ཡིག་སྒྱུར་ལག་ལེན་ལས་བདག་གཞན་དུས་གསུམ་དང་ཚིག་གི་གོ་རིམ་ལ་ཅུང་ཟད་དཔྱད་པ།

རྩོམ་པ་པོ།:སངས་རྒྱས་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-12-31 09:17:36 ཀློག་གྲངས།:
ནང་དོན་གནད་བསྡུས། དངོས་པོ་བདག་གཞན་དང་དུས་གསུམ་ནི་ཡིག་སྒྱུར་ལག་ལེན་ཁྲོད་ནས་གནད་དོན་འབྱུང་སླ་ཤོས་དེ་ཡིན་པས་འདིར་བརྡ་སྤྲོད་ཀྱི་གཞུང་ལ་གཏུགས་ཤིང་སྲོལ་རྒྱུན་བསྟན་བཅོས་ཀྱི་དཔེ་རྒྱུན་ཚད་མ་འགའ་དཔེར་དྲངས་ནས་དངོས་པོ་བདག་གཞན་ཇི་ལྟར་བསྒྱུར་ཚུལ་ཅུང་མདོར་བསྡུས་པའི་སྒོ་ནས་བཤད་ཡོད་པ་མ་ཟད། དེང་གི་དུས་སུ་འབྱུང་བཞིན་པའི་དུས་གསུམ་གྱི་གནད་དོན་ཡང་དཔེ་མང་པོའི་སྒོ་ནས་གསལ་པོར་བཤད་དེ་ཐ་སྙད་རང་སྟེང་ནས་དུས་གསུམ་གྱི་ནུས་པ་འདོན་དགོས་པའི་ལྟ་བ་བཏོན་ཡོད། གཞན་ཚིག་གི་གོ་རིམ་ཡང་ནང་དོན་ཁག་གཉིས་སུ་དབྱེ་ནས་བོད་རང་གི་ཚིག་གི་གོ་རིམ་ཇི་ལྟ་བུ་ཡིན་པ་དཔེ་དུ་མའི་སྒོ་ནས་གསལ་པོར་བསྟན་ཡོད།
བརྡ་ཆད་གཙོ་བོ། དངོས་པོ་བདག་གཞན། དུས་གསུམ། ཚིག་གི་གོ་རིམ།

དང་པོ། དངོས་པོ་བདག་གཞན་གྱི་མིང་སྒྱུར་སྟངས།
       «མུ་ཏིག་ཕྲེང་མཛེས»ལས།“ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་ད་ལྟ་བ་དང་། བྱ་བའི་ལས་ནི་མ་འོངས་པར་འདུ་ཞིང་། བདག་གཞན་གྱི་དབང་གིས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན།”ཞེས་གསུངས་པ་བཞིན་བྱེད་པ་ད་ལྟ་བ་དང་ལས་ནི་མ་འོངས་པ། འབྲས་བུ་ལ་འདས་པ་ཐོབ། བོད་ཀྱི་སྲོལ་རྒྱུན་བསྟན་བཅོས་སུའང་བྱ་དངོས་ཀྱི་མིང་དག་བརྡ་སྤྲོད་ཀྱི་རིག་པ་འདིར་གཞིར་བཟུང་ནས་བཏགས་ཡོད། ལས་སམ་བྱ་བའི་ཡུལ་མ་འོངས་པས་བཏགས་ཡོད་པ་དཔེར་ན། རྒྱལ་པོས་ཅི་ཙམ་འདོད་དྲིས་པས་གདིང་བས་ཅི་ཙམ་ནོན་པའི་ས་འདོད་གསུངས་པ་ལ་འཕགས་པ་ཅི་བདེར་བཞེས་ཤིག་ཞུས་པས། ལྟ་བུ། གདིང་གི་དོན་ནི་རབ་བྱུང་པའི་སྟན་གྱི་བྱེ་བྲག་ཅིག་ཡིན་ལ། གདིང་བ་ནི་བྱ་བའི་ལས་ཡིན་པས་མ་འོངས་པ་ཡིས་བསྒྲུབས་ཡོད། དེ་བཞིན་དུ་བྱ་བའི་ཡུལ་མ་འོངས་པས་བསྒྲུབས་ཡོད་པ་གཞན་ཡང་དཔེར་ན། “练习题”ལྟ་བུ་ནི་སྦྱང་བར་བྱ་བ་ཡིན་པས་སྦྱང་ཚན་ཞེས་འབྲི་བ་དང་ཚུལ་ཁྲིམས་ཀྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ་སྟེ་བསླབ་པར་བྱ་བའི་གནས་གསུམ་ལ་བསླབ་པ་གསུམ་ཞེས་འཁོད་པ་ལྟ་བུ། བྱེད་པ་ད་ལྟ་བ་ཡིས་སྒྲུབ་པ་ནི་ལེགས་ཉེས་བླང་དོར་སྟོན་མཁན་ཡིན་པས་སྟོན་པ་ཞེས་པ་དང་འཁོར་བའི་རྒྱ་མཚོ་ལས་ཕ་རོལ་ཏུ་སྒྲོལ་མཁན་ཡིན་པས་སྒྲོལ་མ་འདོགས་པ་ལྟ་བུ། དེ་བཞིན་དུ་བྱེད་པ་པོ་དང་འབྲེལ་བའི་ཡོ་བྱད་སོགས་ཀྱང་ད་ལྟ་བས་སྒྲུབ་སྟེ། “锥子”ལ་འབིགས་ཞེས་པ་དང“推刨”ལ་ལེན་ཞེས་འབོད་པ་ལྟ་བུ། “打磨石”ལ་རྡར་ཞེས་པ་ལྟ་བུ། ཡོ་བྱད་འདི་དག་གི་མིང་ནི་བོད་རང་གིས་སྔ་མོ་ནས་བཏགས་ཡོད་པས་འདིར་བདེན་པ་བརྡར་ཆེད་དཔེར་དྲངས་པ་ཡིན། དེང་སང་འཕྲུལ་ཆས་སྣ་ཚོགས་བོད་སྐད་དུ་སྒྱུར་དུས་མིང་གི་མཇུག་ཏུ་འཕྲུལ་ཆས་ཞེས་སྦྱོར་གྱི་འདུག་མོད། དོན་དུ་འཕྲུལ་ཆས་དེའི་རིགས་ཀྱང་བྱེད་པ་དང་འབྲེལ་བས་འཕྲུལ་ཆས་མ་སྦྱར་བར་ད་ལྟ་བ་སྦྱར་བས་འཐུས། ལོ་འབྲེག་འཕྲུལ་ཆས་ལ་ལོ་འབྲེག་དང་པར་ལེན་འཕྲུལ་ཆས་ལ་པར་ལེན། ས་བརྐོ་འཕྲུལ་ཆས་ལ་ས་རྐོ་ལྟ་བུ། འབྲས་བུ་འདས་པ་ཡིས་མཚོན་པ་ནི་སངས་རྒྱས་ཀྱི་བཀའ་འགྱུར་བ་ལ་བཀའ་འགྱུར་དང་། བསྟན་བཅོས་འགྱུར་རོ་ཅོག་ལ་བསྟན་འགྱུར་ལྟ་བུ།
       དེང་གི་དུས་སུ་བདག་གཞན་དང་འབྲེལ་བའི་བྱ་དངོས་སྣ་ཚོགས་རྒྱ་སྐད་དམ་སྐད་རིགས་གཞན་པ་ནས་བོད་སྐད་དུ་སྒྱུར་བའི་དུས་སུ་བྱ་བའི་ཡུལ་ལམ་ལས་ལ་མ་འོངས་པ་ཡིས་བསྒྱུར་དགོས་ཤིང་། འབྲས་བུ་ལ་འདས་པ་ཡིས་བསྒྱུར་དགོས། བྱེད་པ་སྟེ་བདག་དང་འབྲེལ་བའི་དངོས་པོ་ད་ལྟ་བ་ཡིས་བསྒྱུར་དགོས། ང་ཚོས་ཁ་རྒྱུན་དུ་འབོད་པའི་སྐོམ་ཆུ་ལྟ་བུར་རིག་པ་འདི་སྤྱད་ན་སྐོམ་ཆུ་ནི་བྱ་བའི་ཡུལ་ལམ་ལས་ཡིན་པས་བཏུང་བྱའམ་བཏུང་ཆུ་ཞེས་མ་འོངས་པ་ཡིས་བསྒྱུར་དགོས། སྐོམ་ཆུའི་དམ་བེའི་ཁ་གཅོད་ནི་བྱེད་པ་པོ་དང་འབྲེལ་བས་གཅོད་ཅེས་ད་ལྟ་བས་སྒྱུར་དགོས་ཤིང་ཁ་གཅོད་ཅེས་པ་ལྟ་བུ། འདི་ནི་ལྷད་མེད་པའི་བོད་རང་གི་བརྡ་སྤྲོད་ཀྱི་སྒྱུར་སྟངས་ཡིན་ནོ། །
གཉིས་པ། དུས་གསུམ་གྱི་སྒྱུར་སྟངས།
       ཐ་སྙད་རང་སྟེང་ནས་དུས་གསུམ་གྱི་འགྱུར་བ་སྟོན་ཐུབ་པ་ནི་རྒྱའི་བརྡ་སྤྲོད་ལ་མེད་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། རྒྱ་སྐད་ལ་དུས་ཀྱི་ཁྱད་ཆོས་མི་གསལ་བས་སྤྱིར་བཏང་དུ་དུས་གསལ་བྱེད་ཀྱི་ཚིག་གྲོགས་སྦྱར་དགོས། རྒྱའི་ཚིག་སྦྱོར་དུ要、在、过རྣམས་ཀྱིས་རིམ་བཞིན་དུ་བྱ་བ་མ་འོངས་པ་དང་ད་ལྟ་བ།འདས་པ་བཅས་སྟོན། གལ་ཏེ་དུས་གསལ་བྱེད་ཀྱི་ཚིག་གྲོགས་མ་སྦྱར་ན་དུས་ཀྱི་རྣམ་གཞག་སྟོན་མི་ཐུབ། ཡིན་ཡང་དེང་གི་དུས་སུ་ཆ་འཕྲིན་སྣ་ཚོགས་རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་དུས་བོད་ཀྱི་སྐད་སྲོལ་དང་མི་མཐུན་ལ་འགྱུར་མཁྲེགས་པོ་གོ་དཀའ་བ་ཞིག་ཏུ་སྒྱུར་གྱིན་འདུག ལྷག་པར་སྒྱུར་ཚུལ་འདི་རིགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གང་སར་ཁྱབ་ནས་ཡོང་གིན་འདུག་པས་ངེས་པར་དོ་སྣང་བྱ་དགོས་སྙམ། གཤམ་དུ་ང་ཚོས“我们要减轻负担”དང“卓玛要创立公司”“商场要降价了”ཞེས་པའི་ཚིག་དུམ་འགའ་བོད་སྐད་དུ་ཇི་ལྟར་བསྒྱུར་ཡོད་པ་དཔེ་དྲངས་ན། ང་ཚོས་ཁུར་པོ་ཡང་གཏོང་བྱ་དགོས། ང་ཚོས་ཁུར་པོ་ཡང་གཏོང་བྱེད་བཞིན་ཡོད། ང་ཚོས་ཁུར་པོ་ཡང་གཏོང་བྱས་ཟིན། ཁུར་པོ་ཡང་གཏོང་བྱོས་ཞེས་པ་དང་སྒྲོལ་མས་ཀུང་སི་གསར་འཛུགས་བྱ་རྒྱུ་རེད། སྒྲོལ་མས་ཀུང་སི་གསར་འཛུགས་བྱེད་བཞིན་འདུག སྒྲོལ་མས་ཀུང་སི་གསར་འཛུགས་བྱས་མྱོང་། ཀུང་སི་གསར་འཛུགས་བྱོས། ཚོང་རས་རིན་གོང་མར་འབེབས་བྱ་རྒྱུ་རེད། ཚོང་རས་རིན་གོང་མར་འབེབས་བྱེད་བཞིན་འདུག ཚོང་རས་རིན་གོང་མར་འབེབས་བྱས་ཟིན། རིན་གོང་མར་འབེབས་བྱོས་ཞེས་བསྒྱུར་འདུག དོན་དམ་དུ་སྒྱུར་ཚུལ་འདི་རིགས་བོད་སྐད་དང་མཐུན་ནམ། འདི་ནི་ང་ཚོས་བསམ་གཞིག་ཡང་ཡང་བྱེད་དགོས་པ་ཞིག་རེད།
       ཕྲན་གྱི་འདོད་ཚུལ་དུ་གོང་གི་སྒྱུར་ཚུལ་འདི་རིགས་ཀྱིས་གཅིག་ནས་བོད་སྐད་ལ་ཡོད་པའི་བདག་གཞན་དུས་གསུམ་གྱི་ཁྱད་ཆོས་འདོན་མི་ཐུབ་ལ། གཉིས་ནས་རྩམ་དྲི་དང་མར་དྲི་འཐུལ་བའི་བོད་སྐད་གཤའ་མ་དང་ཡང་རྒྱང་དུ་གྱེས་བཞིན་འདུག་པས། ཐ་སྙད་རང་ལ་ཡོད་པའི་དུས་གསུམ་སྐུལ་ཚིག་གི་ཁྱད་ཆོས་རྩལ་དུ་བཏོན་ནས། བསྒྱུར་ན་ལེགས་སྙམ། འདི་རུ་གུས་པས་བསམ་ཚོད་ཀྱིས་ཅུང་ཟད་བསྒྱུར་ཡོད་པ་ནི་འདི་ལགས་སྟེ། ང་ཚོས་ཁུར་པོ་ཡང་དུ་གཏང་དགོས། ང་ཚོས་ཁུར་པོ་ཡང་དུ་གཏོང་བཞིན་ཡོད། ང་ཚོས་ཁུར་པོ་ཡང་དུ་བཏང་། ཁུར་པོ་ཡང་དུ་ཐོངས་ཞེས་པ་དང་སྒྲོལ་མས་ཀུང་སི་གསར་དུ་གཟུག་རྒྱུ་རེད། སྒྲོལ་མས་ཀུང་སི་གསར་དུ་འཛུགས་བཞིན་འདུག སྒྲོལ་མས་ཀུང་སི་གསར་དུ་བཙུགས་ཟིན། ཀུང་སི་གསར་དུ་ཚུགས། ཚོང་རས་རིན་གོང་མར་དབབ་རྒྱུ་རེད། ཚོང་རས་རིན་གོང་མར་འབེབས་བཞིན་འདུག ཚོང་རས་རིན་གོང་མར་ཕབ་མྱོང་། རིན་གོང་མར་ཕོབས་ཞེས་པའོ། །
       འདི་ལས“减轻、创立、降价”ལ་བོད་སྐད་དུ་ཡང་གཏོང་དང་གསར་འཛུགས། མར་འབེབས་བཅས་སུ་བསྒྱུར་འདུག ཡང་གཏོང་གི་གཏོང་དང་གསར་འཛུགས་ཀྱི་འཛུགས། མར་འབེབས་ཀྱི་འབེབས་ནི་བྱེད་འབྲེལ་ལས་ཚིག་ཡིན་ལ། དུས་གསུམ་གྱི་དབྱེ་བ་ཡོད་པས་རང་གི་གཟུགས་བཞིན་འགྱུར་བས་ཆོག ཡང་གཏོང་བྱེད་དང་གསར་འཛུགས་བྱེད། མར་འབེབས་བྱས་ལྟ་བུ་སྟེ་བྱེད་འབྲེལ་ལས་ཚིག་གི་རྗེས་སུ་ད་དུང་ཡང་བྱེད་བྱས་ཞེས་བསྒྱུར་བའི་སྲོལ་ཞིག་འདུག་པ་དེ་གཙོ་བོ་རྐྱེན་གཉིས་ལ་རག་ལས་འདོད། གཅིག་ནི་རྒྱ་སྐད་ཀྱི་ཤུགས་རྐྱེན་ཆེ་དྲགས་པ་དང་། གཉིས་ནི་སྒྱུར་པ་པོ་རང་སྟེང་ལ་རག་ལས། སྒྱུར་པ་པོས་ཐ་སྙད་འདི་དག་རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་དུས་མིང་མཛོད་དང་མཉེན་ཆས་དག་ནས་ཇི་ལྟར་མཐོང་བ་དེ་ལྟར་བྲིས་པ་ལས་མིང་རང་སྟེང་གི་དུས་གསུམ་གྱི་འགྱུར་བར་དེ་འདྲའི་དོ་སྣང་ཆེན་པོ་བྱས་མི་འདུག དེ་བས་བྱ་བའི་མིང་དེ་ཡང་བྱེད་འབྲེལ་ཡོད་པ་ནས་མེད་པར་ཆགས་པས་མཇུག་ཏུ་ཐབས་ཟད་དེ་བྱ་བྱེད་བྱས་ཀྱིས་དུས་སྟོན་དགོས་པར་གྱུར། བྱ་བའི་མིང་ཟློས་སྐྱོན་ཅན་དུ་གྱུར་བའི་འགག་རྩ་ཆེ་ཤོས་དེ་ཡང་འདི་རེད་སྙམ། སྤྱིར་བཏང་དུ་བྱེད་འབྲེལ་ལས་ཚིག་གི་མིང་སྒྱུར་དུས་དུས་གསུམ་གྱི་རྣམ་གཞག་སྟོན་རྒྱུ་གལ་ཆེ། འདི་ནི་འགྱུར་མར་ཟློས་སྐྱོན་མི་འབྱུང་བའི་རྒྱུ་གལ་ཆེན་ཞིག་ཡིན་ལ། བོད་སྐད་རྣལ་མ་ཞིག་འགྲུབ་པའི་མཐུན་རྐྱེན་མེད་མི་རུང་བ་དེ་ཡང་རེད་སྙམ།
       བོད་ཀྱི་དུས་གསུམ་གསལ་བྱེད་ཀྱི་ཚིག་གྲོགས་དག་ལས་ཟིན། ཚར། གྱུར། བྱས་ལྟ་བུས་དུས་འདས་པ་སྟོན། བྱེད། བཞིན། ཀྱིན་ལྟ་བུས་ད་ལྟ་བ་སྟོན། བྱ། འགྱུར། རྒྱུ། དགོས་སོགས་ཀྱིས་མ་འོངས་པ་སྟོན། བྱ་བྱེད་བྱས་བྱོས་ནི་བདག་གཞན་དུས་གསུམ་མེད་པའི་དངོས་པོའི་མིང་དང་ཁྱད་ཆོས་ཀྱི་མིང་ལ་འཇུག་པ་ཆེ་བས། དུས་གསུམ་སྐུལ་ཚིག་གི་ངོ་བོ་གསལ་པོར་སྟོན་ཐུབ་པའི་བྱ་ཚིག་གི་རྗེས་སུ་ལྷག་མར་སྦྱར་ན་ཅུང་མི་འཚམ་པར་སྙམ།
གསུམ། ཚིག་གི་སྔ་ཕྱིའི་གོ་རིམ་བཤད་པ།
       ཚིག་གི་གོ་རིམ་ལེགས་པར་མ་སྦྱར་ན་སྔ་ཕྱི་འཁྲུག་ཙམ་གྱིས་བརྗོད་པའི་དོན་ལ་འགྱུར་བ་འགྲོ་ཞིང་ཕ་རོལ་ལ་ཡང་བསམ་དོན་ལེགས་པར་སྟོན་མི་ཐུབ། རྒྱ་ཡིག་དང་བོད་ཡིག་གི་ཚིག་སྔ་ཕྱིའི་གོ་རིམ་སྡེབ་སྟངས་མི་འདྲ་བས་བོད་ལ་བོད་ཀྱི་ཁྱད་ཆོས་དང་རྒྱ་ལ་རྒྱ་ཡི་ཁྱད་ཆོས་ཡོད། ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་སོ་སོའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལྟར་བསྒྱུར་ན་སྐད་དང་མཐུན་ལ་ཀུན་གྱིས་གོ་ཐུབ་པ་ཞིག་ཡོང་། འདིར་འགྱུར་ཡིག་གི་ཚིག་སྔ་ཕྱིའི་གོ་རིམ་འཁྲུག་སྟངས་འགའ་བཤད་ན།
       (གཅིག) ཁྱད་གཞི་དང་ཁྱད་ཆོས་ཀྱི་གོ་རིམ་འཁྲུག་པ།
       བོད་སྐད་ནི་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱོར། ཡིན་ཡང་ཡིག་སྒྱུར་མཁན་རེ་འགར་ཐད་སྒྱུར་གོམས་པར་བརྟེན། མ་ཡིག་ཏུ་ཇི་ལྟར་ཡོད་པ་བུ་ཡིག་ཀྱང་དེ་བཞིན་དུ་བསྒྱུར་འདུག ལྷག་པར་ཁྱད་གཞི་གཅིག་ལ་ཁྱད་ཆོས་མང་པོ་ཡོད་པའམ་ཁྱད་གཞིའི་དངོས་པོ་གཅིག་ལ་ཁྱད་ཆོས་ཕུད་ད་དུང་བྱ་བ་ཡང་ཡོད་པའི་ཚིག་དུམ་དག་བོད་ཡིག་ཏུ་བསྒྱུར་དགོས་ཚེ་འགྱུར་ཡིག་གི་གོ་རིམ་འཁྲུག་པའི་གནས་ཚུལ་ཅུང་མང་པོ་འདུག འདིར་རྟག་པར་མཐོང་ལ་སྲིད་ཇུས་ཀྱི་དགོངས་པ་བསྟན་པའི་མ་ཡིག་སྐོར་ཞིག་དཔེར་དྲངས་ན། 学习强国、全面深化改革、构建新发展格局、推动高质量发展དག་ལ་སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ།ཕྱོགས་ཡོངས་གཏིང་ཟབ་བཅོས་སྒྱུར། རྣམ་པ་གསར་པའི་འཕེལ་རྒྱས་འཛུགས་པ། སྤུས་ཀ་མཐོན་པོའི་འཕེལ་རྒྱས་སྐུལ་འདེད་གཏོང་བ་ཞེས་བསྒྱུར་འདུག འོག་ཏུ་མ་ཡིག་གི་ཚིག་གི་གྲུབ་ཚུལ་ལ་དབྱེ་ཞིབ་ཀྱིས་བོད་སྐད་དུ་ཇི་ལྟར་བསྒྱུར་དགོས་ཚུལ་ཅུང་ཟད་དཔྱད་ན། རེའུ་མིག་དང་པོ་ལ་གཟིགས་པར་ཞུ།
རེའུ་མིག་དང་པོ།
       འདི་ལས་ཤེས་ཐུབ་པ་ནི་བོད་ཡིག་གི་ཚིག་གི་གོ་རིམ་ནི་ཁྱད་གཞི་སྔོན་དང་དེ་ནས་ཁྱད་ཆོས། དེ་ནས་བྱ་བ་ཡིན། རྒྱ་སྐད་དང་སྐད་རིགས་གཞན་པའི་ཚིག་གི་གོ་རིམ་ཇི་ལྟར་ཡིན་ཡང་བོད་རང་གི་ཚིག་གི་གོ་རིམ་འདི་ནོར་བ་མེད་པར་བེད་སྤྱད་ན་བོད་སྐད་ཡང་དག་ཅིག་སྒྱུར་ཐུབ་པ་རེད་འདུག
       བོད་རང་ལ་གཏན་ཆགས་སུ་གྲུབ་པའི་ཚིག་གི་གོ་རིམ་ནི་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱོར་བ་ཡིན་ཡང་དེ་ཕུད་ད་དུང་ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་སྦྱོར་བའི་ཚིག་གི་གོ་རིམ་ཡང་ཡོད། ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་སྦྱར་ན་ངེས་པར་འབྲེལ་སྒྲའི་ཕྲད་ཀྱིས་མཐུད་དགོས། དཔེར་ན། མཛེས་སྡུག་གི་མེ་ཏོག མཐོན་པོའི་རི། ཡངས་པོའི་ས། དཀར་པོའི་སྤྲིན་ལྟ་བུ། དེང་སྐབས་རྒྱ་སྐད་མང་པོ་བོད་སྐད་དུ་སྒྱུར་དུས་ལོ་ཙཱ་བ་དང་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་མང་པོས་དགོས་ངེས་ཀྱི་འབྲེལ་སྒྲའི་ཕྲད་དོར་ཏེ་བསྒྱུར་གྱི་འདུག དཔེར་ན། 美丽乡村ལ་མཛེས་སྡུག་གྲོང་སྡེ་དང和谐社会ལ་འཆམ་མཐུན་སྤྱི་ཚོགས་ལྟ་བུ། འདི་ལྟར་བསྒྱུར་ན་དོན་རྟོགས་དཀའ་ལ་ཚིག་སྔ་ཕྱི་གཉིས་འབྲེལ་མི་ཆགས་པ་ལྟ་བུ་ཞིག་ཏུ་གྱུར་འདུག་སྙམ། དེ་བས་འབྲེལ་སྒྲ་སྦྱར་ཏེ་མཛེས་སྡུག་གི་གྲོང་སྡེ། འཆམ་མཐུན་གྱི་སྤྱི་ཚོགས་ཞེས་བསྒྱུར་ན་ལེགས་འདོད།
       སྒྱུ་རྩལ་བརྩམས་ཆོས་དང་སྙན་ངག་ལ་སོགས་རྩོམ་རིག་བརྩམས་ཆོས་ཀྱི་རྩོམ་ཉམས་དང་རྩོམ་རྩལ་སོགས་འབུར་དུ་དོད་པའི་དགོས་པ་ཕུད་སྲིད་གཞུང་དང་སྤྱིར་བཏང་གི་ཡིག་ཆར་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱོར་བའི་གོ་རིམ་གྱིས་བསྒྱུར་ན་ལེགས་སྙམ། རྒྱུ་མཚན་དེང་སྐབས་སྲིད་གཞུང་གི་འགྱུར་ཡིག་མང་པོས་སྒྱུར་བྱེད་བསྒྱུར་བྱ་དང་བསྟུན་གྱིན་འདུག དཔེར་ན། 具体表现、重要思想ལ་ཞིབ་ཕྲའི་མངོན་ཚུལ།གལ་ཆེའི་དགོངས་པ་ལྟ་བུ། འགྱུར་མ་འདི་དག་ཀློག་མ་ཐག་ཏུ་བོད་སྐད་ཀྱི་དྲི་མ་ཡལ་བའི་སྣང་བ་ཞིག་ངང་གིས་འཕྱུར་ཡོང་། དེ་བས་མངོན་ཚུལ་ཞིབ་ཕྲ་དང་དགོངས་པ་གལ་ཆེན་ཞེས་བསྒྱུར་ན་ཅུང་ལེགས་སྙམ། ཡིག་སྒྱུར་ནི་ཡིག་གཟུགས་ཕན་ཚུན་ཐོ་གཏུགས་པ་ཙམ་མ་ཡིན་པར་མི་རིགས་སོ་སོའི་སྐད་དང་མཐུན་དགོས་པས་སྒྱུར་ཚུལ་དེ་དང་དེའི་ཕྱོགས་ཞེན་ཅུང་ཉུང་དུ་བཏང་ནས་སོ་སོའི་སྐད་དང་བསྟུན་ནས་བསྒྱུར་རྒྱུ་གལ་ཆེ། བསམ་ཚུལ་འདི་ནི་བློ་དམན་གུས་པའི་བློ་འགྱུ་ཙམ་ཡིན་པས་ཤེས་ལྡན་དག་གིས་བདེན་ཤས་མི་འདུག་སྙམ་ན་དོར་བས་ཆོག
       (གཉིས) རིམ་གྲངས་ཀྱི་ཚིག་གི་གོ་རིམ་འཁྲུག་པ།
       དེང་གི་དུས་སུ་རིམ་གྲངས་ཀྱི་ཚིག་གི་གོ་རིམ་འཁྲུག་པ་ཡང་མང་པོ་ཡོད་དེ། དུས་སྟོན་དང་བརྡ་ཁྱབ། མཛད་སྒོ་སོགས་ཀྱི་འཕྲེད་ཡིག་ཁ་བྱང་དུ་ཚིག་གི་གོ་རིམ་འཁྲུག་པ་རྒྱུན་འབྱམས་སུ་གྱུར་འདུག དཔེར་ན། 首届日喀则珠峰文化节ལ་སྐབས་དང་པོའི་གཞིས་རྩེ་ཇོ་རིའི་རིག་གནས་དུས་ཆེན་ལྟ་བུ། བོད་སྐད་ཀྱི་ཚིག་མཚམས་ནི་ཚིག་ཕྲད་དང་བབ་ཀྱིས་གཅོད་པ་ཡིན་པས་སྒྱུར་པ་པོས་ས་མཚམས་འཆུག་པའམ་ཚིག་ཕྲད་དང་བསྟུན་མ་ཤེས་ན་ཀློག་པ་པོས་གོ་འཛོལ་ཐེབས་སྲིད། གོང་གི་འགྱུར་གྱི་གཅོད་མཚམས་ནི་སྐབས་དང་པོའི་གཞིས་རྩེ་/ཇོ་རིའི་/རིག་གནས་དུས་ཆེན་ལྟ་བུར་གྱུར་འདུག གཞིས་རྩེ་དང་སྐབས་དང་པོ་གཉིས་གཞི་གཅིག་ཏུ་གྲུབ་ཡོད་པས་དེ་སྔོན་གཞིས་ཀ་རྩེ་ཞེས་མེད་པ་ཞིག་ད་ལྟ་གློ་བུར་དུ་བྱུང་བའི་སྣང་བ་ཞིག་སྟེར། ཡང་གཞིས་རྩེ་དང་ཇོ་རི་གཉིས་ཀྱི་བར་ལ་འབྲེལ་སྒྲ་ཡང་མེད་པས་ཇོ་རིའི་རིག་གནས་དུས་ཆེན་དེ་ཡང་གཞིས་རྩེའི་ཡིན་པ་མི་ཤེས་ལ་གཞིས་རྩེ་ཡང་ཇོ་རིའི་རིག་གནས་དུས་ཆེན་གྱི་ཁུངས་ཡིན་པ་མི་ཤེས། དེ་བས་གོང་གི་འགྱུར་མ་གཅིག་པུར་གཞིས་ཀ་རྩེ་སྐབས་དང་པོ་ཞེས་པ་ཞིག་དང་ཇོ་རིའི་རིག་གནས་དུས་ཆེན་ཞེས་པ་ཞིག་ནང་དོན་ཁག་གཉིས་ཕྱེ་འདུག འདི་ལྟར་བསྒྱུར་ན་བོད་ཡིག་ལས་མི་ཤེས་མཁན་ཞིག་གིས་ནང་དོན་གསལ་པོར་རྟོགས་ཐུབ་རྒྱུ་ཕལ་ཆེར་ཁག་པོ་རེད་སྙམ། བོད་སྐད་ཀྱི་ཁྱད་ཆོས་ལྟར་ན་རིམ་གྲངས་ནི་ཚིག་རྐང་གི་རྗེས་སུ་སྦྱོར་དགོས། ཡང་དག་པ་ནི་གཞིས་རྩེའི་ཇོ་རིའི་རིག་གནས་དུས་ཆེན་སྐབས་དང་པོ་ཞེས་བསྒྱུར་དགོས།
       གོང་གི་དཔེར་བརྗོད་ཕུད་ད་དུང་སྐབས་བདུན་པའི་རིམ་པ་དང་པོའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་གྱི་རྟིང་རྩོད་ལྟ་བུར་རིམ་གྲངས་སྐབས་བདུན་པ་ཚིག་རྐང་གི་དབུ་རུ་སྦྱར་ཡོད་ཅིང་བརྗོད་དོན་གཙོ་བོ་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཚིག་རྐང་གི་རྗེས་སུ་སྦྱར་འདུག སྤྱིར་བོད་སྐད་ཀྱི་ཁྱད་ཆོས་ལྟར་ན་བརྗོད་བྱའི་དོན་ནི་དབུ་རུ་སྦྱར་དགོས་ཤིང་དོན་དེ་གང་ཡིན་གསལ་བར་བྱེད་པའི་སྐབས་དང་རིམ་པ་ནི་རྗེས་སུ་སྦྱོར་དགོས། དེ་བས་ཡང་དག་པ་ནི། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་རྟིང་རྩོད་ཀྱི་རིམ་པ་དང་པོ་ཞེས་པའོ། །
       མདོར་ན། དངོས་པོ་བདག་གཞན་གྱི་མིང་སྒྱུར་དུས་སུ་བདག་དང་འབྲེལ་བའི་དངོས་པོ་ལ་དུས་ད་ལྟ་བས་བསྒྱུར་དགོས་ཤིང་། བྱ་བའི་ཡུལ་ལམ་ལས་ལ་མ་འོངས་པས་བསྒྱུར་དགོས། དེ་བཞིན་བསྒྲུབས་ཟིན་པའམ་གྲུབ་ཟིན་པའི་འབྲས་བུ་ལ་འདས་པས་བསྒྱུར་དགོས། དུས་གསུམ་གྱི་སྒྱུར་སྟངས་ནི་ཐ་སྙད་རང་སྟེང་གི་འདས་མ་ད་གསུམ་ལྟར་བསྒྱུར་རྒྱུ་གཙོ་བོ་ཡིན་ཞིང་། མིང་མཛོད་དང་མཉེན་ཆས་སུ་འཁོད་པའི་འགྱུར་མ་དག་ཐད་ཀར་མི་སྤྱོད་པར་བོད་རང་གི་བརྡ་སྤྲོད་དང་བསྟུན་ནས་སྤྱོད་རྒྱུ་གལ་ཆེ། ཚིག་གི་གོ་རིམ་ནི་ཕུང་བོ་སྲུང་བའི་རུས་རྐང་ལྟ་བུ་ཡིན་ཏེ་གོ་རིམ་འཁྲུགས་ན་རུས་རྐང་འཐོར་བ་དང་གཉིས་སུ་མེད། སྲིད་གཞུང་གི་ཡིག་ཆ་སོགས་སུ་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས། དེ་ནས་བྱ་བ་སྦྱར་ཏེ་དོན་བསྟན་ན་ལེགས་སྙམ། སྒྱུ་རྩལ་བརྩམས་ཆོས་སོགས་སུ་ཁྱད་གཞི་དང་ཁྱད་ཆོས་ཀྱི་གོ་རིམ་ལྡོག་ནས་རྩོམ་ཉམས་དང་བརྗོད་སྙིང་གསལ་པོར་འབྱིན་པའི་དགོས་པ་ཡོད་སྲིད། སྤྱིར་བཏང་དུ་ཁྱད་གཞི་དང་དེ་ནས་ཁྱད་ཆོས་ཀྱི་གོ་རིམ་མ་འཁྲུགས་ན་ལེགས་པར་སྙམ་མོ། །

ཟུར་ལྟའི་དཔྱད་གཞི།
[1] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། «བོད་ཀྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་བདམས་བསྒྲིགས» [M].ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2023ལོ།
[2] དཔའ་རིས་སངས་རྒྱས། «དཔའ་རིས་སངས་རྒྱས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས» [M].པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2023ལོ།
[3] དཔའ་རིས་སངས་རྒྱས། «བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ» [M].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2008ལོ།
[4] ལྕགས་ཐར་རྒྱལ། «བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད» [M]. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2022ལོ།
[5] སི་ཏུ་ཆོས་ཀྱི་འབྱུང་གནས། «ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས» [M].སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ3པ།
[6] ལྕང་སྐྱ་རོལ་བའི་རྡོ་རྗེ། «རི་བོ་དྭངས་བསིལ་ལམ་རྒྱ་ནག་རི་བོ་རྩེ་ལྔའི་གནས་ཡིག» [M].བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2017ལོའི་ཟླ10པ།
[7] བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚན་ཆུང་། «བོད་རྒྱ་ཚིག་མཛོད་ཆེན་མོ» [M].པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2020ལོའི་ཟླ1པ།
[8] དཔའ་རིས་སངས་རྒྱས་ཀྱིས་བསྒྲིགས། «བོད་ཡིག་ཀུན་ཁྱབ་མིང་མཛོད» [M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོའི་ཟླ9པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།