༄༅། །བོད་ཀྱི་གསོ་རིག་མཁས་དབང་བཀྲ་རྒྱལ་མཆོག

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-11 08:55:41 ཀློག་གྲངས།:
       བོད་ལུགས་གསོ་རིག་མཁས་དབང་བཀྲ་རྒྱལ་མཆོག་ནི་བོད་རྒྱལ་ལོར༢༠༧༦སྟེ་ལྕགས་སྟག་ལོའི་མགོ་ཟླ་བའི་ཚེས་གཅིག་སྟེ་ཕྱི་ལོ༡༩༤༩ལོའི་ཟླ༣པའི་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་ལས་སྒང་ཆེན་དྲུག་གི་ཡ་གྱལ། འབྲི་ཟླ་ཟལ་མོའི་སྒང་གི་ཆར་གཏོགས་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་འབྲུ་ཡི་རྒྱུད་པ་མང་བའི་གནས་ཏེ། དེང་སང་ལྟར་ན་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་བུ་དགོན་བཤད་སྒྲུབ་ཆོས་འཁོར་གླིང་གི་ཉེ་ཞོལ་བྱམས་མདུན་གྲོང་བརྡལ་གྲོང་རེ་ཚང་ཞེས་རུས་ཆེན་པོ་ཕྱྭ་དང་སྤྱང་། ཉག་བཅས་ཀྱི་རིགས་ལས་ཕྱྭ་ཡི་རུས་རྒྱུད་ཀྱི་ཁྱིམ་ཚང་དུ། ཡབ་དགའ་ལྡན་ཁྲི་ཐོག༨༩པ་སྙན་གྲགས་རྒྱ་མཚོའི་སྐུ་ཚ་གྲོང་རེ་བློ་བཟང་བསྟན་འཛིན་ནམ་བློ་བསྟན་དང་། ཡུམ་གསང་སྔགས་རྙིང་མའི་སྒོམ་རིང་མ་ཞེས་སྒོམ་རྒྱུད༣༦པ་ཀུན་བཟང་ཚེ་སྒྲོན་གཉིས་ཀྱི་རིགས་རྒྱུད་དུ་རྨི་ལྟས་བཟང་པོ་དང་བཅས་སྐུ་བལྟམས་པའོ། །
       རྒན་རིན་པོ་ཆེ་ཁོང་ཉིད་དགུང་ལོ་བརྒྱད་ཀྱི་ཐོག་ནས་ཡབ་བློ་བསྟན་དང་ཨ་འབྱོར་སོགས་ཀྱི་དྲུང་ནས་ཀློག་ལ་བསླབས་པ་དང་རང་སྦྱོང་ནན་ཏན་མཛད་པས་ཡི་གེ་འདོན་ཀློག་དཀའ་ཚེགས་མེད་པར་གྱུར། དེ་ནས་ཀུན་མཁྱེན་ཐུབ་བསྟན་དང་། ཨར་ཙ་སྤྲུལ་སྐུ། བསམ་སྟོབས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དངོས་སློབ་བྲག་གཡབ་གདོང་སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོའི་སློབ་མ་བཙུན་མ་གཡུ་ལྷ་སོགས་ཀྱི་དྲུང་དུ་བཅར་ནས་བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞིའི་ཁྲིད་ལུང་རྒྱས་པ་དང་། ཀོང་སྤྲུལ་ཟིན་ཏིག་གི་ཁྲིད་ལུང་ལག་ལེན་དང་བཅས་ཞུས་ལ། དེའུ་དམར་པཎ་ཆེན་གྱིས་མཛད་པའི་སྨན་གྱི་རོ་ནུས་ཞུ་རྗེས་སྦྱར་ཐབས་ཀྱི་རྡེལ་འགྲེལ་རྒྱུད་དགོངས་གསལ་སྟོན་དང་། བཟོ་འགྲེལ་བ་ཨ་ཝ་སྤྲིན་གྱི་ཡང་བཅུད་ལེགས་བཤད་ཆར་རྒྱུན། དཔྱད་ཐུར་སྡུད་ཟེའི་མཚན་བཤད་ཨ་ཝ་སྤྲིན་གྱི་མྱུ་གུ །བྱིས་པའི་རྣ་པྲ་བརྟག་པ་གསལ་སྣང་ཤ་ཡི་མེ་ལོང་། ཞོ་པྲ་བརྟག་པ་ཆུ་ཡི་མེ་ལོང་། ལག་ལེན་གཅེས་རིགས་བཏུས་པ་སྨན་ཀུན་བཅུད་དུ་སྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད། བཤལ་སྐྱུགས་དང་རྩ་སྦྱོང་གི་ལག་ལེན་རྒྱུད་ཀྱི་དགོངས་པ་གསལ་བར་བྱེད་པའི་ཞལ་གདམས་ཟིན་བྲིས་ཉི་མའི་སྙིང་པོ། དཔྱད་མཆོག་གཏར་གའི་གདམས་པ་ཉེས་འཁྲུགས་སྙོག་མ་དྲུང་འབྱིན་ཀེ་ཏ་ཀ །མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་། གཏར་ཉེས་བཅོས་པའི་ཟིན་བྲིས་མུན་སེལ་སྒྲོན་མེ། རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་སོགས་ཁྲིད་སྦྱོང་ཞུས་པ་མ་ཟད། སྔོ་སྨན་ངོ་སྤྲོད་དང་ནད་སྨན་སྤྲོད་ཚུལ་སོགས་ཟབ་སྦྱོང་མཛད་ཅིང་། ཞོར་ལ་བོད་ཀྱི་སྐད་བརྡ་རིག་པའི་རྩ་གཞུང་སུམ་རྟགས་དག་གསུམ་དང་། སྙན་ངག །འཁྱུགས་བྲིས། དཀར་རྩིས། ནག་རྩིས། ཆགས་མེད་ས་དཔྱད་སོགས་ལ་གསན་སྦྱོང་ལོ་མང་རིང་མཛད་པ་དང་། དེ་རྗེས་བྲག་གཡབ་སྐྱབས་མགོན། ཨ་ནོར་རིན་པོ་ཆེ། རླུང་ནག་འཕགས་པ་བློ་གསལ་དང་། དབུས་སྨན་རྩིས་ཁང་གི་མཁས་དབང་ཆེན་མོ་བྱམས་པ་འཕྲིན་ལས། མཁན་ཆེན་ཁྲོ་རུ་ཚེ་རྣམ། པཎ་ཆེན་སྐུ་ཕྲེང་བཅུ་པའི་བླ་སྨན་རྗེ་དྲུང་ངམ་དཔལ་ལྡན་བསྟན་འཛིན། འབྲུ་ཚ་དཔལ་ལྡན་རྒྱ་མཚོ་སོགས་ཀྱི་མདུན་ནས་གཡུ་ཐོག་སྙིང་ཐིག་གི་དབང་། བླ་སྒྲུབ་ཚོགས་འཁོར་སྦྱིན་བསྲེག་བསྐང་གསོལ་རྗེས་གནང་སོགས་དང་། ཟུར་བཀའ་རྒྱ་དང་། རིན་འབྱུང་བརྒྱ་རྩ། སྨན་བླའི་དབང། རྗེ་རིན་པོ་ཆེའི་བྱང་ཆུབ་ལམ་རིམ་ཆེན་མོ། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཁྲིད་ལུང་ཟབ་རྒྱས་དང་། མེས་པོའི་ཞལ་ལུང་། སྡེ་སྲིད་བཻཌཱུ་དཀར་སྔོན། མན་ངག་ལྷན་ཐབས་སོགས་ཀྱི་ལུང་ཞུས་པ་མ་ཟད། ཨ་ནོར་རིན་པོ་ཆེའི་མདུན་ནས་ཨ་རྒོད་ཆིག་རྒྱུད་ཀྱི་གསང་སྨན་གྱི་མན་ངག་དང་བདུད་རྩི་སྨན་གྱི་ཕབ་རྒྱུན་ལ་ཨ་རྒོད་རིལ་བུ་གཅིག་དང་། སོག་ལུགས་ཆུ་སྨན་སྦྱར་བཟོའི་མན་ངག་གནང་། མདོ་བསམ་སྟོབས་མདུན་ནས་ལོ་རྒྱུས་དང་མང་ངག་འགའ་ཞུས་པ་སོགས་ཐོས་བསམ་སློབ་གཉེར་ཟབ་རྒྱས་མཛད་པ་དང་། ཕྱིས་ཟི་ཁྲོན་སྨན་དོན་རུ་ཁག་དང་རྫོང་ཕྱི་ལུགས་འཕྲོད་བསྟེན་སློབ་གྲྭ་དང་པོ་ཚུགས་པ་ནས་ནུབ་ལུགས་གསོ་རིག་གི་ནད་ཐོག་ངོས་འཛིན་དང་ནུབ་སྨན་སྤྱོད་ཚུལ་སོགས་མི་དམན་པ་བསླབས་པ་དང་། བློ་འཛིན་ངག་སྐྱོར་ཐད་ནས་ཀྱང་། དབྱངས་ཅན་སྒྲ་མདོ། རྒྱུད་ཆུང་གསུམ་ཧྲིལ་པོ། མན་རྒྱུད་ཉེས་གསུམ། ཁོང་ནད་གསོ་བ། ཚ་བ་སྤྱི་བཅོས། ཚ་གྲང་གལ་མདོ། དོན་སྣོད་གསོ་བ། ཤེལ་གོང་།སྙན་ངག་གི་རྩ་བ། མངོན་བརྗོད། དཀར་རྩིས་སྔོན་འགྲོ་སོགས་ཐུགས་འཛིན་གནང་པས་དུས་ད་ལྟ་ལའང་སློབ་ཁྲིད་སྐབས་སུ་ལུང་འདྲེན་ཤར་མར་མཛད་ཀྱིན་འདུག་གོ །
       ཕྱི་ལོ༡༩༨༢ལོར་བྲག་གཡབ་རྫོང་གི་བོད་སྨན་པ་ཡོངས་རྫོགས་ལ་རྩ་ཆུ་སློབ་ཁྲིད་དང་སྨན་རྩ་སོགས་ངོ་སྤྲོད་མཛད། ༡༩༨༩ལོར་སླར་ཡང་བྲག་གཡབ་ས་གནས་ཀྱི་སྨན་པ་ཡོངས་ལ་རྩ་བཤད་གཉིས་དང་ནག་རྩིས་བཅས་ཞིབ་ཕྲ་སློབ་ཁྲིད་གནང་། ༡༩༩༠ལོ་ནས་བཟུང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀའ་མངགས་ལྟར་ཆབ་མདོ་ཁུལ་གྱི་རྫོང་ཁག་ལྔ་དང་། ཟི་ཁྲོན་ཞིང་ཆེན་གྱི་རྫོང་བཞི། དབུས་ལྷ་སའི་ཕྱོགས་ནས་ཡོང་བའི་སློབ་མ་མི་གྲངས་བསྡོམས༡༢༢ལ་དགེ་རྒན་དང་སློབ་གཙོ་གཉིས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཏེ་ལོ་འཁོར་བཅུ་ཙམ་གྱི་རིང་ལ། དཀའ་ཚེགས་དང་ངལ་དུབ་ལ་མ་འཛེམས་པར་དཔལ་ལྡན་རྒྱུད་བཞི་དང་། སུམ་རྟགས་དག་གསུམ། བརྡ་གསར་རྙིང་། སྙན་ངག་མངོན་བརྗོད། དབྱངས་ཅན་སྒྲ་མདོ། ལོ་རྒྱུས། རྣམ་ཐར། རྩིས་དཀར་ནག་ས་དཔྱད་སོགས་ཀྱི་སློབ་ཁྲིད་གནང་བ་མ་ཟད། སྨན་རྫས་ངོ་སྤྲོད་དང་སློབ་ཁྲིད་ཐབས་ལམ། སློབ་མ་སྐྱོང་ཚུལ། སློབ་གྲྭའི་དོ་དམ་ཐད་ནས་སྡེ་དགོན་དང་སློབ་གྲྭ་གང་མང་གིས་མིག་དཔེ་བལྟ་ཡུལ་དུ་གྱུར། ཉེར་བའི་ལོ་འདི་དག་ནང་དུ་དབྱར་དགུན་སྟོན་དཔྱིད་ལ་དབྱེ་བ་མེད་པ། མདོ་དབུས་ཁམས་གསུམ་ལ་ཕྱོགས་ཞེན་མེད་པ། ཆོས་ལུགས་གྲུབ་མཐའ་ལ་ཕྱོགས་རིས་མེད་པ། སྐྱ་སེར་ཕོ་མོ་ལ་ཁྱད་པར་མེད་པ་མ་བསྐུལ་ངང་གིས་པདྨའི་མཚོ་ལ་ངང་བ་འདུས་པ་བཞིན་དུ་སློབ་ཚོགས་ནི་འདི་དང་འདི་ཞེས་རེ་རེ་བཞིན་བགྲང་མི་ནུས་ཀྱང་། ཕྱི་ལོ་༢༠༡༤ལོར་མདོ་དབུས་ཁམས་གསུམ་སྐྱ་སེར་དབྱེར་མེད་ཀྱི་སློབ་མ༢༤ལྷག་ཙམ་དང་། ༢༠༡༥ལོར༣༠ལྷག་ཙམ་དང་། ༢༠༡༦ལོར༦༠ལྷག་དང་། ༢༠༡༧ལོར༧༠ལྷག་ཙམ་དང་། ༢༠༡༨ལོར༧༣ལྷག་དང་། ༢༠༡༩ལོར༦༩ལྷག་དང་། ༢༠༢༠ལོར༡༣༠དང་། ༢༠༢༡ལོར༡༦༥བཅས་འདུག་པ་དེ་དག་གི་ཁྲོད་དུ་སྔར་སྦྱོང་མྱོང་བ་དང་། མ་མྱོང་བ། དེ་བཞིན་དགོན་སྡེའི་སྨན་པ་དང་། སློབ་གྲྭའི་དགེ་རྒན། སྨན་ཁང་གི་ཆེད་ལས་པ། མཐར་ཕྱིན་གྱི་དངོས་སྦྱོང་སློབ་མ་སོགས་ལ། རྒྱ་ནག་དང་སྟོད་ཀྱི་མངའ་རིས་ནས། སྨད་ཀྱི་ཤར་རྒྱལ་མོ་ཚ་བ་རོང་དང་། ཡུལ་གུར་དང་ནང་སོག །ཚུར་ཀའི་འཇང་ཡུལ་དང་ཡུན་ནན་སོགས་ཀྱི་ཡུལ་ནས་ཕེབས་པའི་སློབ་མ་དེ་དག་ལས། རིགས་སྲས་རྣམ་རྒྱལ་ཚེ་རིང་གཙོས་སློབ་མ་ཕལ་མོ་ཆེས་རང་རང་གི་ཕ་ས་ཕ་ཡུལ་སོགས་ནས་སྨན་བཅོས་ནད་བལྟ་སོགས་ཀྱི་ཕྱག་ལས་གནང་བཞིན་པའོ། །
       རྒན་ཁོང་གིས་རིག་གཞུང་གི་དགོངས་དོན་རྟོགས་ཤིང་རང་ཉིད་ཀྱིས་ལོ་མང་ལག་བསྟར་བྱས་པའི་ཉམས་མྱོང་དང་། མཚན་ལྡན་གྱི་བཤེས་གཉེན་མང་པོའི་ཞལ་ཤེས་སོགས་ཀྱིས་ཟུར་བརྒྱན་ཏེ་མཛད་པའི་གསུང་རྩོམ་ལ་གཏར་ཁའི་ལག་ལེན་དམར་ཁྲིད་དེའུ་དམར་དགོངས་རྒྱན་དང་། མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་གི་འགྲེལ་པ། བྱིས་པའི་རྣ་པྲ་བརྟག་པ་གསལ་སྣང་ཤ་ཡི་མེ་ལོང་གཡའ་བྲལ་དེའུ་དམར་དགོངས་གཏེར། ཞོ་པྲ་བརྟག་པ་ཆུ་ཡི་མེ་ལོང་གི་ཚིག་དོན་ཅུང་ཟད་འགྲེལ་བ་དེའུ་དམར་དགོངས་རྒྱན། བྱིས་པའི་ནུ་ཞོ་བརྟག་པའི་དོན་འགྲེལ་བློ་གསར་དགའ་སྟོན། དཔྱད་ལྔའི་གབ་རྩའི་སྐོར་བཤད་པ་འཚོ་བྱེད་སྨན་པའི་ལག་དེབ་དང་། སྔ་གཞུག་ཏུ་ལོ་ཐོ་ཐེངས་གཉིས་ཙམ་ཕབ་མྱོང་། གཞན་ཡང་ཞིབ་འཇུག་ཆེད་རྩོམ་ཡང་སྔ་གཞུག་ཏུ་མཆིན་ནད་བཅོས་ཐབས་ཀྱི་ལག་ལེན་ཟིན་ཐོ། མ་ཞུ་བའི་སྐོར། གབ་རྩ་ངོས་འཛིན་ཚུལ་གྱི་རྩ་ཏྲེམ་བཅོས་ཐབས་ཀྱི་མྱོང་ཚོར་སོགས་དཔྱད་གཞི་རིན་ཐང་ལྡན་པ་དག་གསར་རྩོམ་གནང་། བོད་སྨན་སྦྱར་བཟོའི་ཐད་ལ་སྔོན་བྲག་གཡབ་ས་གནས་སུ་བྱུང་མ་མྱོང་བའི། རིན་ཆེན་མུ་ཏིག་བདུན་ཅུ་དང་། རིན་ཆེན་གྲང་སྦྱོར་ཆེན་མོ། ལྕགས་ཁམས་ཐལ་བཟོ་སོགས་རིན་ཆེན་ཁོ་ནའི་རིགས་ཀྱི་སྨན་སྣ་སུམ་ཅུ་ཁ་ལྷག་དང་། དཀྱུས་སྨན་བརྒྱ་ཕྲག་བརྒལ་བ་རང་ག་འོལ་ཚོད་ཙམ་མ་ཡིན་པར་རྒྱུད་ཀྱི་དགོངས་དོན་དང་མཐོང་བ་བརྒྱུད་པའི་མན་ངག །ཞལ་ཤེས། ཉམས་ཡིག་སོགས་ལས་བསྟན་པའི་ཚད་ལྡན་དུ་སྦྱར་བཟོ་བྱས་ཡོད་པ་རེད་ལ། ལྷག་པར་དུ་རྒན་གྱིས་ནད་ཁ་ཤས་ལ་ཆེད་དམིགས་ཀྱིས་གསར་བཟོ་མཛད་པའི་དགོངས་པ་ནི། རྒྱུད་ལས། རོ་སྡེབས་ནུས་སྡེབས་ཞུ་རྗེས་སྦྱར་ཏེ་སྡེབས། །ཞེས་གསུངས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་གོང་ལས། གསར་མཐོང་རྣམས་ཀྱང་རོའི་སྒོ་ནས་ནུས་པ་ངོས་བཟུང་ལ། འདི་ནི་རོ་འདིའོ། །འབྱུང་བ་འདིས་བསྐྱེད་དོ། །ཞུ་རྗེས་འདིའོ། །ནུས་པ་འདིའོ། །ཡོན་ཏན་འདི་ལྡན་ནོ། །ཉེས་པ་འདི་སེལ་ལོ། །འདི་སྐྱེད་དོ། །ཞེས་བརྗོད་ལ་མིང་ཡང་དབྱིབས་དང་བྱེད་ལས་སོགས་ལ་དཔག་ནས་གསར་དུ་འདོགས་པར་བྱ་སྟེ། སྔ་རབས་དག་གིས་དེ་ལྟར་མཛད་ནས་མིང་གདགས་པ་ཡིན་ལ། ཞེས་གསུངས་པ་ལྟར་ཡིན་པས་རྒན་གྱིས་སྨན་རྫས་རེ་རེའི་རོ་ནུས་སོགས་གསལ་པོར་རྟོགས་ཤིང་། དེ་ཉིད་གཉེན་པོ་གང་ལ་སྤྲོད་རྒྱུ་དང་སྤྲོད་ཚུལ་སོགས་རྟོགས་དཔྱོད་ཐུབ་པས། ཁོང་གིས་གསར་དུ་སྦྱར་བཟོ་བྱས་པའི་སྨན་རིགས་ཏེ། རིན་ཆེན་བྱུར་དམར་སོ་གཉིས། སྟོབས་སྐྱེད་རིལ་དམར། མངལ་བཤལ་རིལ་བུ། ཚ་བ་སྤྱི་འཇོམས། ཉ་ཕྱིས་ལྔ་པ། སྨྲ་བ་སྒོ་འབྱེད། མཆིན་སྨན་སྦྱོར་བ། མི་ཕམ་སྐྲ་སྨན། མཁལ་དུག་རིལ་བུ། མཁལ་ནད་ཀུན་སེལ། རི་ཤོ་དྲུག་པ། ཚངས་པ་དབུགས་སེལ། ཨ་རུ་གསེར་བཤལ། རྡེའུ་འདོན་ཐང་། ནག་མཚུརགསུམ་ཐང་། གཤེར་ཚད་སྨན་ཐང་། རྒྱུ་ལྷག་སྨན་ཐང་། སྣོད་མཁྲིས་ཀྱི་སྨན་ཐང་། ཁྲག་ཐང་གསར་པ། ཨ་རྒོད་རིལ་བུ། སྐྱུ་རུདྭངས་སྙོམས་རིལ་བུ། ཕོ་བ་བདེ་བྱེད། མགུལ་འགག་བདེ་བྱེད། རིམས་སྲུང་རྡོ་རྗེ་ཕ་ལམ། གསེར་བཙོ་རིལ་བུ། སྲོག་རླུང་བདེ་བྱེད། རྒས་གསོ་བཅུད་ལེན། སྙིང་གི་སྨན་ཐང་། དྲོད་བྱུག་འབྱར་ཆེན། རྒྱུ་རྒན་བསྐོལ་ཐང་། ཕོ་རུབ་བདེ་བྱེད། རྣམ་རྒྱལ་རིལ་བུ་ཁ་ཚར་ཅན་སོགས་སྨན་སྣ་བཅུ་ཕྲག་གསུམ་ལྷག་དང་རྒྱུད་དང་ཉམས་ཡིག་སོགས་ལས་བསྟན་པའི་ཐང་དང་། ཕྱེ་མ། རིལ་བུ། ལྡེ་གུ །སྨན་མར། ཐལ་སྨན། ཁཎྜ། སྨན་ཆང་སོགས་སྨན་སྣ་གཉིས་བརྒྱ་བདུན་ཅུ་ལྷག་ཕྱག་ལེན་མཛད་པར་བོད་རང་སྐྱོང་ལྗོངས་ཀྱིས་སྨན་ཁང་དང་ནད་པ་སོགས་ལ་སྟེར་ཆོག་པའི་ཆོག་མཆན་ཐོབ་ནས་ད་ལྟ་དངོས་སུ་ནད་ཐོག་བེད་སྤྱོད་བཏང་གིན་ཡོད་ཙང་། གངས་ཅན་བཅུ་ཕྲག་རིག་པའི་ཡ་གྱལ་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་ནང་དུ་བསྟན་པའི་གདམ་ཟབ་མན་ངག་དུ་མ་དཔེ་ཐོག་ཏུ་ཡོད་ཅེས་པ་ཙམ་མ་ཡིན་པར། ད་སྐབས་དངོས་སུ་ཕྱག་ལེན་མཛད་ཀྱིན་པའོ། །
       ནད་ཐོག་ལག་ལེན་དངོས་ནང་དུ་ཚབས་ཆེ་ཞིང་བཅོས་དཀའ་བའི་ནད་མཆིན་པའི་ཟགས་ཆུ་དང་། མཆིན་པ་སྲ་འགྱུར། མཆིན་སྐྲན། ས་མཐོའི་ཁྲག་ནད། ལྐུགས་པ། གློ་སྐྲན། མཁལ་དུག །ཀླད་པའི་རྩ་སྐྲན་སོགས་ནད་ཀྱིས་ཟིན་པའི་ནད་པ་འགའ་དྲག་སྐྱེད་བྱུང་བའི་དཔེ་མཚོན་ངོ་སྤྲོད་རྒྱས་པ་ལས་གསལ་བས་དེར་གཟིགས་རོགས་ཞུ། གཞན་ཡང་སྟོང་ལ་ཉེ་བའི་རུ་རྟ་སོགས་སྨན་རྩྭ་བཅོ་ལྔ་འདེབས་འཛུགས་བྱས་པ་མ་ཟད། གཅིན་སྙི་ཟ་ཁུའི་ནད་ཀྱི་གཉའ་གཅོག་བྱེད་ཀྱི་སྨན་ཟགས་གཅོད་འཆི་མེད་སྦྱོར་བ་དང་དོ་སྙོམ་རིལ་བུ་ཞེས་པ་གསར་དུ་བཟོས་ནས་ནད་ཐོག་དངོས་སུ་ཕན་སྐྱེད་བླ་ན་མེད་པར་བྱུང་བས་མུ་མཐུད་ཞིབ་འཇུག་དང་གོང་འཕེལ་གཏོང་ཆེད་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི་དྲུག་ཅུ་གནང་། དེ་ནས་རྒན་གྱིས་བླ་ན་མེད་པའི་མཛད་སྤྱོད་དང་སྙིང་རྗེ། ཕུལ་དུ་བྱུང་བའི་མཁྱེན་དཔྱོད་སོགས་རིམ་བཞིན་སྙན་པ་ཆེར་རྒྱས་སོང་ནས། ཕྱི་ལོ་༢༠༠༩ལོའི་ཟླ་༧པའི་ནང་མཚོ་སྔོན་ཞིང་ཆེན་བོད་གསོ་ཞིབ་འཇུག་གླིང་གིས་ཆེད་ཞུའི་ཞིབ་འཇུག་སློབ་དཔོན་གདན་ཞུས་ལྟར་དེར་ཕེབས། དེ་ནས༢༠༠༩ལོར་མཚོ་སྔོན་ཡུལ་ཤུལ་ཁུལ་བོད་སྨན་རྩིས་ཁང་གིས་གདན་འདྲེན་ཞུས་པས་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། དེ་ནས་ཟླ་༨པའི་ནང་ཡུལ་ཤུལ་ཁུལ་འབྲི་སྟོང་རྫོང་བོད་སྨན་རྩིས་ཁང་གིས་གདན་འདྲེན་ཞུས་པས་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་གིས་གདན་ཞུས་ལྟར་ཕེབས་ནས་གཏར་བསྲེག་འཆད་ཁྲིད་གནང་། ཡུལ་ཤུལ་ཁྲིའདུ་རྫོང་བོད་སྨན་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་གཏར་བསྲེག་གི་འཆད་ཁྲིད་གནང་། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་བོད་སྨན་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། དབུས་གཙང་ལྗོངས་རྩེ་དཔལ་མགོན་རྫོང་། མཚོ་སྔོན་གཅན་ཚ་རྫོང་། གཙང་ངོར་རི་རྫོང་། ལྷ་ས་རྒྱ་གྲམ་དམར་པོའི་སློབ་གྲྭར་ཕེབས་ཏེ་སློབ་ཁྲིད་གནང་། ཆབ་མདོ་འགུ་རོ་ལས་རིགས་ལག་རྩལ་སློབ་གྲྭ་ནང་གཏར་བསྲེག་སྐོར་འཆད་ཁྲིད་གནང་། ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་ཅུད་ནང་ཡུལ་ཚོ་ཚང་མའི་སྨན་པ་ལ་སློབ་ཁྲིད་མཛད། ད་དུང་ལྷ་ས་གྲོང་ཁྱེར་ནང་རྫོང་ཡོང་གི་སྨན་པ་ལ་སློབ་ཁྲིད་མཛད། ཡུལ་ཤུལ་ནང་ཆེན་རྫོང་བོད་སྨན་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་གཏར་བསྲེག་གི་འཆད་ཁྲིད་གནང་། ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་སྨན་པ་གྲྭ་ཚང་གིས་གདན་ཞུས་ལྟར་དེར་ཕེབས་ནས་གཏར་བསྲེག་གི་འཆད་ཁྲིད་གནང་། རྗེ་སྐུ་འབུམ་སྨན་པ་གྲྭ་ཚང་གིས་གདན་ཞུས་ལྟར་དེར་ཕེབས་ནས་སྨན་རྫས་ངོ་སྤྲོད་གནང་། དབུས་ཀྱི་གཙང་བཀྲིས་ལྷུན་པོ་དགོན་གྱི་བོད་སྨན་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། ཆབ་མདོ་རི་དུང་བོད་སྨན་ཁང་གིས་གདན་ཞུས་ལྟར་ཐེངས་གཉིས་ཙམ་ཕེབས་ནས་སྨན་རྫས་ངོ་སྤྲོད་སོགས་གནང་། གོ་འཇོ་རྫོང་སྨན་རྩིས་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ཏེ་རྫོང་ཁག་བཅུ་ཕྲག་ལྷག་གི་སྨན་པ་དག་ལ་སྨན་རྫས་ངོ་སྤྲོད་དང་རིག་གཞུང་འཆད་ཁྲིད་གནང་། ཆབ་མདོ་ཁུལ་བོད་སྨན་རྩིས་ཁང་གིས་གདན་ཞུས་ལྟར་ཐེངས་དུ་མ་ཕེབས་ཏེ་གཏར་བསྲེག་འཆད་ཁྲིད་དང་། ལག་ལེན་དམར་ཁྲིད་སོགས་གནང་། བྲག་གཡབ་རྫོང་ནས་གྲོང་ཚོའི་སྨན་པ་ཕལ་མོ་ཆེར་སློབ་ཁྲིད་མཛད། ༢༠༡༡ལོའི་ཟླ་༨པའི་ནང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་ཁུལ་བོད་སྨན་རྩིས་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། དེ་ནས་ཟླ༡༠པའི་ནང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་དུ་ཐེངས་མང་ཕེབས་ཏེ་རིག་གཞུང་སྐོར་གྱི་འཆད་ཁྲིད་གནང་། དེ་ནས་ཟླ༡༡པའི་ནང་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྨན་རྩིས་ཁང་གིས་གདན་ཞུས་བྱས་པ་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། དེ་ནས་ཟླ་༡༡པའི་སྨད་ལ་བོད་ལྗོངས་གཞིས་ཀ་རྩེ་ཁུལ་གྱི་བོད་སྨན་རྩིས་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། དེ་ནས༢༠༡༡ལོའི་ཟླ༡༢པའི་ནང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁངགིས་སྨན་དོན་མི་སྣའི་ལག་རྩལ་སྦྱོང་བརྡར་འཛིན་གྲྭའི་སློབ་དཔོན་དུ་གདན་འདྲེན་ཞུས། ༢༠༡༣ལོའི༡༠པའི་ནང་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་སྨན་རྩིས་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། ༢༠༡༤ལོའི་ཟླ༦པའི་ནང་བོད་ལྗོངས་སྨན་རྩིས་ཁང་གིས་ནད་ཐོག་ཉམས་མྱོང་དང་ལག་ལེན་དམར་ཁྲིད་ཀྱི་གདན་ཞུའི་སློབ་དཔོན་དུ་ཕེབས། ༢༠༡༥ལོའི་ཟླ༥པའི་ནང་ཀན་སུའུ་ཞིང་ཆེན་རྨ་ལྷོ་ཁུལ་སྨན་རྩིས་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། དེ་ནས་ཟླ༥པའི་སྨད་ལ་རྩེ་ཁོག་རྫོང་བོད་སྨན་རྩིས་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། ༢༠༡༥ལོའི་ཟླ༧པའི་ནང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་བློ་འདྲིར་མཁན་པོར་གདན་འདྲེན་ཞུས། དེ་ནས་ཟླ༡༠པའི་ནང་བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དུ་གདན་འདྲེན་ཞུས། དེ་ནས་ཟླ༡༠སྨད་ལ་སྐབས་བཞི་པའི་ལྷོ་ཁ་ས་ཁུལ་བོད་སྨན་རིག་གཞུང་བགྲོ་གླེང་དུ་གདན་འདྲེན་ཞུས་པས་དེར་ཕེབས་ནས་བགྲོ་གླེང་གནང་། དེ་ནས་ཟླ་༡༡པའི་ནང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་ཅུད་ཀྱིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། ༢༠༡༥ལོའི་ཟླ༡༡པའི་སྨད་ལ་བོད་ལྗོངས་ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གིས་གདན་ཞུས་ལྟར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་།༢༠༡༧ལོའི་ཟླ༧པའི་ནང་འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ཚོགས་པས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་བགྲོ་གླེང་གནང་། ༢༠༡༨ལོའི་ཟླ༩པའི་ནང་བོད་ལྗོངས་གནམ་རིག་སྐར་རྩིས་རིག་གཞུང་ཐེངས་ལྔ་པའི་བགྲོ་གླེང་ཐོག་ཏུ་གདན་ཞུས་ལྟར་ཕེབས་ནས་རིག་གཞུང་བགྲོ་གླེང་གནང་། ༢༠༡༩ལོའི་ཟླ༢པའི་ནང་བོད་ལྗོངས་སྨན་རྩིས་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། དེ་ནས་ཟླ༧པའི་ནང་ནག་ཆུ་ས་ཁུལ་སོག་རྫོང་བོད་སྨན་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་གནང་། ༢༠༡༩ལོའི་ཟླ༩པའི་ནང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་རིག་གཞུང་འཆད་ཁྲིད་དང་ལག་ལེན་དམར་ཁྲིདད་སོགས་མཛད། དེ་ནས་ཟླ༩པའི་སྨད་ལ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་བོད་སྨན་ཁང་གིས་གདན་ཞུས་ལྟར་དེར་ཕེབས་ནས་གཏར་བསྲེག་འཆད་ཁྲིད་གནང་། ༢༠༢༠ལོར་དཀར་མཛེས་མི་རིགས་རང་སྐྱོང་ཁུལ་དང་སྡེ་དགེ་རྫོང་དུ་ཕེབས་ནས་གཏར་བསྲེག་སྐོར་གྱི་སློབ་ཁྲིད་གནང་། ཆབ་མདོའི་མངའ་ཁོངས་སུ་ལྷོ་རོང་དང་། གོ་འཇོ། དཔའ་ཤོད། མཛོ་སྒང་། སྟེང་ཆེན་བཅས་སུ་ཕེབས་ནས་སློབ་ཁྲིད་དང་དངོས་ཁྲིད་མཛད། ཕྱི་ལོ༢༠༠༤ལོ་ནས་ད་བར་ཆབ་མདོ་མཐོ་རིམ་མི་སྣའི་ཨུ་ཡོན་གྱི་གཙོ་འགན་ཁུར་བ་དང་། བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་བརྒྱད་པའི་བླ་སྨན་དང་བྲག་གཡབ་རྫོང་ཆོས་དོན་ལས་ཁུང་གི་སྣེ་ཁྲིད་མི་སྣའི་འོས་འགན་འཁུར་བཞིན་ཡོད།
       ཕྱི་ལོ༢༠༠༨ལོར་ཆབ་མདོ་ས་ཁུལ་གྱི་སྲིད་གྲོས་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞི་རྩོམ་འབྲི་བྱེད་པའི་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཕུལ། ༢༠༡༡ལོའི་ཟླ༡༡པའི་ནང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་ཀྱིས«དཔྱད་ལྔའི་གབ་རྩའི་སྐོར་བཤད་པ་འཚོ་བྱེད་སྨན་པའི་ལག་དེབ»ལ་ཕུལ་བྱུང་རྩོམ་རིགས་ཀྱི་གཟེངས་རྟགས་ཕུལ། ༢༠༡༣ལོའི་ཟླ༧པའི་ནང་ཁྲིན་ཏུའུ་ཀྲུང་ལུགས་སློབ་གྲྭ་ཆེན་མོས་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་གྱི་མཚན་སྙན་ཕུལ། ༢༠༡༤ལོའི་ཟླ༡༠པའི་ནང་བོད་ལྗོངས་འཕྲོད་བསྟེན་སྡེ་ཁག་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གཉིས་ཀྱིསབོད་རང་སྐྱོང་ལྗོངས་གྲགས་ཅན་བོད་ལུགས་སྨན་པའི་གཟི་བརྗིད་མཚན་སྙན་ཕུལ། ༢༠༡༥ལོའི་ཟླ༩པའི་ནང་ཀྲུང་གོ་མི་རིགས་སློབ་ཚོགས་ཀྱིས་ཆེད་མཁས་ཞིབ་འཇུག་དང་ཕུལ་བྱུང་ལག་རྩལ་སློབ་མའི་སློབ་དཔོན་གྱི་མཚན་ཐོབ་ཕུལ། ༢༠༡༦ལོའི༡༡པའི་ནང་ཀྲུང་གོ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སློབ་གསོ་ཅུད། ཀྲུང་གོ་རྒྱལ་ཡོངས་འཕྲོད་བསྟེན་ཅུད། རྒྱལ་ཡོངས་སྨན་རྫས་དོ་དམ་ཅུད་བཅས་ཀྱིས་ཀྲུང་གོ་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་རྒྱུན་འཛིན་སློབ་དཔོན་གྱི་མཚན་གནས་ཕུལ། ༢༠༡༦ལོའི་ཟླ༡༠པའི་ནང་ཆབ་མདོ་འཕྲོད་བསྟེན་སྡེ་ཁག་གིསབོད་ལུགས་གསོ་རིག་དཔྱད་ལྔའི་ལག་ལེན་ཆེད་མཁས་སློབ་དཔོན་གྱི་མཚན་སྙན་ཕུལ། ད་ལྟ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་གྱི་གོ་ཐོབ་ཕུལ་བ་བཞེས་མུས་ཡིན་མོད། སྤྱི་ལོ༢༠༢༥ལོའོ་སྤྱི་ཟླ༡༢པའི་ཚེས༩སྟེ་གཟའ་མིག་དམར་ཉིན་ཕྱི་དྲོ་ཆུ་ཚོད༣པའི་སྟེང་ནས་དམ་པ་ཁོང་གི་སྐུ་ཡུལ་ནས། ཕྱི་བཤོལ་ལེ་ལོ་ཅན་རྣམས་ཐོས་བསམ་ཆོས་ལ་བསྐུལ་ཕྱིར། སྨན་པའི་རྒྱུ་དྲུག་དང་ལྡན་པའི་བོད་ཀྱི་ངེས་དོན་གྱི་སྨན་པ་ཆེན་པོ། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད། དགེ་རྒན་བཀའ་དྲིན་ཅན་གསོ་རིག་མཁས་དབང༧བཀྲ་རྒྱལ་ཁོང་གིས་ཚེ་སྲོག་གི་ཆེས་མཇུག་མཐའི་དབུགས་ཀྱི་རྒྱུ་བ་ཡང་སེམས་ཅན་ནད་པ་ཉམ་ཐག་ལ་བལྟ་ཞོར་དང་སློབ་བུ་དག་གི་དོན་དུ་སློབ་ཁྲིད་བྱེད་ཞོར་དུ་གློ་བུར་དུ་མི་མངོན་ཞི་བའི་དབྱིངས་སུ་གཤེགས།

རྒྱུ་ཆའི་ཡོང་ཁུངས། དྲ་བ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།