མཆོག་གི་སྨན་པ་བཟོད་པའི་མཛད་རྣམ།

རྩོམ་པ་པོ།:ཝང་ཝེན་ལུའུ་ཡིས་བརྩམས། ལྷོ་པ་འ ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-01 09:32:35 ཀློག་གྲངས།:
མཆོག་གི་སྨན་པ་བཟོད་པའི་མཛད་རྣམ།
ཝང་ཝེན་ལུའུ་ཡིས་བརྩམས། ལྷོ་པ་འགྱུར་མེད་རྡོ་རྗེས་བསྒྱུར།(ཟི་ལིང་།)
        ཞོགས་པར་མལ་ལས་ལངས་ནས་ཁ་བཀྲུ་ལག་བཤལ་བྱས་ཤིང་། འོ་ཇ་དང་བག་ལེབ་བམ་ཡང་ན་མར་ཆུར་རྩམ་གསུམ་གྱི་སྐྱོ་ལྡུར་ཏེ་ནངས་ཇ་སླ་བོ་ཞིག་འཐུང་རྗེས། བཟོད་པ་ལགས་སྒོ་བསྟེན་སྨན་ཁང་དུ་བུད་འགྲོ། འདི་ནི་ཁོང་གི་རྒྱུན་གཏན་གྱི་ལས་ཀར་གྱུར་ཡོད་པ་རེད། ཁོང་ནི་ད་ལྟ་དགུང་ལོ་བདུན་ཅུ་དོན་བརྒྱད་ལ་བསླེབས་པས། ལམ་དུ་འགྲོ་སྐབས་གོམ་པའི་འདེགས་འཇོག་སྔོན་ཆད་ལྟར་ཟོར་ཡང་བ་ཞིག་མ་རེད། དགུང་ལོ་བགྲེས་པའི་ཁར་ས་བབ་ཀྱང་འདི་འདྲ་མཐོ་བའི་ཡུལ་དུ་གོམ་སྟབས་བརྟན་པོ་མདུན་དུ་སྤོས་ནས་འགྲོ་ཐུབ་པ་ནི་ལས་སླ་བོ་ཞིག་ག་ལ་ཡིན། 
        ཉིན་རེའི་སྔ་དྲོར། ཁོང་ནི་རྫོང་བོད་ལུགས་སྨན་ཁང་གི་སྒོ་བསྟེན་ཁང་དུ་བརྟག་བཅོས་ཀྱི་ལས་ཀར་འཇུག་དགོས་པ་དང་། ཕྱི་དྲོའི་དུས་སུ་ཁོང་གིས་རྫོང་མཁར་གྱི་ཁྲོམ་སྲང་དུ་ཡོད་པའི་བོད་སྨན་གོང་བདེ་སྒོ་བསྟེན་ཁང་དུ་ནད་པ་སྣེ་ལེན་བྱ་དགོས་པ་རེད། ཕྱི་མ་དེ་ནི་གསེར་ལག་དགོན་པས་རྫོང་མཁར་འདི་རུ་བཙུགས་པའི་བོད་སྨན་སྒོ་བསྟེན་ཁང་ཞིག་ཡིན་ལ། ཁོང་ཉིད་སྨན་བཅོས་སྒོ་བསྟེན་ཁང་གང་དུ་སོང་ཡང་། སྒོ་འགྲམ་དུ་ནད་པ་མང་པོས་སྔ་མོ་ནས་ཁོང་ལ་བསྒུགས་བསྡད་ཡོད་པ་རེད། ཁོང་ཕེབས་ཡོང་བ་མཐོང་མ་ཐག་ཏུ། ནད་པ་རྣམས་ཀྱིས་མྱུར་མོར་ཁོང་ལ་ཁམས་འདྲི་ཞུ་བཞིན་ཡོད་ལ། ཁོང་གིས་ཀྱང་རེ་རེར་ལན་སྟེར་གྱིན་འདུག
        ཨ་ཁུ་བཟོད་པ། ཁྱེད་བདེ་མོ་ཡིན་ནམ། 
        བདེ་མོ་ཡིན། བདེ་མོ་ཡིན། 
        བཟོད་པ་ལགས་ནི་སྨན་པ་ཞིག་ཡིན་ནའང་། འབའ་རྫོང་གི་སྐྱེ་ཕོ་མོ་རྒན་གཞོན་སུ་ཞིག་ཡིན་རུང་ཁོང་ལ་སྨན་པ་བཟོད་པ་མི་ཟེར་བར་ཨ་ཁུ་བཟོད་པ་ཞེས་འབོད་ཀྱིན་མཆིས། ཁོ་ཚོའི་སེམས་ཁོང་དུ། བཟོད་པ་ལགས་ནི་སྨན་པ་ཙམ་མ་ཡིན་པར་གཅེས་སུ་རུང་བ་དང་གུས་པར་འོས་པའི་རྒན་རབས་ཤིག་ཏུ་རྩི་བཞིན་ཡོད། 
        ཕྱི་ཚུལ་ནས་བལྟས་ཚེ། ཁོང་གི་ཉིན་རེའི་འཚོ་བ་ནི་སྨན་པ་གཞན་དག་དང་མི་འདྲ་ས་ཆེན་པོ་མེད་དེ། ལས་ཚོགས་སུ་ཞུགས་མ་ཐག་ནས་བཟུང་ནད་ལ་བརྟག་པ་དང་སྨན་ཡིག་འབྲི་བའམ་ཡང་ན་མེ་བཙའ་འཇོག་པ་སོགས་ལས་ཀར་བྲེལ་བ་དང་། ལས་ཚོགས་གྲོལ་རྗེས་ཕྱིར་རང་ཁྱིམ་དུ་ལོག་འགྲོ་བ་རེད་མོད། དོན་དངོས་སུ་ཁོང་དང་སྨན་པ་གཞན་དག་གི་བར་དུ་མི་འདྲ་ས་ཆེན་པོ་ཡོད་དེ། ཁོང་ལ་ཁྱིམ་ཐབ་དང་བུ་ཕྲུག་མེད་པས་སེམས་ཁྲལ་བྱེད་དགོས་པའི་དོན་དག་ཤིན་ཏུ་ཉུང་ལ། འབྱོར་བ་ལོངས་སྤྱོད་ལ་མི་མོས་ཕྱིར་ཟང་ཟིང་གི་ནོར་སོགས་བསྒྲུབ་པའི་དགོས་པའང་ཅི་ཡང་མེད། ནད་པ་རྣམས་ཀྱི་ནད་གཞི་ལ་བརྟག་བཅོས་བྱ་རྒྱུ་ལས་གཞན་སེམས་སུ་དྲན་རྒྱུ་མེད་པས། ཁོང་གི་དུས་རྒྱུན་གྱི་འཚོ་བ་ནི་ཆུ་རྐྱང་དཀར་ཡོལ་གང་དང་མཚུངས་པར་ཧ་ཅང་སྤྱིར་བཏང་དུ་སྣང་། 
གཅིག 
        བཟོད་པ་ལགས་རང་ལོ་བདུན་ལ་སོན་དུས། ཨ་ཕས་ཁོ་རང་གསེར་ལག་དགོན་པར་བསྐྱལ་ནས་གྲྭ་སར་ཞུགས་པ་རེད། སྐབས་དེའི་བོད་ཁུལ་དུ་བུ་ཕྲུག་མང་བའི་དུད་ཁྱིམ་ཞིག་ཡིན་ཚེ། བུ་གཅིག་དགོན་པར་བསྐྱལ་ནས་རབ་བྱུང་བསྒྲུབ་ཏུ་འཇུག་པ་ནི་ཡོངས་ཁྱབ་ཀྱི་དཔེ་སྲོལ་ལྟ་བུར་གྱུར་ཡོད་ཅིང་། དེ་ནི་གཟི་བརྗིད་ཅིག་ཀྱང་ཡིན་པ་རེད། 
        ཁོང་ཉིད་གསེར་ལག་དགོན་པ་ནས་འཕྲད་པའི་དགེ་རྒན་ཐོག་མ་དེའི་མིང་ལ་བསམ་གཏན་ཟེར་ཞིང་། དགེ་རྒན་གྱིས་ཁོང་ལ་བོད་ཡིག་སྦྱོར་ཀློག་འབྲི་གསུམ་ཁྲིད་པ་ལས་གཞན། གཤིས་རྒྱུད་བཟང་པོ་དང་དུས་རྒྱུན་གྱི་འགྲོ་ལུགས་འདུག་སྟངས་ཡག་པོ་ཆགས་རྒྱུའི་ཕྱོགས་སུ་ཐུགས་འཁུར་ཆེན་པོ་གནང་བ་སྟེ། དཔེར་ན། མི་གཞན་དང་ཁ་བརྡ་བྱེད་སྐབས་གུས་ལུགས་ཡོད་དགོས་པ། འགྲོ་འདུག་འཆག་ཉལ་ཀུན་དང་མཐུན་དགོས་པ། བཟའ་བཏུང་སྤྱོད་གསུམ་ཚུལ་དང་ལྡན་དགོས་པ། འབྲུ་རྡོག་རེ་དང་མར་ཆུར་རྩམ་གསུམ་ཏིལ་ཙམ་ཡང་ཆུད་ཟས་སུ་གཏང་མི་ཉན་པ་སོགས་དགེ་རྒན་གྱིས་བསླབ་བྱ་ཞིབ་ཏུ་གནང་ཞིང་རང་ངོས་ནས་མིག་དཔེ་ཡག་པོ་བསྟན་པ་དེས། བཟོད་པ་ལགས་ཀྱི་མི་ཚེ་གང་བོའི་བསམ་སྤྱོད་ཐད་དུ་བག་ཆགས་ཟབ་མོ་བཞག་པ་མ་ཟད། ད་དུང་ཁོང་གི་རིན་ཐང་ལྟ་བའི་ཕྱོགས་ལའང་ཤུགས་རྐྱེན་ལེགས་པོ་ཐེབས། 
        བཟོད་པ་ལགས་བོད་ཀྱི་གསོ་བ་རིག་པའི་སྒོར་འཇུག་མཁན་ནི་བློ་བཟང་ཡར་འཕེལ་ཟེར་བ་ཞིག་ཡིན་ཏེ། ཁོང་ནི་ས་དེ་གའི་སྨན་པ་གྲགས་ཅན་ཞིག་རེད། སྨན་པ་བློ་བཟང་ཡར་འཕེལ་ལགས་དགེ་རྒན་དུ་བསྟེན་མཁན་ན་གཞོན་སློབ་ཕྲུག་ཧ་ཅང་མང་ནའང་། བློ་བཟང་ཡར་འཕེལ་ལགས་ཀྱིས་བཟོད་པ་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་ཞིང་བརྩོན་འགྲུས་ཆེ་བ་མཐོང་། ཁོང་གིས་སློབ་ཁྲིད་ཀྱི་སྐབས་སུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཉན་པར་མ་ཟད། མི་ཤེས་པ་དང་དོགས་པ་ཡོད་པའི་དཀའ་གནད་དགེ་རྒན་ལ་འདྲི་རྒྱུར་དགའ་བ་དང་། ནད་པའི་རྩ་བརྟག་སྐབས་ཀྱང་ཧ་ཅང་གཟབ་ནན་ཡིན་པ་དང་སེམས་ཤིན་ཏུ་ཞིབ་ལ། གསོ་རིག་རྒྱུད་བཞི་བློར་འཛིན་དུས་སྡུག་རུས་ཆེས་ཆེ་བ་དེ་ཁོང་ཡིན་ལ། ཡིད་འཛིན་ཡང་གཞན་ལས་ཁྱད་དུ་འཕགས། 
        དེ་ནས་ཉིན་ཞིག་ལ། དགུང་ལོ་བགྲེས་པའི་དགེ་རྒན་བློ་བཟང་ཡར་འཕེལ་ལགས་ཀྱིས་བཟོད་པ་ཁོང་གི་ཤག་ཏུ་བོས་ནས། བོད་ཀྱི་གསོ་བ་རིག་པ་རྒྱུད་འཛིན་བྱེད་པའི་ལུགས་སྲོལ་ལྟར། ཁོང་ལ་དབང་ལུང་ཐམས་ཅད་གནང་ཞིང་རང་གི་འཁར་བའང་སྤྲད་དེ། གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཐད་མུ་མཐུད་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སྨན་པ་བཟང་པོ་ཞིག་ཏུ་འགྱུར་དགོས་པའི་སློབ་གསོ་དང་སྐུལ་ལྕག་གནང་བས། བཟོད་པས་དགེ་རྒན་དམ་པས་ཁོ་རང་སྨན་གྱི་རྒྱུད་འཛིན་པར་བདམས་པ་རྟོགས་ནས། རང་སེམས་ནས་མི་ཚེ་འདིར་ངེས་པར་དུ་དགེ་རྒན་བཀའ་དྲིན་ཅན་ཁོང་གི་རེ་བ་སྟོང་ཟད་དུ་མི་གཏང་བར་ཉམ་ཐག་སེམས་ཅན་ལ་ཕན་བདེ་བསྐྲུན་ཅི་ཐུབ་བྱ་རྒྱུའི་དམ་བཅས་པ་རེད། 
        དགེ་རྒན་བློ་བཟང་ཡར་འཕེལ་ལགས་སྐུ་གཤེགས་རྗེས། བཟོད་པ་ལགས་ཀྱིས་ར་རྒྱ་དགོན་པའི་སྨན་པ་གྲགས་ཅན་ཕུན་ཚོགས་བསྟན་དར་ལགས་དགེ་རྒན་དུ་བསྟེན་ནས། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་སྨན་སྦྱོར་དང་ནད་བརྟག་ཐབས་སོགས་ལ་སྦྱོང་བ་དཔྱིས་ཕྱིན་པ་གནང་། རང་ལོ་སུམ་ཅུར་སོན་པ་ན། བཟོད་པ་ལགས་ནི་གཞན་གྱིས་རོགས་རམ་མམ་མཛུབ་སྟོན་བྱ་མི་དགོས་པར་རང་གཅིག་པུས་ནད་བརྟག་ཐུབ་པར་གྱུར། འབའ་རྫོང་ལྟ་བུའི་སྨན་པ་དཀོན་ཞིང་སྨན་རྫས་ཉུང་བའི་རྒྱང་རིང་འབྲོག་ཕྱོགས་སུ་མཚོན་ན། ལས་གནས་སུ་ཞུགས་མ་ཐག་པའི་ན་གཞོན་བོད་ལུགས་སྨན་པ་ཞིག་ཡིན་ཚེ། རང་གི་ཕྲག་ཏུ་བབས་པའི་འགན་འཁྲི་ཤིན་ཏུ་ལྕི་བ་དུས་ནམ་ཡང་ཤེས་ཀྱིན་ཡོད་པ་རེད། ཁྱོད་རང་སྨན་པ་ཟེར་བ་དེ་ཡིན་ཚེ། འབྲོག་པ་རྣམས་ནི་ནད་ཀྱི་ལྕི་ཡང་ལ་མི་བལྟ་བར་ནམ་ཡང་ཁྱོད་བསྙེགས་ནས་ཡོང་སྲིད། ཁོ་ཚོའི་སེམས་སུ་ཁྱོད་ནི་ནད་རིགས་ཐམས་ཅད་འཇོམས་མཁན་སྨན་གྱི་ལྷ་ལྟ་བུར་གྱུར་ཡོད་པ་རེད། སྐབས་རེར་ངོས་ཟིན་དཀའ་བའི་ནད་གཞི་ལ་འཕྲད་དུས་གདེང་ཚོད་མི་རྙེད་པས་བློ་ཕམ་ནའང་། ཁོང་ནི་ནད་པ་དང་དེའི་ནང་མི་ཚོའི་རེ་བས་ཁེངས་ཤིང་ཡིད་གཏད་པའི་མིག་མདངས་ལས་གཡོལ་ཐབས་བྲལ། རྐ་ཆུང་མཉམ་ལས་སྨན་བཅོས་ས་ཚིགས་ཐོག་མར་བཙུགས་པ་ན། ཁོང་ནི་དེ་གའི་སྲོག་སྙིང་ལྟ་བུར་གྱུར་ཅིང་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་སྨན་བཅོས་ས་ཚིགས་སུ་བསྡད་ནས། ཉིན་མཚན་དབྱེར་མེད་དུ་ནད་པ་སུ་བསླེབས་ཀྱང་བརྟག་བཅོས་བྱེད་མཁན་དེ་ཁོང་གཅིག་པུ་ཡིན། 
        མཚོ་སྔོན་གྱི་འབྲོག་ཕྱོགས་སུ་སྨན་པ་དཀོན་ལ་སྨན་རྫས་ཀྱང་ཉུང་བས། རྟ་ལ་ཞོན་ནས་སྡེ་བ་སོ་སོར་སྨན་བཅོས་བྱེད་དུ་འགྲོ་རྒྱུ་ནི་སྨན་པས་ངེས་པར་དུ་བསྒྲུབ་དགོས་པའི་འོས་འགན་ཡིན། སྨག་མུན་ཁྲོད་དུ་ལ་གཟར་པོ་དང་ལུང་ཤུར་དོག་མོ་བརྒྱུད་དེ་བགྲོད་སྐབས། རླུང་གཡོས་ཤིང་རྩྭ་འགུལ་བས་བཞོན་རྟ་འདྲོགས་ནས་མི་སར་བརྡབ་པའི་གནས་ཚུལ་ནི་རྒྱུན་དུ་འབྱུང་གིན་ཡོད། ལོ་མང་པོ་འདས་རྗེས་སུ། ཁོང་གི་སློབ་ཕྲུག་བསམ་འགྲུབ་རྒྱལ(ད་ལྟ་འབའ་རྫོང་བོད་ལུགས་སྨན་ཁང་གི་འགོ་འཛིན་ཡིན)གྱིས་རང་གི་དགེ་རྒན་བཟོད་པ་ལགས་ཀྱི་མགོ་བོའི་གཡོན་ཟུར་དུ་སྐྲ་དཀར་པོ་མཐེ་བོང་གིས་མི་ཁེབས་ཙམ་སྐྱེས་ཡོད་པ་མཐོང་ནས་རྒྱུ་མཚན་དྲིས་པ་ན། བཟོད་པ་ལགས་ཀྱིས་དེ་ནི་ཁོ་རང་འབྲོག་སྡེ་རུ་སྨན་བཅོས་བྱེད་དུ་འགྲོ་སྐབས་རྟ་ལས་ལྷུང་སྟེ་རྨས་ཕོག་པའི་རྐྱེན་གྱིས་ཡིན་ཟེར། ཁོང་གིས་བཤད་ན། ཐེངས་དེར་ཁོའི་མགོ་བོ་བྲག་རྡོ་ཞིག་ལ་བརྡབ་ནས་རུས་པར་རྨས་སྐྱོན་ཤོར་ཞིང་། དྲག་སྐྱེད་བྱུང་རྗེས་རྨ་ཤུལ་དུ་སྐྲ་དཀར་པོ་སྐྱེས་པ་རེད་ཅེས་ཟེར། བཟོད་པ་ལགས་ལ་མཚོན་ན། འདི་ནི་གླེང་རིན་མེད་པའི་དོན་དག་ཕྲན་བུ་ཞིག་ཡིན་ཏེ། གཞན་གྱིས་མ་དྲིས་ཚེ་ཁོང་རང་ཉིད་ཀྱིས་ཀུན་ལ་བསྒྲག་མི་སྲིད་དོ། །
        དབྱར་ཀའི་ཉིན་ཞིག་གི་ས་སྲོད་དུས་སུ། འབྲོག་པ་ཞིག་ཐལ་བ་འཚུབ་འཚུབ་ཀྱིས་རྐ་ཆུང་མཉས་ལས་སྨན་བཅོས་ས་ཚིགས་སུ་ཡོང་ནས། ཁོ་ཚང་གི་ནང་མི་ཞིག་གློ་བུར་དུ་ན་བྱུང་བས། སྨན་པ་ཁྱེད་རང་སྨན་བཅོས་བྱེད་དུ་ཕེབས་རོགས་ཟེར་བས། བཟོད་པས་ཀ་ཀོར་མ་བྱས་པར་ཆིབས་རྟ་ལ་ཞོན་ཏེ་འབྲོག་པ་དེའི་ལྷན་དུ་སོང་། སྤྱི་ལེ་སུམ་ཅུ་ལྷག་ལ་བསྐྱོད་དེ་ཁོ་ཚང་གི་ཁྱིམ་དུ་བསླེབས་དུས་མུན་ཡོངས་སུ་རུབ་འདུག རྩ་བརྟག་པ་དང་ཁབ་བཙའ་འཇོག་པ་སོགས་ལ་བརྟེན་ནས་ནད་པ་རིམ་གྱིས་ཇེ་བདེར་སོང་། ཁོང་གིས་ཡུད་ཙམ་ལ་ལྟ་དཔྱད་བྱས་ཏེ་སྐྱོན་མེད་པ་མཐོང་བས་ནད་པའི་ནང་མི་ཚོར་ཞལ་གདམས་ནན་ཏན་བྱས་ཤིང་ཕྱིར་སྨན་བཅོས་ས་ཚིགས་སུ་ལོག་རྩིས་བྱས་པ་ན། ཁྱིམ་བདག་ནས་ལྷག་བསམ་རྣམ་དག་གིས་ན་རེ། ཨ་ཁུ་བཟོད་པ་ལགས། ཁྱེད་ཀྱིས་ངའི་ཁ་ལ་ཉན་རོགས། ད་ནི་མཚན་གུང་དུ་བསླེབས་འདུག་པ་དང་། ལམ་ཐག་ཀྱང་ཤིན་ཏུ་རིང་བས། གལ་སྲིད། དོ་ནུབ་ཁྱེད་རང་ངེས་པར་དུ་ངེད་ཚང་ནས་ཞག་འདུག་གནང་དགོས་ཞེས་ཞུ་བ་བྱས། བཟོད་པས་ཚམ་ཚོམ་ཡུད་ཙམ་བྱས་མཐར་གཞི་ནས་ཕྱིར་ལོག་རྒྱུའི་བློ་ཐག་བཅད་སོང་། རྒྱུ་མཚན་ནི་གལ་ཏེ་མི་གཞན་ཞིག་ལའང་གློ་བུར་དུ་ན་ཚ་བྱུང་ནས་རྐ་ཆུང་སྨན་བཅོས་ས་ཚིགས་སུ་བསྐྱལ་ཡོང་ཞིང་། དེ་རུ་སྨན་པའི་རྐང་རྗེས་ཙམ་ཡང་མེད་ཚེ་མཇུག་འབྲས་ཇི་ལྟ་བུ་ཞིག་འབྱུང་མིན་མི་ཤེས་པས་སོ། །
        འབྲོག་ཁྱིམ་དེ་དང་གྱེས་ཏེ་ཁོང་མི་རྟ་གཉིས་ཀ་ལམ་དུ་ཆས། དེ་ནི་ནམ་མཁའ་རུ་ཟླ་བ་མེད་པའི་མཚན་མོ་ཞིག་ཡིན་པས། མུན་ནག་འཐིབས་པའི་རི་ལུང་དུ་རྟའི་རྨིག་སྒྲ་མ་གཏོགས་ཁོང་གི་རྣ་ལམ་དུ་གྲགས་ཡོང་རྒྱུ་ཅི་ཡང་མ་བྱུང་། མདུན་ཕྱོགས་ཀྱི་རྩི་ཤིང་གི་གསེབ་ནས་ཝ་མོ་ཞིག་འཕྲེད་དུ་བྲོས་པས་ཆིབས་རྟ་དེ་ལ་འདྲོགས་པ་དང་། བྱ་འུག་པའི་སྐད་ཀྱིས་སྐྱི་གཡའ་བའི་ཚོར་བ་སྟེར། ཉག་ག་ཞིག་བརྒལ་དུས་སྨག་ཇེ་ནག་ཏུ་སོང་ཞིང་མདུན་གྱི་ལམ་ཕྲན་དེའང་མི་གསལ་བར་གྱུར་བས། ཆིབས་རྟ་སོམ་ཉིར་ཚུད་དེ་གོམ་པ་གང་དུ་སྤོ་དགོས་པ་ཤིས་ཀྱིན་མེད་པ་འདྲ། གློ་བུར་དུ་ཆིབས་རྟས་རྣ་བ་ཀྲོང་ཀྲོང་བྱས་ཤིང་སྣ་ཕུ་བརྒྱབ་བྱུང་། བཟོད་པས་ཁ་ཕྱི་འཁོར་ནས་ལྟ་དུས། མུན་པའི་ཁྲོད་དུ་འོད་ལྗང་སེར་འཕྲོ་བའི་མིག་ཟུང་དང་བོངས་ཚད་ཆེ་བའི་ལུས་པོ་ཞིག་མཐོང་ལམ་དུ་མངོན་བྱུང་སྟེ། གཡོ་སྒྱུ་ཅན་གྱི་སྤྱང་ཀི་ཞིག་གོ་མེད་ཚོར་མེད་ངང་ཆིབས་རྟའི་རྗེས་འབྲངས་ཤིང་ཁོང་ལ་འཇབ་རྒོལ་བྱེད་གྲབས་འདུག
        བཟོད་པ་ལགས་ཀྱིས་རྟ་ཁ་བསྒྱུར་ནས་སྤྱང་ཀིའི་མདུན་དུ་འགྲེངས་ཤིང་སྤོབས་པ་ཆེ་རུ་བསྐྱེད་དེ་སྐད་གསང་མཐོན་པོས་ཀི་ཞིག་བཏབ་པ་ན། སྤྱང་ཀིས་འགྲོ་མཚམས་བཞག་ཅིང་སྐྲག་སྣང་ཅི་ཡང་མེད་པར་ཙོག་པུར་བསྡད་བྱུང་། 
        ད་ནི་ལན་ཆགས་ལ་འཕྲད་སོང་། བཟོད་པས་འབྲོག་པ་དེ་ཚང་གི་ཁ་བླངས་ནས་ཞག་འདུག་མ་བྱས་པར་བློ་འགྱོད་སྐྱེས། ཁོང་གིས་མཐུར་མདའ་གཡུག་ཞོར་དུ་མདུན་ཕྱོགས་སུ་མྱུར་མོར་བསྐྱོད་མོད། སྤྱང་ཀི་ད་དུང་རྗེས་སུ་དེད་འདུག འདི་ནི་སྤྱང་ལྟོགས་ཤིག་ཡིན་པ་ཐག་གིས་ཆོད་དེ། དམིགས་ཡུལ་མ་འགྲུབ་བར་དུ་རང་དགར་སྡོད་མི་སྲིད་པ་ཤེས། 
        བཟོད་པ་ལགས་ཀྱིས་རང་སེམས་ལྷོད་དུ་ཕབ་ནས་བསམ་བློ་གཏོང་སྐབས། ཁོས་སྔོན་ཆད་འབྲོག་པ་ཚོའི་ངག་ལས་སྤྱང་ཀི་ནི་དོགས་པ་རྒོད་པའི་སྲོག་ཆགས་ཤིག་ཡིན་པ་དང་ཐ་གུ་མཐོང་དུས་དྲ་རྙི་ཡིན་པར་སེམས་ནས་ཉེ་སར་བཅར་མི་ཕོད་ཅེས་ཐེངས་གང་མང་བརྗོད་པ་དྲན་བྱུང་བས། དེ་མུར་རྒྱབ་ཀྱི་སྨན་སྒམ་པང་དུ་བླངས་ཤིང་། རང་གི་ལྭ་བའི་སྐ་རགས་གྲོལ་ནས་སྨན་སྒམ་གྱི་ཁུར་ལུང་དང་སྦྲེལ་ཞིང་རྟའི་རྗེས་སུ་སར་དྲུད་དེ་དལ་གྱིས་སོང་བ་ན། ཐབས་དེ་གྲོགས་སུ་གྱུར་ནས་སྤྱང་ཀིས་དོགས་ཤིང་སྐྲག་པའི་རྣམ་འགྱུར་སྟོན་བཞིན་དུ་སྨན་སྒམ་དང་སྐ་རགས་ལ་ལྟ་ཞོར་རྒྱང་ནས་མུ་མཐུད་དུ་རྗེས་འདེད་གཏོང་གིན་མཆིས། ཉེ་སར་བཅར་མི་ཕོད་ནའང་བར་ཐག་ངེས་ཅན་ཕྱེ་ནས་ད་དུང་མི་རྟ་གཉིས་ཀྱི་རྗེས་བསྙེགས་ནས་ཡོང་། 
        ནམ་མ་གསལ་གོང་གི་མཚན་མོའི་མུན་པ་ནི་སྔར་ལས་ཀྱང་སྟུག་པོ་ཡིན་པར་སྣང་། སྐབས་དེར་མདུན་ཕྱོགས་ནས་གློ་བུར་དུ་འབྲོག་ཁྱིའི་ཟུག་སྐད་རྣ་ལམ་དུ་གྲགས་ཡོང་བས། གནས་འདི་དང་མི་རིང་བའི་ས་རུ་འབྲོག་ཁྱིམ་ཞིག་ཡོད་པ་ཐག་གིས་ཆོད། སྤྱང་ཀི་དེས་རྗེས་འདེད་མཚམས་བཞག་ཅིང་ཁོང་ཁྲོ་ལངས་ཞོར་དུ་བཟོད་པ་མི་རྟ་གཉིས་བསྐྱུར་ནས་བུད་སོང་། 
གཉིས། 
        དཔལ་ལྡན་རྒྱུད་བཞི་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྨང་གཞི་ཡིན་པས། གཞུང་ལུགས་འདི་ལ་བརྟེན་ནས་གསོ་བྱེད་སྨན་གྱི་ལག་ལེན་ལ་མཛུབ་སྟོན་བྱ་ཐུབ་པའི་ཆེད་དུ། བཟོད་པ་ལགས་ཀྱིས་བརྩོན་འགྲུས་ཆེན་པོ་བསྐྱེད་དེ་བསྟན་བཅོས་འདི་ལ་སློབ་སྦྱོང་ནན་ཏན་བྱས། རིག་གནས་གསར་བརྗེ་ཆེན་པོའི་ཁྲོད་དུ། མེས་པོ་གོང་མ་དག་གི་བློ་གྲོས་རྩལ་ལས་ཐོན་པའི་བསྟན་བཅོས་གཙུག་ལག་མང་པོ་ཞིག་དུག་རྩྭ་རེད་ཟེར་ནས་བརླག་པ་དང་། དཔལ་ལྡན་རྒྱུད་བཞིའི་དཔེ་ཆའང་གོད་ཆག་དེ་ལས་གཡོལ་མ་ཐུབ། ལོ་བཅུའི་ཟིང་ཆ་མཇུག་རྫོགས་དུས། འབའ་རྫོང་ས་ཁུལ་དུ་བོད་སྨན་ཤེས་པའི་སྨན་པ་ཧ་ཅང་ཉུང་། དོན་དངོས་ཀྱི་གནས་ཚུལ་དང་དགོས་མཁོ་ལ་དམིགས་ནས་རྫོང་འཕྲོད་བསྟེན་སྡེ་ཁག་གིས་རྐ་ཆུང་མཉས་ལས་སྨན་བཅོས་ས་ཚིགས་སུ་རྫོང་ཡོངས་ཀྱི་བོད་ལུགས་སྨན་པའི་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབ་རྒྱུའི་འཆར་བཀོད་འཐེན་མོད། དཀའ་ཁག་ཅིག་ལ་འཕྲད་བྱུང་བ་ནི་བསླབ་གཞིའི་དཔེ་ཆ་མེད་པ་དེ་རེད། ཕྱོགས་ཡར་མར་ལ་རྩད་བཅད་ཀྱང་དཔལ་ལྡན་རྒྱུད་བཞིའི་དཔེ་ཆ་མ་རྙེད་པས། བཟོད་པ་ལགས་ཀྱིས་སྔོན་ཆད་རང་གིས་བློར་བཟུང་མྱོང་བའི་དྲན་པ་ལ་བརྟེན་ནས་རྒྱུད་བཞི་ལས་རྩ་བའི་རྒྱུད་མགོ་ནས་མཇུག་བར་དུ་ཡི་གེར་ཕབ་ཅིང་སྣུམ་པར་བཏབ་ནས་དཔེ་དེབ་བཟོས་པ་དང་། སློབ་གཉེར་བ་ཡོངས་ལ་བཀྲམ་ནས་ཁོང་གིས་འགྲེལ་བཤད་གནང་བ་རེད། ལོ་དུ་མའི་རྗེས་སུ། དཔལ་ལྡན་རྒྱུད་བཞིའི་དཔེ་ཆ་དེ་པར་དུ་བསྐྲུན་པས། ཡུལ་མི་ལ་ལས་དཔེ་ཆ་བླུས་ཤིང་སྔོན་ཆད་བཟོད་པ་ལགས་ཀྱིས་སྣུམ་པར་བཏབ་པ་དེ་དང་ཞིབ་བསྡུར་བྱས་པ་ན། ཆད་ལྷག་དང་ནོར་འཆུག་ཡིག་འབྲུ་གཅིག་ཀྱང་མེད་པ་མཐོང་། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་ཅུའི་ནང་དུ། ཁོང་ནི་རྒྱལ་ནང་གི་བོད་ཀྱི་གསོ་བ་རིག་པའི་མཁས་པ་སྐད་གྲགས་ཅན་ཞིག་ཡིན་པའི་ཆ་ནས་ཉི་ཧོང་རྒྱལ་ཁབ་ལ་ཕེབས་ཏེ་ཟླ་གསུམ་གྱི་རིང་ལ་འཚམ་འདྲི་དང་སློབ་སྦྱོང་དང་རིག་གནས་སྤེལ་རེས་ཀྱི་ལས་ཀ་བསྒྲུབས། དེའི་སྐབས་སུ། འབྲེལ་ཡོད་སྡེ་ཁག་གིས་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་པ་དང་། ཚོགས་འདུར་ཞུགས་པའི་མཁས་པ་ཞིག་གིས་རིག་གཞུང་སྙན་ཞུ་འབུལ་སྐབས་དཔལ་ལྡན་རྒྱུད་བཞིའི་ནང་དོན་འགའ་ལུང་དྲངས་ཤིང། དེའི་ཁྲོད་ཀྱི་ཤོ་ལོ་ཀ་ཞིག་ཡིད་ལ་མ་དྲན་པས། བཟོད་པ་ལགས་ཡར་ལངས་ཏེ་བློར་བཏོན་ནས་ཁ་གསབ་བྱས། ཚོགས་འདུ་གྲོལ་རྗེས་སྙན་ཞུ་འབུལ་མཁན་དེས་དཔལ་ལྡན་རྒྱུད་བཞིའི་དཔེ་ཆ་བཙལ་ནས་བཟོད་པ་ལགས་ཀྱིས་བློར་བཏོན་པའི་ཤོ་ལོ་ཀ་དང་བསྡུར་བ་ན། ནོར་འཆུག་སྤུ་ཙམ་ཡང་མེད་པ་མཐོང་བས་ཧ་ལས་ཏེ་བཤད་རྒྱུར། ལོ་ཚོད་འདིར་བསླེབས་ཀྱང་དཔལ་ལྡན་རྒྱུད་བཞི་བློར་འདོན་ཐུབ་པ་ནི་ཡ་མཚན་ཆེ་ཞེས་སྨྲས་སོ། །
        སྨན་པ་ཕུལ་དུ་བྱུང་བ་ཞིག་ཡིན་ཚེ། གོང་མ་གོང་མའི་གྲུབ་འབྲས་རྣམས་ཇི་མ་ཇི་བཞིན་དུ་ཚུར་བླངས་ཏེ་རང་གིས་བེད་སྤྱོད་གཏོང་རྒྱུ་ཙམ་མ་ཡིན་པར། གང་དེའི་ཉིང་བཅུད་ཚུར་བསྡུས་ཤིང་བབ་བསྟུན་འགྱུར་བཅོས་གཏང་རྒྱུ་ཤིན་ཏུ་གལ་ཆེ། འབའ་རྫོང་ནི་མཆིན་ནད་ལྡེབ་བུ་ཕོག་ཚད་མཐོ་བའི་ས་ཁུལ་དུ་གཏོགས་ཏེ། མཚམས་ཤིག་ལ་མཆིན་ནད་ལྡེམ་བུ་ཕོག་པའི་ནད་པས་སྒོ་བསྟེན་སྨན་བཅོས་ཁང་དུ་སྨན་བཅོས་བྱེད་པའི་ནད་པའི་བརྒྱ་ཆའི་བདུན་ཅུ་ཙམ་ཟིན་པ་རེད། བཟོད་པ་ལགས་ཀྱིས་མཆིན་ནད་ལྡེམ་བུ་ལ་ནུབ་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས་དང་སྨན་རྫས་བཀོལ་སྟངས་དེ་ནད་པ་སུ་ལའང་ཕལ་ཆེར་གཅིག་འདྲ་ཡིན་པ་དང་། སྨན་བསྟེན་ཡུན་རིང་ཞིང་ཕན་ནུས་མྱུར་དུ་མི་ཐོན་པའི་ཁར། ནད་པ་ཚོར་དངུལ་གྱི་འགྲོ་སྒོའང་ཇེ་མང་དུ་སོང་ཡོད་པ་དང་། ནུབ་ལུགས་ཀྱི་སྨན་རྫས་བསྟེན་ཡུན་རིང་ཚེ་ཞོར་སྐྱོན་ཡང་ངེས་ཅན་འབྱུང་གིན་ཡོད་པ་སོགས་ཀྱི་གནས་ཚུལ་དེ་དག་རྟོགས་ཡོད་ཕྱིར། ནད་ཐོག་ཉམས་མྱོང་སྣ་ཚོགས་འཛོམས་པའི་ཁོང་ལ་མཚོན་ན། ནད་པ་སོ་སོར་ཁྱད་པར་མི་དབྱེ་བར་སྨན་སྟེར་རྐྱང་བྱས་ཚེ། སྨན་སྦྱོར་ཅི་འདྲའི་ལེགས་ཀྱང་ཕན་འབྲས་ཆེན་པོ་འབྱུང་མི་ཐུབ་པ་གསལ་བོར་ཤེས་པས། མཆིན་ནད་ལྡེམ་བུ་ཕོག་པའི་ནད་པར་བརྟག་བཅོས་བྱེད་སྐབས། ཁོང་གིས་དཔལ་ལྡན་རྒྱུད་བཞི་ལས་འབྲེལ་ཡོད་གྱི་སྨན་སྦྱོར་ཚད་གཞིར་བཟུང་ཐོག ནད་པ་རེ་རེའི་ལས་རིགས་དང་ཕོ་མོ་དང་ལོ་ཚོད་དང་ལུས་སྟོབས་སོགས་ཀྱི་ཁྱད་པར་ལ་གཞིགས་ནས། སེམས་རྣལ་དུ་ཕབ་ཅིང་བསམ་བློ་ཡང་ཡང་བཏང་མཐར། གནའ་བོའི་སྨན་ཡིག་གཞིར་བྱས་ཏེ་སྨན་སྣའི་མང་ཉུང་སོགས་བསྐྱར་དུ་སྦྱར་ནས། གང་ལ་གང་འཚམ་གྱི་སྨན་ཡིག་བྲིས་ནས་གསོ་བཅོས་བྱས་པས་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཁོང་གི་མདུན་དུ་བརྟག་བཅོས་བྱེད་དུ་ཡོང་མཁན་ནད་པ་ཇེ་མང་ནས་ཇེ་མང་དུ་སོང་། 
        སྤྱི་ལོ༡༩༧༦ལོར། མིང་ལ་བུན་ཆང་ཟེར་བའི་རྒན་མོ་ཞིག་ལ་མཆིན་པ་ཧལ་སྐེམ་མམ་མཆིན་པ་སྲ་འགྱུར་གྱི་ནད་བྱུང་ཞིང་ད་ནི་མཐའ་དུས་སུ་བསླེབས་ཤིང་། དབུགས་ཀྱི་རྒྱུ་བ་ཆད་ལ་ཁད་དུ་གནས། རྫོང་མི་དམངས་སྨན་ཁང་གིས་བཅོས་ཐབས་གཞན་མ་རྙེད་པས་མོའི་ནང་མི་རྣམས་ལ་ད་ནི་ནད་པར་སྨན་བཅོས་ཀྱིས་ཕན་མི་ཐོགས་པས་ཕྱིར་རང་ཁྱིམ་དུ་ལོག་ནས་གཤིན་དགེ་བསྒྲུབ་པར་གྲ་སྒྲིག་བྱས་ན་འོས་ཞེས་ཁ་ཏ་སྐུལ་ལྕག་གནང་། འོན་ཀྱང་ནད་པ་རྒན་མོས་ད་རུང་གསོན་ཐབས་ཀྱི་རེ་བ་ཆེན་པོ་བཅངས་ནས། ནང་མི་རྣམས་ལ་ང་རང་རྐ་ཆུང་སྨན་བཅོས་ས་ཚིགས་སུ་སྐྱོལ་ཟེར། བཟོད་པ་ལགས་ཀྱིས་ནད་པ་རྒན་མོ་དེ་མཐོང་སྐབས། མོའི་གསུས་པ་སྐྲངས་ནས་རྫ་མ་ཆེན་པོ་ཞིག་དང་མཚུངས་ལ། ལུས་དང་ཡན་ལག་བསྐམས་ཤིང་སྐྱི་མོ་རུས་པར་འབྱར་ནས་འཆི་ལ་ཁད་དུ་འདུག་པས། ཁོང་གིས་ནད་པ་རྒན་མོའི་སེམས་གསོ་ཞོར་དུ་རྩ་བརྟག་པ་དང་སྨན་བསྡེབས་ཤིང་མེ་བཙའ་བཞག སྨན་བཅོས་བྱས་ནས་ཉིན་གཉིས་སོང་ཡང་མོའི་ནད་བབ་ལ་འགྱུར་ལྡོག་མངོན་གསལ་མ་བྱུང་བས། བཟོད་པ་ལགས་ཀྱིས་མེ་བཙའ་ཇེ་ཆེར་བཏང་ཞིང་སྨན་སྦྱོར་བསྐྱར་དུ་བསྒྲིགས། ཉིན་གསུམ་པ་ནས་བཟུང་སྟེ་ནད་པའི་ཁོག་པ་བཤལ་བ་དང་། བཤང་ལམ་ནས་དོར་བའི་ཟས་སྙིགས་ཀྱི་དྲི་ངན་ཁང་བའི་ནང་ཧྲིལ་བོར་འཐུལ་བས་དབུགས་གཏོང་ལེན་དཀའ་བའི་ཚད་དུ་བསླེབས་མོད། བཟོད་པ་ལགས་ནི་སྣོམ་བྱེད་ཀྱི་དབང་བོ་ཉམས་པ་ཇི་བཞིན་རྒན་མོ་བུན་ཆང་གི་ནད་ཁྲིའི་གཡས་གཡོན་ནས་སྣང་མེད་དུ་འགྲོ་སྡོད་བྱེད་པ་དང་། དུས་ཚོད་ལ་ངེས་པ་མེད་པར་མེ་བཙའ་གཅིག་རྗེས་གཅིག་མཐུད་དུ་འཇོག་པ་དང་། ད་དུང་ཁོ་མོར་བྱམས་བརྩེ་ལྡན་པའི་ངང་ནས། ཚ་ཨེ་བྱུང་ངམ། ཁྱོད་ཀྱིས་བཟོད་བསྲན་ཐུབ་ཀྱི་འདུག་གམ་ཞེས་འདྲི་བཞིན་ཡོད་པ་རེད། ཐེངས་ཤིག་ཁོང་གིས་ཁ་ཕྱིར་འཁོར་ནས་ལྟ་དུས། རང་གི་སློབ་ཕྲུག་མཁའ་འབུམ་རྒྱལ་གྱིས་ལྭ་བའི་གོང་བ་ཡིས་རང་གི་སྣ་ཁུང་བཀབ་ནས་འདུག་པ་མཐོང་འཕྲལ། ཁོ་ལ་སྐད་དམའ་མོས་བཤད་རྒྱུར། ཁྱོད་ནི་སྨན་པ་ཞིག་ཡིན་པའི་ཆ་ནས་རང་གི་བྱ་སྤྱོད་འདིས་ནད་པའི་སེམས་སུ་ཚོར་བ་ག་འདྲ་ཞིག་སྐྱེ་སྲིད་པར་འདང་བརྒྱབ་ཨེ་མྱོང་། ཁྱོད་ཀྱིས་འདི་ལྟར་བྱས་ན་ཁོ་མོ་སྡུག་ལ་གཏད་པ་མ་རེད་དམ། སྨན་པའི་ལས་ཀར་འཇུག་ན། ནམ་རྒྱུན་དྲི་ངན་དང་རྣག་ཁྲག་སོགས་མི་གཙང་བའི་རིགས་ལ་གདོང་གཏད་ཐུབ་དགོས་པ་རེད། སྨན་པའི་ཡོན་ཏན་ཇི་ལྟར་བསྐྱང་དགོས་ཞེ་ན། དཔལ་ལྡན་རྒྱུད་བཞི་ཞིབ་ཏུ་ཀློགས་དང་ཤེས་ཐུབ་ཅེས་བཀའ་སློབ་གནང་། གོང་གི་སྐད་ཆ་དེས་སློབ་ཕྲུག་མཁའ་འབུམ་རྒྱལ་གྱི་སེམས་རབ་ཏུ་བསྒུལ་བས། ལོ་ངོ་མང་པོ་འདས་ནས་དོན་དག་འདི་སླར་ཡང་གླེང་སྐབས། ད་ལྟ་རྫོང་བོད་ལུགས་སྨན་ཁང་གི་རྐང་འཛིན་སྨན་པར་གྱུར་བའི་མཁའ་འབུམ་རྒྱལ་གྱིས་བཤད་དོན། ངའི་དགེ་རྒན་དམ་པ་ཁོང་ནི་སྨན་པ་རང་ག་བ་ཞིག་གཏན་ནས་མིན་ཞེས་ཟེར་གྱིན་འདུག   
        རྒན་མོ་བུན་ཆང་གི་གསུས་པའི་སྐྲངས་དེ་རིམ་གྱིས་ཞི་སོང་། བཟོད་པ་ལགས་ཀྱིས་ཚུལ་དེ་མཐོང་བས་ནད་པ་འདིའི་ནད་གཞི་དྲགས་སྐྱེད་ཡོང་བར་རེ་བ་ཡོད་འདུག་བསམས་ཤིང་། མུ་མཐུད་དུ་ཉིན་རེ་བཞིན་མེ་བཙའ་བཅུ་ཕྲག་ཁ་ཤས་འཇོག་གིན་ཡོད་ལ། ཁོང་གིས་ཚ་བསྲེགས་དང་ངལ་བ་ལ་མི་འཛེམ་པར་ནད་པའི་ལུས་ཀྱི་གསང་མིག་བཙལ་ཞིང་སྤྲ་བ་དྲིལ་མ་ལ་མེ་སྦར་ནས་དཔྱད་བཅོས་གནང་སྟེ་ཉིན་ཞག་བཅུ་ཕྲག་འགའ་སོང་བ་ན། ཁོང་གི་མཐེ་བོང་དང་གོང་མཛུབ་དང་དཀྱིལ་མཛུབ་གསུམ་ཀ་སྤྲ་མེ་ཡིས་བསྲེགས་ནས་སྐྱི་ཤུན་སྲ་མོ་ཆགས་འདུག་པ་རེད། རྒན་མོའི་ནད་གཞི་ཇེ་ཡང་ནས་ཇེ་ཡང་དུ་སོང་ཞིང་། ཟླ་གཉིས་ཙམ་གྱི་རྗེས་སུ་རྩ་བ་ནས་དྲགས་སྐྱེད་བྱུང་བས། ཁོ་མོས་བཟོད་པ་ལགས་ལ་བཀའ་དྲིན་ཡང་ཡང་ཞུས་ནས་ཕྱིར་རང་ཁྱིམ་དུ་ལོག་སོང་། 
        དུས་ཡུན་མང་པོ་འགོར་རྗེས་སུ་ཐོས་པའི་གཏམ་ཞིག་ནི། རྒན་མོ་བུན་ཆང་ལ་ན་ཚ་ཅི་ཡང་མེད་པར་ལུས་པོ་བདེ་ཐང་ངང་འཚོ་བ་རོལ་ནས་རང་ལོ་དགུ་བཅུར་བསླེབས་ཏེ་ཚེ་ཡི་འཕེན་པ་རྫོགས་སོང་ཟེར། 

གསུམ། 
        བོད་ཀྱི་གསོ་བ་རིག་པ་ནི་གནའ་སྔ་མོ་ནས་བཟུང་ཤིན་ཏུ་ཟབ་པའི་མན་ངག་དང་གསང་བའི་ལག་ལེན་གྱི་རིགས་དེ་རང་གི་གདུང་རྒྱུད་དང་གཉེན་ཉེ་མ་གཏོགས་གཞན་ལ་མི་སྤེལ་བ་ཞིག་ཡིན་ལ། བླ་སློབ་བར་དུ་རྒྱུད་འཛིན་བྱེད་སྐབས་ཆོ་གའང་བསྒྲུབ་རྒྱུ་ཡོད་པ་རེད། དཔལ་དང་རྔམ་བརྗིད་ལྡན་པའི་ཆོ་ག་དེ་ལས། མན་ངག་དང་ལག་ལེན་གང་ཞིག་ཐོག་མར་སྟོན་མཁན་དམ་པ་དེ་ལ་དད་གུས་བྱེད་པ་མཚོན་ཞིང་། ཤེས་རིག་ཐོན་དབང་གི་གདོད་མའི་འདུ་ཤེས་ཀྱང་མངོན་ཡོད་པ་རེད། དེ་བས། གསང་བའི་མན་ངག་དང་ལག་ལེན་ནི་སྐྱེ་བོ་ཕལ་བ་ཞིག་ལ་མཚོན་ན་དཔོག་དཀའ་ཞིང་རང་ཉིད་དང་བར་ཐག་ངེས་ཅན་ཡོད་པ་སྨྲ་མ་དགོས། 
        བཟོད་པ་ལགས་ལ་ནུ་མ་འབྲས་སྐྲན་བཅོས་ཐབས་ཀྱི་མན་ངག་ཅིག་ཡོད་པ་དང་། ཁོང་གིས་དེ་ལ་བརྟེན་ནས་ནད་པ་མི་ཉུང་བ་དྲགས་སྐྱེད་བྱུང་དུ་བཅུག་པ་རེད། གནས་ཚུལ་དེ་བོད་ལྗོངས་བོད་ལུགས་སྨན་ཁང་གི་སྐྱེས་མའི་ནད་དང་བུ་སྐྱེ་ཚན་ཁག་གི་སྨན་པ་དཔལ་ལྡན་འཕྲིན་ལས་ཀྱིས་ཐོས་ནས། བཟོད་པ་ལགས་ངོ་ཤེས་འདོད་ཀྱི་འདུན་པ་དྲག་པོ་སྐྱེས། དེ་ནས་ལོ་ཞིག་ལ་ཁོ་རང་སྟབས་འགྲིག་ནས་ལྷ་ས་རུ་བཟོད་པ་ལགས་དང་འཕྲད་ཅིང་། མན་ངག་དེ་འཐོབ་འདོད་ཀྱི་རེ་བ་ཞུས་པས། བཟོད་པ་ལགས་ནི་སོམ་ཉིའི་དྲ་བར་ཚུད། རྒྱུ་མཚན་ནི་གལ་ཏེ་མན་ངག་འདི་གཞན་ལ་སྤེལ་ཚེ་ལུགས་སྲོལ་དང་འགལ་འགྲོ་བས་ཁོང་གིས་དེ་ལ་འཛེམ་དགོས་པ་དང་། ཡང་གལ་ཏེ་མན་ངག་འདིས་བོད་ལྗོངས་བོད་ལུགས་སྨན་ཁང་དུ་ནུས་པ་ཞིག་གདོན་ཐུབ་ཚེ་དེ་ནི་སྐྱེ་བོ་ཀུན་ལ་ཕན་ཐོགས་པའི་དགེ་ལས་ཤིག་མ་རེད་དམ། འོན་ཏེ། ཡང་གཅིག་བཤད་ན་ཁོང་གིས་སྨན་བཅོས་བྱས་པའི་ནུ་མའི་འབྲས་སྐྲན་གྱི་ནད་པའང་དེ་འདྲའི་མང་པོ་མེད་ལ། མན་ངག་འདི་ནད་པ་ཡོངས་ལ་འཚམ་མིན་ད་དུང་ཁོར་ཡུག་གཞན་དུ་ཚོད་ལྟ་བྱས་ཏེ་ར་སྤྲོད་གཏང་དགོས། བསམ་བློ་ཞིབ་ཏུ་བཏང་རྗེས། ཁོང་གིས་རང་གི་མན་ངག་དེ་རིན་ཚབ་ཅི་ཡང་མི་དགོས་པར་ཕ་རོལ་པོར་གནང་སོང་བ་རེད། རྗེས་སོར་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཁོང་གི་མན་ངག་དེ་བོད་ལྗོངས་བོད་ལུགས་སྨན་ཁང་གིས་ནད་ཐོག་ལག་ལེན་བྱས་ཏེ་ཕན་འབྲས་ལེགས་པོ་ཐོབ་བོ་ཟེར། སྨན་པའི་ལས་ཀ་འདི་གཉེར་ནས་བརྒྱ་ལོའི་ཕྱེད་ཀ་འདས་པས། བཟོད་པ་ལགས་ཀྱིས་རང་གི་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ལས་ཐོབ་པའི་སྨན་ཡིག་ཐུན་མོང་མ་ཡིན་པ་བརྒྱ་དང་བརྒྱད་ཅུ་ལྷག་གསོག་ཉར་བྱས་ཡོད་པ་དང་། དེ་དག་ནི་ཁོང་གི་རིན་ཆེན་ནོར་བུའི་བང་མཛོད་ཡིན་ལ་ཁོང་གི་སེམས་ཤུགས་ཡོད་ཚད་ཀྱང་རེད། དེ་དག་གི་ཁྲོད་དུ་ཁོང་གིས་དགེ་རྒན་གྱི་མདུན་ནས་རྒྱུད་འཛིན་བྱས་པ་འདུས་ལ། ཁོང་རང་ཉིད་ཀྱིས་ལག་ལེན་དངོས་ལས་འཚོལ་ཞིབ་དང་ལེགས་བསྒྲིགས་དང་ཚོད་ལྟའི་ཁྲོད་དུ་ར་སྤྲོད་བྱུང་རྗེས་ཕྱོགས་བསྡོམས་བྱས་པའང་ཡོད་པས། ཁོང་གིས་དེ་དག་རྩ་ཆེན་ནང་གི་འགངས་ཆེན་དུ་རྩི་བཞིན་ཡོད་དོ། །
        འབའ་རྫོང་བོད་ལུགས་སྨན་ཁང་བཙུགས་རྗེས། ནད་ཐོག་སྨན་བཅོས་ལ་ཕན་པའི་སྨན་ཡིག་ཤིན་ཏུ་མཁོ་ཆེ་བས། བཟོད་པ་ལགས་ཀྱིས་རང་ཉིད་ཁོ་ནར་དབང་བའི་སྨན་ཡིག་རྩ་ཆེན་དེ་དག་གཅིག་ཀྱང་མ་ལུས་པར་སྨན་ཁང་དེར་ཕུལ་བ་མ་ཟད། རིན་ཚབ་ཅི་ཡང་བླངས་མ་སོང་། དུས་ད་ལྟའི་བར་དུ། རྫོང་བོད་ལུགས་སྨན་ཁང་གིས་སྤྱོད་ཀྱིན་པའི་སྨན་ཡིག་ལས་བརྒྱ་ཆའི་གྱ་ལྔ་ནི་བཟོད་པ་ལགས་ཀྱིས་གནང་བ་དེ་དག་ཡིན། 
བཞི། 
        འབའ་རྫོང་བོད་ལུགས་སྨན་ཁང་ནི་རྫོང་མི་དམངས་སྨན་ཁང་གི་བོད་སྨན་ཚན་ཁག་རྨང་གཞིར་བྱས་ཏེ་བཙུགས་པ་རེད་ལ། བཟོད་པ་ལགས་ནི་བོད་སྨན་ཚན་ཁག་ཐོག་མར་འཛུགས་མཁན་རྩོད་མེད་དེ་ཡིན། སྐབས་དེར། བོད་སྨན་ཚན་ཁག་ཏུ་སྨན་པ་གཅིག་ལས་མེད་ལ། ཁོང་གཅིག་པུ་ནི་བོད་སྨན་ཚན་ཁག་གི་ཡོད་ཚད་ཡིན་པ་རེད། དང་ཐོག་ཁོང་གིས་རྫོང་མི་དམངས་སྨན་ཁང་གིས་གནང་བའི་ལས་ཀའི་འགོ་སློང་མ་དངུལ་སྒོར་ཉིས་སྟོང་ཐམ་པ་དེ་ཁྱེར་ནས་སྐུ་འབུམ་དགོན་པར་སོང་ཞིང་སྨན་རྩྭའི་རིགས་ཉོས་ཡོང་སྟེ། རང་གིས་རེ་རེ་བཞིན་བརྡུངས་པ་དང་བཏགས་པ་དང་བཏུལ་བ་དང་བསྡེབས་པ་སོགས་ཀྱིས་རྒྱུན་སྤྱོད་སྨན་སྣ་བཅུ་ཕྲག་བརྒལ་བ་ཙམ་བཟོས། དེའི་རྗེས་སུ་རྫོང་བོད་ལུགས་སྨན་ཁང་བཙུགས་པ་དང་བསྟུན་ནས། སྨན་ཁང་རང་གིས་ལས་སྣོན་བྱས་པའི་སྨན་གྱི་རིགས་དང་གྲངས་འབོར་གཉིས་ཀའི་ཆ་ནས་ལོ་རེ་བཞིན་ཇེ་མང་དུ་སོང་ཞིང་། བཙོ་ཐལ་དང་རིན་ཆེན་གྲང་སྦྱོར་དང་མུ་ཏིག་བདུན་ཅུ་སོགས་སྨན་སྣ་ཁྱད་པ་ཅན་རྩ་ཆེན་དང་གྲགས་ཆེན་ཡང་བཟོས་པ་དང་། སྨན་སྣ་དེ་དག་བཟོ་བའི་ལག་རྩལ་ནི་བཟོད་པ་ལགས་ཀྱིས་དམར་ཁྲིད་བྱས་པ་རེད། སྔོན་ཆད་ཁོང་གིས་བསྐྱངས་པའི་སློབ་ཕྲུག་ལས་མང་ཆེ་ཤོས་ད་ནི་བོད་ལུགས་སྨན་ཁང་གི་རྐང་འཛིན་སྨན་པར་གྱུར་ཡོད་པ་དང་། ལ་ལས་བོད་ལུགས་སྨན་ཁང་གི་འགོ་འཛིན་གྱི་གོ་གནས་ཁུར་མྱོང་ཞིང་ད་ལྟ་རྒན་ཡོལ་བྱས་འདུག ཡང་སློབ་ཕྲུག་ལ་ལས་ད་ལྟ་བོད་ལུགས་སྨན་ཁང་གི་འགོ་འཛིན་གྱི་ལས་གནས་སུ་རང་གི་བློ་གྲོས་དང་འཇོན་ནུས་འདོན་གྱིན་ཡོད་པ་རེད། དཔེར་ན་ལས་ཐོག་འགོ་འཛིན་བསམ་འགྲུབ་རྒྱལ་ལགས་ལ་མཚོན་ན་སྲིད་སྒྲུབ་དོ་དམ་དང་། སྨན་བཅོས་ལས་སྒོ་སོགས་ཕྱོགས་གང་ཐད་ནས་འཕེར་པོ་ཡིན་ལ། འགོ་འཛིན་གཞོན་པ་ཡིད་བཞིན་དབང་རྒྱལ་གྱིས་སྨན་ཁང་གི་འཛུགས་བསྐྲུན་ཐད་བྱས་རྗེས་མི་དམན་པ་བཞག་པ་དང་། འགོ་འཛིན་གཞོན་པ་ནམ་མཁའ་རྡོ་རྗེ་ནི་ལོ་འདི་གའི་རྗེས་ཡོང་ཕུལ་བྱུང་མི་སྣ་ཞིག་རེད། རང་གིས་བསྐྱངས་པའི་སློབ་ཕྲུག་རྣམས་མཐོང་དུས། བཟོད་པ་ལགས་ནི་སེམས་དགའ་ཞིང་བློ་བདེ་བར་གྱུར་ཏོ། །
        བཟོད་པ་ལགས་རྒན་ཡོལ་བྱས་པའི་རྗེས་སུའང་ཁོམ་ལོང་གཏན་ནས་ཡོད་པ་མ་རེད། ཐག་ཉེ་རིང་ཀུན་ནས་ཁོང་དམིགས་ཏེ་ཆེད་དུ་ནད་བརྟག་པའམ་སྨན་ལེན་དུ་ཡོང་མཁན་ནི་ནམ་ཡང་ཆད་མ་མྱོང་། དབྱར་དགུན་གྱི་དབྱེ་བ་མེད་པར། ཉིན་དཀར་དང་མཚན་མོ་གང་ཡིན་རུང་ནད་པ་ཞིག་བསླེབས་ཚེ་ཁོང་གིས་དེ་མ་ཐག་དཔྱད་བཅོས་བྱེད་ཀྱིན་ཡོད་པ་རེད། བཟོད་པ་ལགས་ཉིན་རེ་བཞིན་རྒས་ནས་མགོའི་སྐྲ་དཀར་པོར་གྱུར་ཅིང་གོམ་པའི་འདེགས་འཇོག་ཀྱང་ཇེ་དལ་དུ་ཕྱིན་ནའང་། ནམ་ཡང་འགྱུར་རྒྱུ་མེད་པ་ནི་ཁོང་གིས་ནད་པ་ཚོར་བཅངས་པའི་བྱམས་བརྩེ་དང་ཁ་སེམས་གཉིས་མེད་ཀྱི་ལྷག་བསམ་དང་། དཔྱད་བཅོས་བྱེད་སྐབས་ཀྱི་གཟན་ནན་དེ་རེད། ཨ་ཁུ་བཟོད་པ་ཞེས་ཁོང་གི་མིང་གླེང་བ་ན། རྫོང་འཕྲོད་བསྟེན་ཅུ་ཡི་འགོ་འཛིན་ལས་རབ་རྡོ་རྗེའི་མིག་མཐར་མཆི་མ་འཁོར་ནས་བཤད་རྒྱུར། ཨ་ཁུ་བཟོད་པ་ལགས་ནི་དགུང་ལོ་བརྒྱད་ཅུར་སོན་ལ་ཉེ་བའི་བགྲེས་པོ་ཞིག་རེད། མ་འོངས་པ་ན་ཁོང་གི་ཚབ་ཏུ་རུང་བའི་སྨན་པ་ཞིག་འབྱུང་སྲིད་མིན་ལ་ང་ཡིས་བསམ་ཚོད་བྱེད་མི་ཕོད་ཅེས་ཟེར། 
        བཟོད་པ་ལགས་རྒན་ཡོལ་བྱས་ཟིན་ཡང་ཁོམ་ལོང་མེད་ན། རྫོང་བོད་ལུགས་སྨན་ཁང་གིས་ཁོང་སླར་ཡང་གདན་འདྲེན་ཞུ་འདོད་སྐྱེས་བྱུང་། ཁོང་ནི་སྔ་མོ་ནས་རྒྱལ་ཁབ་རིམ་པའི་གྲགས་ཅན་བོད་ལུགས་སྨན་པ་རྒན་པར་བདམས་ཡོད་པ་དང་། མཚོ་ལྷོ་ཁུལ་དུ་མཚན་སྙན་འདི་ཐོབ་མཁན་གྱི་སྨན་པ་གཅིག་པུ་དེའང་ཡིན། ཁོང་གི་འོས་བབ་དེ་ལ་དམིགས་ནས། རྫོང་འཕྲོད་བསྟེན་ཅུ་དང་རྫོང་བོད་ལུགས་སྨན་ཁང་གཉིས་ཀྱིས་གྲོས་ཨ་ཁུ་བཟོད་པ་ལགས་ལ་ལོ་རེར་སྒོར་ཆིག་འབུམ་ལྔ་ཁྲིའི་ཕོགས་དངུལ་བྱིན་ནས་སླར་འདྲེན་བྱ་རྒྱུའི་གྲོས་ཐག་བཅད་མོད། ཁོང་ཉིད་གཏན་ནས་ཡིད་འཐད་མ་བྱུང་། ཁོང་གིས་བཤད་རྒྱུར། རྫོང་བོད་ལུགས་སྨན་ཁང་དུ་སླར་འདྲེན་བྱ་རྒྱུ་དེ་ངས་དང་དུ་བླངས་ཆོག་མོད་ཕོགས་དངུལ་ལེན་པར་ང་རང་འཐད་པ་མིན། རྒྱུ་མཚན་གང་ཞེ་ན། ད་ལྟ་ང་ལ་རྒན་ཡོལ་གྱི་ཟླ་ཕོགས་ཡོད་པས་རྫོང་བོད་ལུགས་སྨན་ཁང་ལ་དཔལ་འབྱོར་ཐད་ནས་འཁུར་བོ་ཇེ་ལྗིད་དུ་གཏང་དགོས་དོན་མེད་ཅེས་ཟེར། དེ་ལྟར། ཁོང་ཉིད་ཡང་བསྐྱར་ལས་གནས་སུ་ཕེབས་པ་རེད། རྫོང་བོད་ལུགས་སྨན་ཁང་གི་འགོ་འཛིན་གྱིས་སེམས་ཀྱིས་མ་བཟོད་པར་ཁོང་ལ་ཟླ་རེར་འཚོ་བའི་ཁ་གསབ་ཀྱི་དངུལ་ཉུང་ངུ་ཙམ་སྟེར་གྱིན་ཡོད། གསེར་ལག་དགོན་པས་རྫོང་མཁར་ནས་བོད་སྨན་སྒོ་བསྟེན་ཁང་ཞིག་གཟུགས་འཆར་ཡོད་མོད་ནང་དུ་སྡོད་མཁན་སྨན་པ་ཉམས་མྱོང་ཅན་ཞིག་མ་རྙེད་པས། སྐུ་ན་གཞོན་པའི་ཨ་ལགས་རྒྱ་བཟའ་དངོས་སུ་བཟོད་པ་ལགས་ལ་འཚམ་འདྲིར་ཕེབས་ཤིང་། གཟའ་འཁོར་རེར་ཉིན་ཕྱེད་གསུམ་ལ་སྒོ་བསྟེན་ཁང་དུ་ཡོང་ནས་རོགས་རམ་བྱ་དགོས་པའི་སྐུལ་སློང་བྱས། བཟོད་པ་ལགས་ཀྱིས་ཨ་ལགས་ལ་བཤད་རྒྱུར། ཁྱེད་ཀྱིས་ང་རང་ངེས་པར་དུ་སྒོ་བསྟེན་ཁང་དུ་ཡོང་དགོས་ཟེར་ན་རེ་བ་གཅིག་བསྐང་དགོས་ཏེ། སྨན་རྫས་ཐམས་ཅད་དགོན་པས་མཁོ་སྤྲོད་གནང་རྒྱུ་དང་། སྨན་གྱི་རིན་གོང་ང་རང་གིས་གཅོད་རྒྱུ་ཡིན་ཞེས་ཟེར། ཨ་ལགས་ཀྱིས་བཟོད་པ་ལགས་ཀྱི་དྲན་ཚུལ་ནི་སྨན་གྱི་རིན་གོང་དམའ་རུ་བཏང་ནས་མང་ཚོགས་ལ་ཁེ་ཕན་སྟེར་རྒྱུ་དེ་ཡིན་པ་རྟོགས་ནས་ཁོང་གི་རེ་བ་དེ་དང་ལེན་བྱས་བྱུང་། སྐབས་དེ་ནས་བཟུང་། བཟོད་པ་ལགས་ནི་རྫོང་བོད་ལུགས་སྨན་ཁང་དང་བོད་སྨན་གོང་བདེ་སྒོ་བསྟེན་ཁང་གཉིས་ཀར་རེས་མོས་ཀྱིས་བརྟག་བཅོས་ཀྱི་ལས་སུ་ཞུགས་ཡོད་པ་རེད། 
        སྤྱི་ལོ༢༠༢༠ལོའི་སྟོན་ཀར། མགྲོན་པོ་ཞིག་འབའ་རྫོང་དུ་བཟོད་པ་ལགས་ལ་འཚམ་འདྲིར་ཕེབས་ཏེ། ཁོང་གི་མི་ཚེ་ཧྲིལ་བོའི་བཞུད་ལམ་གྱི་ཕྱོགས་སུ་རྒྱུས་ལོན་བྱས་ཏེ་མཇུག་མཐར་དྲི་བ་ཞིག་བཏོན་པ་འདི་ལྟ་སྟེ། ཨ་ཁུ་བཟོད་པ་ལགས། ད་ནི་ཁྱེད་རང་ལོ་བརྒྱད་ཅུར་བསླེབ་ལ་ཉེ་བས། མི་ཚེ་འདིར་རང་གི་བསམ་འདུན་ལྟར་དུ་མ་འགྲུབ་པའི་དོན་དག་ཡོད་དམ་ཞེས་ཞུས་པ་ན། ཁོང་གིས་ལན་དུ་སྨྲས་པ། ངའི་མི་ཚེ་འདིའི་བསམ་འདུན་ཡོངས་སུ་གྲུབ་ཚར། གལ་ཏེ་ད་དུང་བསམ་འདུན་གཞན་ཞིག་ཀྱང་ཡོད་པར་བྱ་དགོས་ན། དེ་ནི་ང་རང་ཐོད་པ་ས་ལ་མ་རེག་བར་དུ། དབུགས་རྟ་རྔ་ཙམ་ཡོད་ཚེ། ནད་པ་རྣམས་ལ་བརྟག་བཅོས་བྱ་རྒྱུ་དང་། ཚེ་ཡི་མཐའ་མར་འགྱོད་པ་དང་ཕངས་སེམས་ཅི་ཡང་མེད་པར། གཙང་མ་གཙང་རྐྱང་གིས་ཕྱི་མའི་ཡུལ་དུ་འགྲོ་ཐུབ་ན་བསམ་པ་དེ་ཡིན་ཞེས་ཟེར། 
        སྐད་ཆ་ཚིག་འདིས་དེར་བཞུགས་ཐམས་ཅད་ཀྱི་སེམས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་བར་བྱས་སོང་། སྐབས་དེར་མགྲོན་པོ་དེའི་སེམས་སུ་གནའ་རབས་རྒྱ་ནག་གི་སྨན་པ་མཆོག་གྱུར་སུན་ཟི་མིའོ་ཡི་གསུང་ཞིག་དྲན་བྱུང་སྟེ། གཤིས་སྤྱོད་ལེགས་ཤིང་སྨན་ལ་མཁས་པ་དང་། །བརྟག་བཅོས་སྐབས་སུ་དྲན་པ་མི་གཡེང་ལ། །འདོད་དང་ཆགས་དང་མཁོ་བ་མི་མངའ་ཞིང་། །ཐོག་མར་བྱམས་ཆེན་སྙིང་རྗེ་སེམས་བསྐྱེད་དེ། །འགྲོ་ཀུན་སྡུག་ལས་གྲོལ་བར་དམ་བཅའ་བ། །མཆོག་གི་སྨན་པའི་མཛད་པར་བསྔག་པར་འོས། །ཞེས་པ་དེ་རེད། 
        གནའ་མི་དག་གིས་ཚད་མར་འཛིན་པའི་གཞི་དེ། ད་ལྟ་ང་ཚོས་བལྟས་ན་མཐོ་དྲགས་པ་འདྲ་ཡང་། མཆོག་གི་སྨན་པ་ནི་ད་དུང་རིང་དུ་སོང་མི་འདུག་པར། མངོན་སུམ་འཚོ་བ་དང་མི་མང་གི་ཁྲོད་དུ་བཞུགས་ལགས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།