བོད་ལུགས་གསོ་རིག་གི་མཁས་དབང་བཀའ་དྲིན་ཅན་རྒན་དམ་པ་བཀྲ་རྒྱལ་ཚང་རྗེས་སུ་དྲན་པ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-18 08:46:06 ཀློག་གྲངས།:
       སྤྱི་ལོ༢༠༢༥ལོའི་ཟླ༡༢པའི་ཚེས༩ཡི་ས་སྲོད་ཆུ་ཚོད༧ཡས་མས་ཤིག་ལ་ཁོ་བོ་དགེ་གྲོགས་འགས་མགྲོན་འབོད་བྱས་པར་སོང་ནས་ཁོ་ཚོ་དང་ལྷན་དུ་དགོང་ཟས་ལ་རོལ་བ་ཡིན། དེ་ནས་ཡང་གྲོགས་པོ་ཞིག་གི་སྡོད་ཤག་ཏུ་སོང་ནས་ཇ་བཏུང་། དེ་ནས་དར་མཚོ་རྫོང་གི་ཧ་ཅང་རྒྱུས་ཡོད་ཀྱི་གྲང་ཤུར་ཤུར་གྱི་ལྷགས་པ་གདོང་གིས་བསུས་ཏེ་ཕྱིར་རང་ཁྱིམ་དུ་ལོག །གློག་ཀླད་ཀྱི་སྒོ་ཕྱེས་ཏེ་ཡིག་སྒྱུར་ཞིག་གི་འཕྲོ་ཅུང་བསྐྱངས། ཞར་ཞོར་དུ་ངན་གོམས་ཆགས་པའི་དབང་གིས་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་མཚོ་གཡས་རུ་གཡོན་རུ། རྨ་ཕ་རི་ཚུར་རི། བོད་མདོ་དབུས་ཁམས་གསུམ། མདོར་ན་བོད་ཁ་བ་ཅན་གྱི་གྲོགས་པོ་ངོ་ཤེས་ཡོད་ཚད་ཀྱིས། ནང་དོན་སྣ་ཚོགས། བརྗོད་བྱ་མི་འདྲ་བ། པར་རིས་མི་གཅིག་པ། རྟ་གྲོ་གྲོ་ཡི་སྤུ་དང་། ལུག་མོག་མོག་གི་བལ་ལྟ་བུའི་བརྗོད་གཞི་ཅི་རིགས་བསྐུར་ཡོད་པར་ཐེངས་ཤིག་བལྟས་པ་ཡིན། ཨ་ཁ་ཁ། དེ་ལས་གྲོགས་པོ་ཞིག་གི་སྐད་འཕྲིན་རྒྱབ་ལྗོངས་སུ། གདུང་སེམས་ཆེན་པོའི་ཁྲོད་ནས་མིག་ཆུ་ཕུད་དགོས་བྱུང་། ཞེས་མིག་ཆུ་ཤོར་བའི་པར་རིས་གསུམ་བསྟུད་མར་བཀོད་འདུག །ཁོ་བོས་དེ་མཐོང་པས་ཡང་བོད་གངས་ཅན་པའི་མི་ཆེན་བླ་ཆེན་མཁས་ཆེན་གང་ཞིག་སྐུ་གཤེགས་པ་རྟོགས་པ་དང་། གྲོགས་པོ་འདི་སྨན་པ་ཞིག་ཡིན་པའི་ཆ་ནས་བོད་སྨན་མཁས་དབང་སུ་ཞིག་སྐུ་མྱ་ངན་ལས་འདས་པ་གོར་མ་ཆག་སྙམ་སྟེ། གྲོགས་པོ་གཞན་དག་གི་སྐད་འཕྲིན་རྒྱབ་ལྗོངས་རྒྱུ་མ་འདེད་འདེད་བྱས་པས། སྐུ་ཚེ་གང་པོར་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་མཛད་རྗེས་བླ་ལྷག་ཏུ་ཆེ་བའི་བཤེས་གཉེན་མཆོག་སྐུ་མྱ་ངན་ལས་འདས་པ་ལ་གདུང་སེམས་དྲག་པོས་མྱ་ངན་ཞུ། ཞེས་མིག་ཆུ་གཏོང་པའི་པར་རིས་གསུམ་ཁ་བྱང་དུ་བཞག་ཅིང་། གཤམ་དུ་རྒན་བཀའ་དྲིན་ཅན་ཁོང་བཀྲ་རྒྱལ་ཚང་གི་པར་བཀོད་པ་མཐོང་བྱུང་། དེ་མཐོང་པས་ཡུག་ཅིག་ལ་རང་གི་མིག་ལ་རང་ཡིད་མི་ཆེས་པ་ལྟར་བྱུང་། དེ་ནས་དུས་ཡུན་ཙམ་ནས་བལྟས་པས། ཨ་ཁ་ཁ། གྲོགས་པོ་མང་པོས་རྒྱབ་ལྗོངས་རྒན་བདེ་གཤེགས་ཚང་གི་སྐུ་པར་རེད། ད་དུང་ཁ་བྱང་ལ་གསོ་རིག་བསྟན་པའི་སྐར་ཆེན་ཞིག་ས་ལ་ལྷུང་སོང་། ཞེས་པའི་དྲྭ་རྩོམ་ཞིག་དང་ཁོང་གི་སྐུ་པར་རེད། གསོ་རིག་མཁས་དབང་ཁྱེད་ཉིད་གློ་བར་དུ་གཤེགས་པར་མྱ་ངན་ཞུ། གསོ་རིག་བསྟན་པའི་སྐར་ཆེན་རྒན་བཀྲ་རྒྱལ་མཆོག་སྤྱི་ལོ༢༠༢༥ལོའི་ཟླ༡༢པའི་ཚེས༩ཉིན་རང་ཁྱིམ་དུ་སྐུ་གཤེགས་སོང་པས། ཁ་ཞེ་གཉིས་མེད་ངང་གདུང་སེམས་མཉམ་བསྐྱེད་བྱའོ། །
       ཉིན་ཉི་ཤུའི་སྔོན་ཞལ་བཞུགས་ཤིང་བཀའ་སློབ་དག་ཀྱང་ཆུ་རྒྱུག་རྒྱུག་གནང་བཞིན་པ་ལ་དེ་རིང་གློ་བུར་དུ་སྐད་ངན་དེ་འདྲ་བདེན་པ་ཡིན་ག་ལ་སྲིད། མི་བདེན་པར་ཤོག །ཁོང་ནི་ཚེ་འཕོས་གྱུར་མ་ཐག །སྤྲུལ་བའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །བདེ་བ་ཅན་དུ་སྐྱེ་བར་ཤོག །མཁས་བཙུན་བཟང་བའི་ཡོན་ཏན་ལྡན་ཞིང་སྨན་རྩིས་ཀྱི་གཞུང་དང་ལག་ལེན་སྤྱི་དང་། ཁྱད་པར་དཔྱད་མཆོག་གཏར་གའི་ཕྱག་ལེན་རྒྱ་ཆེར་སྤེལ་བར་བླ་ན་མེད་པའི་མཛད་རྗེས་ཅན་མཁས་དབང་བཀྲ་རྒྱལ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་ཞུ། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་དམ་པ་རྒན་བྲག་གཡབ་བཀྲ་རྒྱལ་མཆོག་གློ་བུར་དུ་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ། གསོ་བ་རིག་པའི་སྐར་ཆེན་ཞིག་བཞུད་སོང་། མྱ་ངན་གྱི་ཆར་བ་འབབ་དུས། ཁྱེད་ཀྱིས་བཞག་པའི་རིག་གཞུང་བསམ་བློ་ནི། སེམས་གསོའི་རྒྱགས་ཕྱེ་རེ་རེ་ཡིན། བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པར་མཛད་རྗེས་ཆེ་བའི་རྒན་བཀྲ་རྒྱལ་མཆོག་སྐུ་གཤེགས་པར་མྱ་ངན་ཞུ། ཕྱི་བཤོལ་ལེ་ལོ་ཅན་རྣམས་ཐོས་བསམ་ཆོས་ལ་བསྐུལ་ཕྱིར། སྨན་པའི་རྒྱུ་དྲུག་དང་ལྡན་པའི་བོད་ཀྱི་ངེས་དོན་གྱི་སྨན་པ་ཆེན་པོ། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད། དགེ་རྒན་བཀའ་དྲིན་ཅན་མཁས་དབང་བཀྲ་རྒྱལ་ཁོང་གིས་ཚེ་སྲོག་གི་ཆེས་མཇུག་མཐའི་དབུགས་ཀྱི་རྒྱུ་བ་ཡང་སེམས་ཅན་ནད་པ་ཉམ་ཐག་དང་དེར་འདུས་སློབ་བུ་དག་གི་དོན་དུ་ཕུལ་ཏེ་གློ་བུར་དུ་མི་མངོན་ཞི་བའི་དབྱིངས་སུ་གཤེགས་པ་ལ་རྗེས་དྲན་དང་མྱ་ངན་ཡང་ཡང་ཞུ། དུས་རབས་འདིར་བོད་གསོ་རིག་གི་གདུང་འདེགས་ཀ་ཆེན་ལྟ་བུའི་བསྟན་འཛིན་སྐྱེས་བུ་དམ་པ་ཞིག་སྐུ་གཤེགས་པར་ཕངས་སེམས་དང་བཅས་སྙིང་ཁོང་རུས་པའི་གཏིང་ནས་མྱ་ངན་ཞུའོ། །ཞེས་རྒན་ཁོང་གི་བོད་ཁ་བ་ཅན་གྱི་ག་ས་གང་ནས་སློབ་བུ་མང་པོས་སེམས་གདུང་བས་མནར་བཞིན་མྱ་ངན་ཞུ་ཚིག་མང་པོ་སྤེལ་འདུག །ཁོ་བོས་ཀྱང་གཞན་གྱིས་སྐུར་བཞིན་པའི་དྲྭ་རྩོམ་དང་ཁོང་གི་སྐུ་པར་ཅན་དེ་དང་། ཁ་བྱང་དུ། “བོད་ལུགས་གསོ་རིག་གི་གདུང་འདེགས་ཀ་བ་ལྟ་བུའི་གཞན་ལ་ཡོད་ན་སྨོན་རྒྱུ་དང་རང་ལ་ཡོད་ན་ངོམ་རྒྱུ་ཡི་མཁས་དབང་དམ་པ། བཀའ་དྲིན་ཅན་གྱི་རྒན་བྲག་གཡབ་བཀྲ་རྒྱལ་ཚང་དེ་རིང་སྐུ་གཤེགས་སོང་ཟེར་བའི་གཏམ་ངན་དེ་ཐོས་པས་སེམས་ཧ་ཅང་སྐྱོ་སོང་།”ཞེས་པ་ཐལ་མོ་སྦྱར་བའི་པར་རིས་དང་བཅས་སྐད་འཕྲིན་རྒྱབ་ལྗོངས་སུ་བཀོད་པ་ཡིན།
       དེ་ཡང་ལོས་ཡིན་ཏེ། རྒན་དམ་པ་ཁོང་གིས་དགུང་ལོ་བགྲེས་པའི་དཀའ་ཚེགས་ལ་མི་འཛེམས་པར། བོད་གངས་ཅན་པའི་སྟོད་ཉིམ་ལྷ་ས་ནས། སྨད་ཨ་མདོའི་དར་མཚོ་རྫོང་། གཅན་ཚ། ཆབ་ཆ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། བསང་ཆུ་རྫོང་བོད་སྨན་ཁང་། བར་གྱི་རྫ་སྐྱེ་རྒུ་སོགས་ཀྱི་བོད་སྨན་ཁང་ཆེ་མ་ཆུང་གསུམ་ནས། དཔྱད་མཆོག་གཏར་ག་གཙོ་བྱས་པའི་ལུང་དང་ལག་ལེན་དམར་ཁྲིད་དཔེ་མི་སྲིད་པ་མང་པོ་གྲངས་མེད་གནང་སོང་པས། ཁོང་བསྟེན་པའི་སློབ་བུ་རྣམས་ཀྱིས། མཆོག་ཉིད་དེ་རིང་ཕྱི་དྲོར་སྐུ་གཤེགས་པ་ཐོས་པ་ཙམ་གྱིས། དུས་ཚོད་ཐུང་ཐུང་གི་ནང་དུའང་། སློབ་བུ་འདི་འདྲའི་མང་པོ་ཞིག་གིས་མྱ་ངན་ཞུས་སོང་། སྤྱིར་ང་ཚོ་བོད་པ་ཚང་ཟེར་བ་འདི་རང་མི་ལས་གཞན་མི་ལ་ཨ་གསར་ཆེ་ཞིང་། སྐྱེས་བུ་ཅི་འདྲའི་རླབས་ཆེན་ཞིག་ཡིན་ན་ཡང་། དེ་གསོན་དུས་ཕྲག་དོག་དང་སྐྱོན་མཚང་འབྲུ་ཞིང་སྐུར་འདེབས་བྱེད། ངན་གཏམ་སྨྲ། གཤེགས་དུས་ད་གཟོད་དེ་མི་སྣ་རླབས་ཆེན་ཡིན་ཚུལ། བྱས་རྗེས་ཅི་འདྲ་བཞག་ཚུལ་སོགས་ཀྱི་སྨྲེ་ངག་འདོན་རྒྱུར་དགའ་མོད། ཡིན་ན་ཡང་། རྒན་དམ་པ་ཁོང་ནི་དེ་དང་གཏན་ནས་མི་འདྲ་སྟེ། ཁོང་ལ་རྗེས་དྲན་ཞུ་མཁན་ནི་ཁོང་འཇིག་རྟེན་དཀར་ངོགས་ན་བཞུགས་དུས། ལུང་དང་གདམས་ངག་གིས་བསྐྱངས་ཤིང་། ཕྱག་ལེན་དམར་ཁྲིད་ཀྱིས་བྱིའུ་ཕྲུག་བྱིའུ་མས་རྒུམ་འབུས་གསོ་གསོ་བྱས་པའི་སློབ་མ་རྣམས་རེད། གསོ་རིག་སློབ་གྲྭའི་དགེ་རྒན་དང་། གཞུང་སྒེར་སྨན་ཁང་གི་ལྷ་རྗེ་རྣམས་རེད།
       ཁོ་བོ་རྒན་དམ་པར་ཐོག་མར་ཞལ་མཇལ་དུས་ནི། སྤྱི་ལོ༢༠༡༡ལོ་ཙམ་རེད། དེ་དུས་ཁོ་བོ་མཚོ་སྔོན་གསོ་རིག་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན་པས། དགེ་རྒན་ཆེན་མོ་སྐལ་བཟང་རྡོ་རྗེ་སོགས་དང་ལྷན་དུ་གཅན་ཚ་རྫོང་བོད་སྨན་ཁང་དུ་སོང་སྟེ། རྒན་དམ་པའི་གབ་རྩ་དྲུག་ཅུ་རེ་ལྔ་ཡི་ལུང་ཁྲིད་དང་། ནད་ཐོག་ལག་ལེན་དམར་ཁྲིད་ལ་ཞུགས་པ་ཡིན། དངོས་གནས་བོད་ཁ་བ་ཅན་དུ་གཏར་རྩ་དོན་བདུན་གྱི་ཕྱག་ལེན་མཁས་པ་བཞུགས་ཀྱང་། གབ་རྩ་དྲུག་ཅུ་རེ་ལྔ་ཡི་ལག་ལེན་ལ་ཐོགས་རྡུགས་ཉམ་ང་མེད་པ་ནི། རྒན་དམ་པ་ཁོང་གཅིག་པུ་ཡིན་ཚོད་རེད། དེ་བས་ཁོང་ལ་དེའི་ཐད་ནས་བཀའ་དྲིན་མི་ཆེའམ། ཐ་ན་ཁོང་གིས་སྐེ་ཡི་འཕར་རྩ་རྩེ་ཆུང་ལ་ཉེན་ཁ་ཇི་ལྟར་ཆེ་ཡང་བག་ཚ་བ་མེད་པར་གཏར་ནས་སློབ་བུ་རྣམས་ལ་ལག་ལེན་བུམ་པ་གང་བྱོས་དམར་ཁྲིད་མཛད། འདི་འདྲའི་ལག་ལེན་ཉེན་ཁ་ཆེ་ཞིང་ཕན་འབྲས་ཀྱང་མངོན་གསལ་ཡིན་པའི་གདམས་པ་ནི། སྟག་འདྲ་བའི་རྒན་ཁོང་གཅིག་པུ་ལ་མ་གཏོགས་དཀོན་ཚོད་རེད། དེ་རྗེས་བྱང་ནག་ཆུའི་སྦྲ་ཆེན་རྫོང་གི་སྤུར་རྒྱལ་གངས་རིའི་ཉེ་འགྲམ་དུ་ཁོང་དང་ཨེན་ཙམ་ལ་མཇལ་མྱོང་ཞིང་མཉམ་པར་ཞིག་ཀྱང་བཏབ་པ་ཡིན། ཐེངས་དེ་ནི་སོག་རྫོང་གི་རྒན་དམ་པ་བསྟན་སྲུང་གྲགས་པ་ལགས་ཀྱི་རྩ་སྦྱོང་གི་ཚོགས་ཆེན་ཞིག་བསྡུས་པའི་ཆེད་མཁས་ཚོ། སྦྲ་ཆེན་གྱི་མཛེས་སྡུག་གི་ཡུལ་ལྗོངས་སུ་ཁྲིད་པ་རེད། ཁོ་བོ་ཐག་ཞོར་འབྲང་འདྲུད་ཙམ་ཡིན། སྤྱི་ལོ༢༠༢༤ལོའི་ཟླ༡༠པར་ངེད་དར་མཚོ་རྫོང་བོད་སྨན་ཁང་གིས་རྒན་དམ་པ་ཁོང་གདན་འདྲེན་ཞུས་ཏེ། སྨན་ཁང་གཞན་དང་ཡུལ་ཕྱོགས་སོ་སོར་ཡང་དྲྭ་ཐོག་ནས་བརྡ་སྦྱོར་སྤེལ་ཏེ། གོ་བའི་ཡུལ་ལ་ཀི་དང་མི་གོ་བའི་ས་ཆར་བརྡ་བཏང་པས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ནང་བཞིན་དུ། སྨན་པ་དོན་གཉེར་བ་སྐྱ་སེར་གཉིས་ཀ །གཞུང་སྒེར་རིས་མེད། ཡུལ་ཕྱོགས་རིས་མེད་ནས་མདོ་སྨད་དར་མཚོར་འདུས་བྱུང་། ཐེངས་དེའི་ལུང་དང་ལག་ལེན་གྱི་ཁྲིད་གཞི་ནི། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི«གསོ་རིག་འབུམ་རམས་པ་བཀྲ་རྒྱལ་མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས»ཞེས་པ་སྟེ། དོན་དུ། «༄༅། །གཏར་གའི་ལག་ལེན་དམར་ཁྲིད་དེའུ་དམར་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །»ཞེས་པའི་གཏར་རྩ་དོན་བདུན་དང་། གབ་རྩ་དྲུག་ཅུ་རེ་ལྔའི་ལུང་ཁྲིད་དང་། ནད་ཐོག་ལག་ལེན་དམར་ཁྲིད་མཛད་པ་དང་། «༄༅། །མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་གི་འགྲེལ་བ་བློ་གསར་དགྱེས་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །»ཞེས་པའི་ལུང་ཁྲིད་དང་ནད་ཐོག་ལག་ལེན་དམར་ཁྲིད་ཕྲ་ཞིང་ཞིབ་པ་གནང་སོང་། རང་ཉིད་ནད་ཐོག་གི་སྨན་པ་ཞིག་ཡིན་པའི་ཆ་ནས་མེ་བཙའི་ལག་ལེན་ལ་ཧ་ཅང་དགའ་བོ་ཡོད་པ་དང་། མེ་བཙའ་ཡང་མང་པོ་བཏབ་དང་གདབ་བཞིན་ཡོད་མོད། དེ་ལས་ལག་ལེན་ཁྲོད་གདབ་ཚུལ་མི་རྟོགས་པ་དང་། གདབ་པའི་གནས་ངོས་མི་ཟིན་པ། བཀའ་འདྲི་བྱེད་སའི་སྨན་པ་མཁས་པ་དཀོན་པ་བཅས་ཀྱི་དཀའ་ཁག་གང་མང་ལ་འཕྲད་མྱོང་ཡོད། དེ་ལས་དཔེར་མཚོན་ཙམ་བཀོད་ན། མེ་བཙའི་ར་བ་དགུ་སྐོར་ལྟ་བུ་རེད། རྒན་ཁོང་གི་བཀའ་དྲིན་ལས། ཐེངས་དེར་མེ་བཙའི་ར་བ་དགུ་སྐོར་ཡང་ཡིག་ཐོག་དང་ལག་ལེན་ཟུང་སྦྲེལ་གྱིས་ངོ་སྤྲོད་རྒྱས་པར་གནང་སོང་། ལོ་ངོ་མང་པོར་རྩད་མ་ཆོད་པར་ལུས་པའི་སྨན་པ་ཞིག་ལ་མཚོན་ན། འདི་ལྟ་བུ་ནི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟ་བུའི་ཡོང་འབབ་གྱ་ནོམ་པ་ཞིག་ཅི་ལ་མིན། གཞན་སྐབས་དེར་ཁོང་གིས་ཕྱག་ལེན་སྣ་མང་པོ་ཞིག་གནང་ཡོད་དེ། དཔེར་ན། གསེར་ཏེལ་སོགས་ཏེལ་བ་དང་། བྱིས་པའི་ཞོ་པྲ་བརྟག་ཚུལ། སྙིང་ནད་ལ་ཕན་པའི་ལུག་སྙིང་གི་སྦྱོར་བ། མེ་བཙའི་སྤྲ་བ་འདུལ་ལུགས་སོགས་རེད། རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོའི་སྦྱོར་སྡེའི་སྨན་རྫས་ལ་ཡང་རེ་རེ་བཞིན་བརྒལ་བརྟག་མཛད། དེ་ལས་གངས་ཐིགས་ལོ་སྟོང་ལོན་ན་སྤུག་ཡིན། དེ་གཡུ་དང་འདྲ་བོ་ཡོད། ཤེལ་གཅོད་ཐུབ་ཚེ་ཤེལ་རྡོ་ཡིན་ཞེས་གནད་འགག་འགའ་ཡང་གསུངས་སོང་། འཚོ་འཆིའི་ལ་ཤན་རྩ་ཡིས་འབྱེད་ན་ཡང་། །ཚ་གྲང་ལ་ཤན་ཆུ་ལ་མཐོང་བས་གསལ། །ཞེས་པ་བཞིན་གྱི་དྲི་ཆུའི་བརྟག་ཞིབ་བཅས་མང་པོ་གསུངས་སོང་། མང་པོ་བསྟན་སོང་། མང་པོ་ཁྲིད་སོང་། དེ་ལྟར་ཁོང་གིས་ནམ་ཡང་ཞལ་འཛུམ་བག་གྱི་ལེར། འགྲོགས་བདེ་གཤིབ་བདེའི་ངང་ནས། ངག་འཇམ་པ་དང་གསུང་སྐད་ཕྲ་ཞིང་སྙན་པའི་སྒོ་ནས། ཁོང་གི་གཏར་ག་དང་མེ་བཙའི་མཚོན་པའི་གཞུང་ལུགས་དང་། ཕྱག་ལེན་གྱི་ཉམས་མྱོང་ཅི་ཡོད། ཐུགས་དགྱེས་པ་ཆེན་པོས་སྐུ་ཚེགས་དཀའ་ལས་ལ་མི་འཛེམས་པར། བོད་ལུགས་གསོ་རིག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ། བུམ་པ་གང་བྱོའི་ཚུལ་དུ་ངེད་དར་མཚོ་རྫོང་བོད་སྨན་ཁང་གི་སྨན་པ་ཡོངས་དང་། དཀར་མཛེས། ཀན་ལྷོ། རེབ་ཀོང་། མགོ་ལོག །སྐྱེ་རྒུ། ནང་ཆེན། མཚོ་ནུབ། མཚོ་བྱང་། ཆབ་ཆ། མང་རྫོང་། འབའ་རྫོང་། གཅན་ཚ་སོགས་ཕྱོགས་ཅི་རིགས་ནས་ཕེབས་པའི་སློབ་བུ་སྐྱ་སེར་མང་པོར་གནང་པར་བཀའ་དྲིན་ཞུ།
       རྒན་ལགས། ཁྱེད་ཀྱི་གསོ་དཔྱད་ཀྱི་མཛད་འཕྲིན་བརྗོད་ན། འདི་ཙམ་ནི་མར་ནང་གི་སྤུ་དང་། རི་རབ་སྟེང་གི་རྩྭ་རྐང་གཅིག་ཙམ་ཡིན་མོད། ཡིན་ན་ཡང་། སློབ་བུ་ཁོ་བོར་མཚོན་ན། ཆེས་རྒྱུས་མངའ་ལྡན་པ་ནི་འདི་ཙམ་ཡིན་པས་དེ་ལྟར་བརྗོད་པ་ཡིན། མཆོག་ཉིད་ཀྱི་སྐུ་ཚེ་གང་བོ་ནད་པ་གསོ་བཅོས་དང་། གཏར་ག་གཙོ་མཛད་དེ་བོད་ལུགས་གསོ་རིག་གི་གཞུང་ལུགས་སློབ་ཁྲིད། ལག་ལེན་དམར་ཁྲིད་བཅས་མཛད་དེ། བོད་མདོ་དབུས་ཁམས་གསུམ། བྱང་ནག་ཆུ། སྟོད་མངའ་རིས་དང་བཅས་སུ། སློབ་མ་རྩི་རྩི་གྲངས་མེད། ལ་ཁའི་རྩི་ཏོག་དང་། གྲམ་གཞུང་གི་རྡེའུ། ནམ་མཁའི་སྐར་ཚོགས་ཇི་བཞིན་ཐུགས་རྗེས་བསྐྱངས་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་པས། རྒན་ཁྱེད་ཀྱི་བཀའ་དྲིན་ནི་རི་རབ་བཞིན་དུ་གཏོས་ཆེ་ཞིང་རྒྱ་མཚོ་ལྟར་དུ་གཏིང་ཟབ་བོ། །
       དེ་ལྟར༢༠༢༤ལོའི་ཟླ༡༡པའི་ཚེས༣ཉིན་སྨན་ཁང་གི་བཀོད་སྒྲིག་ལྟར། ཁོ་བོས་རྒན་ཁོང་ལ་ཕེབས་རོགས་བྱས་ཏེ། མདོ་སྨད་རྫོང་བཞིའི་ཡ་གྱལ། གནས་ཁམས་ཆེན་བྲག་དཀར་སྤྲེལ་རྫོང་དུ་སོང་ནས། ཁོང་གི་གནས་མཇལ་དང་སྦྲེལ་ནས་རང་གིས་ཤེས་ཚོད་ལྟར་གནས་བཤད་ཀྱང་བྱེད་ཁུལ་བྱས་པ་ཡིན། ཁྱད་པར་དུ་ཙ་རི་དང་བྱིན་རླབས་མཉམ་པའི་གནས་ཁམས་ཆེན་བྲག་དཀར་སྤྲེལ་རྫོང་གི་ཕྱིའི་མཛེས་སྡུག་ཡུལ་ལྗོངས་ཀྱི་བཀོད་པ་དང་། དེའི་དཀར་ཆག་འབྲི་གུང་དབུར་སྨྱོན་ཆོས་ཀྱི་གྲགས་པ། མཚན་གཞན་རིག་འཛིན་དཀོན་མཆོག་བསྟན་སྐྱོང་བཟང་པོས་ཀརྨའི་གསུང་རྒྱུན་བཞིན་བསྒྲིགས་པ་ལས། དེ་ནས་ཕར་སོང་གཡོན་ཕྱོགས་ལོགས་ངོས་ལ། །ཤེལ་གྱི་བྲག་ལ་གཡུ་མདོག་ཆགས་པ་ཡོད། །དེ་དཀྱིལ་སྟེང་ལ་སངས་རྒྱས་སྨན་བླ་ཡི། །བེེཌཱུརྱ་ཡི་ལྷུང་བཟེད་ངོས་བཞིའི་ནང་། །རིན་ཆེན་སྣ་ཚོགས་སྨན་གྱིས་བཀང་ནས་ཀྱང་། །རིན་ཆེན་གསེར་དངུལ་སྒྲོམ་བུའི་ནང་དུ་རྫོངས། །རྒྱ་ནི་རིམ་པ་བདུན་གྱིས་བཏབ་ནས་བཞུགས། །རེག་མཐོང་མུ་གེའི་ནད་ལས་གྲོལ་བར་འགྱུར། །སྟེང་ཕྱོགས་གཡོན་ངོས་རང་བྱོན་འབུར་དོད་དུ། །སངས་རྒྱས་སྨན་བླ་མཆེད་བརྒྱད་གསལ་པོར་བཞུགས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླས། །བཞི་བརྒྱ་རྩ་བཞིའི་ནད་ཀུན་གྲོལ་བར་བྱེད། །ཅེས་པ་སོགས་ཀྱི་ལོ་རྒྱུས་དང་། རང་བྱོན་རྒྱང་མཇལ་མཛད་པས། རྒན་ཁོང་གི་ཐུགས་ཀྱང་དགྱེས་པོ་བྱུང་སོང་། སྔོ་ནག་ཆར་སྤྲིན་མདོག་གི་བྱ་རྡོ་ཡང་ངོས་འཛིན་མཛད་བྱུང་། དེ་ནས་ངེད་དར་མཚོ་རྫོང་བོད་སྨན་ཁང་གི་མངགས་བཅོལ་བཞིན་ང་དང་གསར་བུ་ཞིག་གིས་རྒན་ལགས་བསྐྱལ་ཏེ། མདོ་སྨད་དར་མཚོ་རྫོང་ནས། རོག་ཐུའི་ཉག་ག་བརྒྱུད། སྔོན་རྒྱལ་དབང་ལྔ་པས་རྩེ་མོ་རབ་དཀར་ཞེས་པའི་ཨ་མྱེས་རྨ་རྒྱལ་སྦོམ་རའི་བསང་ཡིག་རྩོམ་སའི་ཨ་རིག་ཆུ་ཚན་ནམ། ཡང་ན་ཨ་རིག་རབ་དཀར་ཐང་། དེ་ནས་དུག་མཚོ་སོགས་རྨ་སྟོད་ལུ་གུའི་རྩེ་ར་བརྒྱུད། ཕ་རི་རྨ་ལ་ཚུར་རི་རྫ། །རྨ་རྫ་གཉིས་ཀྱི་ཁ་བར་ན། །ཁྲ་སྟོད་ནམ་མཁའ་ལངས་པ་ནས། །ཁྲ་ཕོས་ཀི་ཀི་སྒྲོགས་པའི་ས། །ཁྲ་མོས་བསྭོ་བསྭོ་འབོད་པའི་ས། །ཁྲ་ཕྲུག་གཤོག་རྩལ་སྦྱོང་ས་ན། །ཁྲ་སྟོད་གནམ་རྫོང་ཕྱུག་མོ་རེད། །ཟེར་བ་དེ་བརྒྱུད། དེ་ནས་ཁྲི་འདུ་རྒྱ་གར་ལུང་པ་བརྒྱུད། དེ་ནས་སྐྱེ་རྒུ་བརྒྱུད། དེ་ནས་མཁན་ཆེན་ཁྲོ་རུ་ཚེ་རྣམ་ཚང་གི་ཕ་ཡུལ་འཇོ་མདའ་ལ་ཐོག་སོགས་བརྒྱུད། དེ་ནས་ཀརྨ་ཞང་བརྒྱུད། དེ་ནས་རི་དུང་སོགས་བརྒྱུད། དེ་ནས་ཆབ་མདོ་མ་ཆགས་ཆབ་མདོ་ཆགས། །ཆབ་མདོ་ཆུ་གཉིས་བར་ན་ཆགས། །ཞེས་པ་ལྟར་གཡོན་ནས་འབབ་པའི་རྫ་ཆུ་དང་། གཡས་ནས་འབབ་པའི་ངོམ་ཆུ་གཉིས་ཀྱི་གཞུང་དུ་ཆགས་པའི་ཆབ་མདོ་གྲོང་ཁྱེར་བརྒྱུད། དེ་ནས་ཁོང་གི་ཕ་ཡུལ་ཆབ་མགོ་བྲག་གཡབ་ཏུ་སོང་བ་ཡིན། ལམ་བར་དུ་རྒན་ཁོང་ལ་བཀའ་འདྲི་བྱས་པ་ལྟར། མཛོ་མོ་ཤིང་དང་། ཤིང་མ་ལྡུམ་གི་བྱ་ཕོ་ཙི་ཙི་གཉིས་ཀྱང་། ངོས་འཛིན་གསལ་ཐག་ཆོད་པ་གནང་སོང་། དེ་ནས་ཁོང་གི་ཕ་ཡུལ་དང་ཁ་ཐག་ཉེ་བའི་ལམ་གཉིས་ཀྱི་འདུས་མདོ་ཞིག་ནས། ཁོང་དང་མཉམ་པར་ཞིག་བརྒྱབ་པ་ཡིན། ཡིན་ཡང་། མཉམ་པར་འདི་ནི། རྒན་དམ་པ་ཁོང་དང་ལྷན་དུ་བརྒྱབ་པའི་འདྲ་པར་ཆེས་རྗེས་མ་དེ་ཡིན་སོང་པ་ནི། ཇི་འདྲིའི་ཡིད་སྐྱོ་བ་ཞིག་རེད་ཨང་། ད་ཐེངས་རྒན་ལགས་སྐུ་གཤེགས་པའི་གཏམ་ངན་ཐོས་ཤིང་། ངེད་དར་མཚོ་རྫོང་བོད་སྨན་ཁང་གི་འགོ་གཙོ་འབྲུག་ལྷ་ཐར་བྱ་བའི་དབང་གིས་མ་ཁོམ་པར། ང་དང་སྨན་པ་བསོད་ནམས་མཚོ། སྨན་པ་དོན་གྲུབ་ཆེ་ཆུང་གཉིས་ཀ་བཅས་ངེད་བཞི་བོ་བོད་སྨན་ཁང་གི་ཚབ་བྱས་ཏེ་རྒན་ལགས་སྐུ་གཤེགས་པར་མྱ་ངན་ཞུ་རུ་འགྲོ་དགོས་བྱུང་པ་ལྟར། ༢༠༢༥ལོའི་ཟླ༡༢པའི་ཚེས༡༡གི་ས་སྲོད་དུ། རླངས་འཁོར་ལ་བསྡད་དེ་མི་དཔག་ཆེན་གྱིས་མདའ་འཕངས་པ་བཞིན་ལམ་ལ་ཆས་པ་ཡིན། དེ་ལྟར་ངེད་བཞི་བོས་ཐང་ཆེན་ཤོག་སྐྱ་ལྟེབ་ལྟེབ་དང་། ལམ་ཆེན་གྲུ་གུ་སྒྲིལ་སྒྲིལ། ལ་གྱེན་དུ་གླ་བོ་ལྡིང་ལྡིང་། ལ་ཐུར་དུ་སྟག་མོ་མཆོངས་མཆོངས།  སྤྲིན་དཀར་པོ་ཐོད་ལ་བཅིངས། ས་ནག་པོ་འདོམ་ལ་མཇལ་ཏེ། སྡུག་གི་མཆི་མ་སེམས་ལ་བསྐྱིལ། སྐྱོ་བའི་དངན་པ་རུམ་ལ་བཅུག་སྟེ། རྒན་བདེ་གཤེགས་ཚང་གི་ཕ་ཡུལ་དུ་སླེབས་ཏེ། ཕ་ཁྱིམ་དུ་སོང་ནས། རྒན་ལགས་ཀྱི་སྐུ་གདུང་ལ་མཇལ་ཁ་ཞིག་བྱས་ཏེ། ཁོང་གི་སྲས་སོགས་མི་བདག་རྣམས་ལ་མྱ་ངན་ཞུས་པ་ཡིན།
       ཡིན་ཡང་། རྒན་དམ་པ་ལགས། ཁྱེད་ཀྱི་ཞལ་འཛུམ་བག་ཅན་དེ་མཇལ་རྒྱུ་མ་བྱུང་། གསུང་འཇམ་ཤ་ཅན་དེ་ཐོས་རྒྱུ་མི་འདུག །འདི་ལྟར་རྒན་དམ་པ་བཀའ་དྲིན་ཅན་ཁྱེད་སྐུ་མྱ་ངན་ལས་འདས་སོང་། ན་ཚ་ཅི་ཡང་མེད་པར་གློ་བུར་དུ་གཤེགས་སོང་། གཏར་གའི་ལག་ལེན་གྱིས་གཡུ་ཐོག་གི་བསྟན་པ་བསྐྱངས་ནས་ཕེབས་སོང་། མེ་བཙའི་གདམས་པས་བྱང་ཟུར་གྱི་དར་ཆ་བསྒྲེངས་ནས་ཕེབས་སོང་། སྙིང་རྗེས་ངང་ནད་པ་མང་པོ་བཅོས་ནས་ཕེབས་སོང་། ལྷག་བསམ་གྱི་སློབ་མ་མང་པོ་བསྐྱངས་ནས་ཕེབས་སོང་། བརྩོན་འགྲུས་ཀྱིས་བསྟན་བཅོས་གལ་ཆེན་བརྩམས་ནས་ཕེབས་སོང་། མི་སུ་ཡང་འདི་ལྟར་ཕེབས་དགོས་པ་འདྲ་འདྲ་ཡིན་ཡང་། རྒན་དམ་པ་ལགས། ཁྱེད་ནི་གཞན་དང་མི་འདྲ་བའི་གཞལ་ཡས་ཁང་འདྲ་འདྲ་དང་། ཀུན་དང་མི་མཚུངས་པའི་ལྷ་སའི་ཇོ་བོ་ལྟ་བུ་ཡིན་པས། ཁྱེད་ཀྱི་བཀའ་དྲིན་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད་དོ། །
༢༠༢༥ལོའི་ཟླ༡༢ཚེས༡༤ཉིན་ལ་མདོ་སྨད་དར་མཚོ་ནས།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།