའི་དགེ་རྒན་བྱས།༡༩༩༥ལོ་ནས་༡༩༩༦ལོའི་བར་མཚོ་སྔོན་ཞིང་ཆེན་འཇར་པན་ཡི་གེ་ཟབ་སྦྱོང་ལྟེ་གནས་སུ་ཞུགས་ཏེ་འཇར་པན་གྱི་ཡི་གེ་ལ་ལོ་ངོ་གཅིག་ཙམ་དུ་ཟབ་སྦྱོང་བྱས།༢༠༠༥ལོར་འབུམས་རམས་པའི་ཐོབ་ཐང་བླངས་རྗེས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ལས་གནས་སྤར་ཞིང་།   ད་ལྟའི་བར་བོད་ཀྱི་གནའ་རབས་རྩོམ་རིག་དང་། ནང་དོན་རིག་པའི་སྤྱི་བཤད། བོད་འགྱུར་རྩོམ་རིག་བརྩམས་ཆོས་གྲགས་ཅན་ཀྲུང་གོའི་ལོ་རྒྱུས། འཇར་པན་གྱི་སྐད་ཡིག་བཅས་སློབ་ཁྲིད་བྱེད་པའི་འགན་ཁུར་ཞིང་སློབ་གྲྭ་དང་ཞིང་ཆེན་རིམ་པའི་བྱ་དགའ༤ཙམ་བླངས།༢༠༠༣ལོ་ནས་༢༠༠༥ལོའི་བར་ཏེ་བསྟུད་མར་ལོ་གཉིས་ཀྱི་རིང་ལ་ཀྲུང་གོར་སྡོད་པའི་ཀུན་ཕན་ཐེབ་རྩ་ཚོགས་པས་སློབ་སྦྱོང་གི་བྱ་དགའ་མ་དངུལ་ཐེངས་གཉིས་གནང་།

   ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་བོད་བརྒྱུད་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ།བོད་དར་དབུ་མ་རིག་པ་བཅས་ཡིན་ཞིང་།ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སློབ་དཔོན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན།ཀྲུང་གོའི་གཏན་ཚིགས་རིག་པའི་གྲོས་ཚོགས་ཀྱི་ཚད་མ་རིག་པའི་ཨུ་ཡོན་ལྷན་ཁང་གི་ལས་འཛིན་པ།ཀྲུང་གོའི་བོད་ཀྱི་དྲ་བའི་ཆེད་ཞུས་མཁས་པ་བཅས་ཀྱི་འགན་ཁུར་བཞིན་མཆིས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།