བོད་རིག་པའི་རིག་ཚན་སྣ་འཁྲིད་པ་སངས་རྒྱས།
དགེ་རྒན་སངས་རྒྱས་ལགས་ནི་༡༩༥༡ལོའི་ཟླ་བརྒྱད་པར་རེབ་གོང་རོང་བོ་གྲོང་བརྡལ་དུ་སྐྱེས།༡༩༧༥ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་སློབ་གྲྭ་འདི་གའི་དགེ་རྒན་གྱི་ལས་ལ་ཞུགས།༡༩༨༢ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་གི་བོད་ཀྱི་གནའ་རབས་རྩོམ་རིག་ཞིབ་འཇུག་འཛིན་གྲྭ་ནས་མཐར་ཕྱིན་ཅིང་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ།༡༩༨༦ལོར་སྡེ་ཁག་དེ་གའི་ཀྲུའུ་རིན་གཞོན་པའི་འགན་བཞེས། ༡༩༨༩ལོར་དགེ་རྒན་ཆེན་མོ་གཞོན་པའི་མིང་བཏགས་ཐོབ། ༡༩༩༡ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤོར་ཏེ་སྔ་ཕྱིར་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན། 《གངས་རྒྱན་ན་ཆུང་ཚགས་པར》དང《སྦྲང་ཆར》དུས་དེབ་ཀྱི་གཙོ་སྒྲིག་པ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཅས་ཀྱི་འགན་བཞེས། ༡༩༩༨ལོར་རྩོམ་སྒྲིག་ཞུས་ཆེན་པའི་མིང་བཏགས་ཐོབ། ༢༠༠༢ལོར་ཕྱིར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་བོད་རིག་པའི་སྡེ་ཁག་གི་ཀྲུའུ་རིན་དང་། 《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》ཀྱི་གཙོ་སྒྲིག་པའི་འགན་བཞེས།
སློབ་མ་བསྐྱངས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ།ཁོང་གིས་སྔ་གཞུག་ཏུ་བོད་ཀྱི་བརྡ་སྤྲོད་དང་།བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག།བོད་ཀྱི་རྩོམ་བྱུང་ལོ་རྒྱུས་སོགས་ཀྱི་བསླབ་ཚན་འཆད་ཁྲིད་གནང་ཞིང་།སློབ་ཁྲིད་ཀྱི་ཐབས་ལམ་ལེགས་སྒྱུར་དང་ཤེས་བྱ་གསར་བ་སྡུད་ལེན་དང་གནད་དོན་གསར་བར་ཞིབ་འཇུག་བྱེད་པར་དོ་སྣང་བྱས་པས།ཁོང་གིས་འཆད་ཁྲིད་གནང་བའི་བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ལ་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའ་ཐོབ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་སྐབས། སྔ་ཕྱིར《ཨ་མདོའི་དམངས་ཁྲོད་རྩོམ་རིག》《རྗེ་ཙོང་ཁ་བའི་གསུང་འབུམ》《རྗེ་ཤར་གདོང་རིན་པོ་ཆེའི་གསུང་འབུམ》《དམུ་དགེ་བསམ་གཏན་ཚང་གི་གསུང་འབུམ》《ཞབས་དཀར་པའི་གསུང་འབུམ》《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ》《བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ》སོགས་ལ་འགོ་འཛིན་དཔེ་སྐྲུན་གནང་ཞིང་།༡༩༩༨ལོར་ཀྲུང་གོའི་དཔེ་སྐྲུན་ལས་མཛད་ཕུལ་བྱུང་པ་ཡི་མཚན་སྙན་ཐོབ། ༢༠༠༡ལོར་རྒྱལ་ཁབ་རིམ་པའི་ཆེད་མཁས་ཀྱི་མཚན་སྙན་ཐོབ།
༡༩༩༠ལོ་ནས་བཟུང་བསྟུད་མར་ལོ་བཅོ་ལྔའི་རིང་ལ་རྒྱལ་ཁབ་སློབ་ཨུས་གདན་ཞུས་ལྟར་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་ཞིབ་བཤེར་ཨུ་ལྷན་བོད་ཡིག་བསླབ་དེབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་ཏེ།སྔ་ཕྱིར་སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་སྐད་ཡིག་དང་།རྒྱ་ཡིགགླུ་དབྱངས།མཛེས་རྩལ་སོགས་ཀྱི་སློབ་ཁྲིད་རྩ་གནད་དང་བསླབ་དེབ། གཞན་ཡང་ལོ་རྒྱུས་དང་ས་རྒྱུས། བཅའ་ཁྲིམས། གྲངས་རིག དངོས་ལུགས། རྫས་འགྱུར།སྐྱེས་ཁམས་རིག་པ་སོགས་བསླབ་བྱ་སྣ་མང་གི་འགྱུར་མིང་གཅིག་གྱུར་ཚད་ལྡན་དུ་གཏོང་བའི་ལས་ལ་ཞུགས་ཤིང་རིག་གཞུང་སྣ་འཁྲིད་པའི་ནུས་པ་ཐོན།
ཁོང་གིས་བྱ་བའི་ཞོར་དུ་ཞིབ་འཇུག་དང་རྩོམ་འབྲིའི་ལས་ལ་འབད་དེ་བོད་ཀྱི《ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》བརྩམས་ཏེ་པར་དུ་བསྐྲུན་པར་མ་ཟད།《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ》དང《གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙན་ཚིག་འདྲ་བཤུས》《ང་མཚོ་སྔོན་ལ་དགའ》《དུས་རབས་བཅུ་དགུ་བའི་དབྱིན་ཇིའི་རང་མོས་རང་ལུགས》ཞེས་པ་སོགས་བསྒྱུར་ཏེ་པར་དུ་བསྐྲུན་པ་དང་། དཔྱད་རྩོམ་༤༠ལྷག《ཀྲུང་གོའི་བོད་ཀྱི་ཤེས་རིག》དང《བོད་ལྗོངས་ཞིབ་འཇུག》སོགས་ཀྱི་དུས་དེབ་སྟེང་སྤེལ་མྱོང་། དེ་དག་ལས《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད》དང་། བསྒྱུར་རྩོམ《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ》ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com