པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་བོད་འགྱུར་མ། ཀ་ར་ཡང་ཐང་། ༢

རྩོམ་པ་པོ།:སྒང་ལམ་ཚེ་བཀྲས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-30 13:18:40 ཀློག་གྲངས།:
ཀ་ར་ཡང་ཐང་།
པདྨ་ཚེ་བརྟན་གྱིས་བརྩམས།
སྒང་ལམ་ཚེ་བཀྲས་བསྒྱུར།

སྨད་ཆ།
       ངེད་ཅག་སྡེ་བའི་བགྲེས་སོང་ཚོས་བཤད་ན། སྡོང་བོ་འདི་ལོ་བརྒྱ་ལྷག་ལ་སོན་འདུག་ཟེར་ཞིང་། སྡེ་མི་ཚོས་སྔ་མོ་ནས་དེ་ནི་ལྷ་ཤིང་ཞིག་ཏུ་ངོས་བཟུང་སྟེ་སྡོང་བོའི་ཡལ་གར་ཁ་བཏགས་དང་། རས་དམར་པོ། བལ་དཀར་སོགས་ཀྱིས་རབ་ཏུ་དཀྲིས་ཡོད། ངེད་ཅག་གིས་མུ་མཐུད་དུ་ཞིབ་པར་ཉན་དུས། སྤྲུལ་སྐུ་གྲོ་བློ་ཚང་གིས་བཅག་ཟིན་པའི་ཡལ་ག་སྐམ་པོ་དེར་གཟིགས་བཞིན་ཅི་ཞིག་ཁེར་ལབ་བྱེད་བཞིན་འདུག །སྤྲུལ་སྐུ་གྲོ་བློ་ཚང་ནི་ཙཱརྨ་དགོན་པའི་དགོན་བདག་ཡིན་ལ། རིག་གསར་སྐབས་སུ་སྐྱ་སར་ཕེབས་ཏེ་རིག་མ་བཞེས་ཤིང་། ད་དུང་རིགས་སྲས་གཉིས་ཀྱང་ཡོད་དོ། །
       ངེད་ཅག་སྡེ་བར་ཁོང་ལ་སྔོན་ཆད་ངལ་རྩོལ་བསྒྱུར་བཀོད་དུས་སྐབས་ཀྱི་མནའ་བཅད་ཅིག་ཡོད་པས། ནམ་རྒྱུན་ཁོ་ཚང་ལ་ཕེབས་ཀྱིན་ཡོད། ཁོང་ནི་སྤྲུལ་སྐུ་གཞན་དང་ཅུང་ཙམ་མི་འདྲ་སྟེ། དེ་ནི་རྒྱུན་དུ་ཆང་རག་ཕྲན་ཙམ་རེ་བཞེས་རྒྱུར་དགའ་ལ། ཁོང་རང་རྒྱུན་དུ་ངེད་ཅག་སྡེ་བར་ཁོང་གི་མནའ་བཅའ་བཙལ་དུ་ཕེབས་ཏེ་ཕྱིར་ཕེབས་སྐབས་ནམ་ཡང་བཟི་ཐོམ་མེར་སྣང་ཞིང་། ཞལ་ནས་སུས་ཀྱང་ཧ་མི་གོ་བའི་ལྡབ་ལྡིབ་ཅིག་ལབ་ཀྱིན་འདུག །ངས་དུས་རྒྱུན་ཁོང་མཐོང་དུས་ཅུང་ཙམ་སྐྲག་སྣང་སྐྱེས་པས་ནམ་ཡང་གཞའ་ནས་སོང་ལ། ལྷག་ཏུ་ཁོས་ཆང་རག་བཞེས་ཏེ་ར་བཟི་དུས་སོ། །སེམས་སུ་སྤྲུལ་སྐུ་ཞིག་གིས་འདི་འདྲ་ཞིག་ག་ལ་བྱེད་ཉན་ཨང་སྙམ་མོད། འོན་ཀྱང་ངའི་ཉེ་འཁོར་གྱི་མི་ཚོས་ཁོང་ལ་མཛད་པ་བསམ་གྱིས་མི་ཁྱབ་པ་མངའ་བས། ངེད་ཅག་མི་ཕལ་བ་ཚོས་ཧ་གོ་མི་སྲིད་ཟེར།
       ངེད་ཅག་གིས་ཆུ་འཁུར་ཏེ་འགྲོ་གྲབས་བྱེད་སྐབས། ངས་ཁོང་ཉིད་མགྱོགས་མྱུར་གྱིས་ངེད་ཚོ་གཟས་ནས་ཕེབས་བྱུང་བ་མཐོང་བྱུང་། ངེད་ཅག་ཚང་མ་ཅུང་ཙམ་དངངས་འཚབ་སྐྱེས་བཞིན་མྱུར་དུ་ཆུ་ཟོ་ཐང་ལ་ཕོག་ཅིང་། ལག་ཟུང་ཐལ་མོ་སྦྱར་ཏེ་ཁོང་ལ་གུས་ཉམས་ཆེན་པོ་སྟོན་སྐབས། ཡིད་ལའང་མ་དྲན་པ་ཞིག་ལ། ཁོང་ཉིད་ཐད་ཀར་ང་གཟས་ཏེ་ཕེབས་ཤིང་། ཕྱག་གཅིག་གིས་ངའི་ལག་མགོར་འཇུས་ཤིང་། ཕྱག་གཞན་པས་ངའི་ལག་མཐིལ་ལ་རེག་བཞིན། “ཁྱོད་ཀྱི་ལག་པ་ཆུང་ངུ་འདི་དངོས་ནས་སྙིང་རྗེ་བོ་ཞིག་འདུག་ཨང་།”ཞེས་གསུངས་པས། ངས་སྐབས་དེར་ཅི་ཞིག་བྱེད་དགོས་པ་དང་། ཅི་ཞིག་བཤད་དགོས་པའང་མ་ཤེས་པར་ལུས་ཡོངས་ལ་གློག་གིས་བརྒྱབ་པ་ལྟར་སྦྲིད་པར་གྱུར། ཁོང་གིས་ངའི་ལག་པ་བསྡམས་ཏེ་མུ་མཐུད་དུ། “བུ་མོ། ཁྱོད་དངོས་ནས་མཛེས་མ་ཞིག་རེད། ཁྱོད་ཀྱི་མིང་ལ་ཅི་ཟེར། ཁྱོད་ད་ལོ་ལོ་དུ་རེད།”ཅེས་དྲིས་བྱུང་བས། འཁྲིས་ཀྱི་བུ་མོ་ཚོའང་བྲེལ་འཚུབ་ཆེན་པོས་མྱུར་དུ་ངའི་མིང་དང་ལོ་ཚོད་བཤད་གྲོགས་བྱས།
       སྤྲུལ་སྐུ་གྲོ་བློ་ཚང་གིས་སྔར་བཞིན་ངའི་ལག་པ་ཕུར་ཞོར། “ཡ་ཡ། ངས་ཁྱོད་ཀྱི་མིང་དང་ལོ་གྲངས་ཤེས་སོང་། ངས་ཡིད་ལ་བཟུང་ཟིན།”ཞེས་གསུངས་རྗེས། ཁོང་གིས་ངའི་ལག་པ་གློད་དེ་གློ་ཁུག་ནས་ཀ་ར་ཡང་ཐང་སྤར་མོ་གང་བླངས་ཏེ་ང་ལ་གནང་རྗེས། གཅིག་པུ་འཁྱར་རེ་འཁྱོར་རེ་མདུན་ཕྱོགས་སུ་ཕེབས་སོང་། བུ་མོ་ཚོས་ང་ལ་ལྟ་བཞིན་ཤབ་ཤུབ་ཀྱིས་བགད་བྱུང་བས། ངས་མྱུར་དུ་ལག་གི་ཀ་ར་ཡང་ཐང་ཁོ་ཚོར་བགོས་པ་ཡིན།
       ཁོ་ཚོས་ཀ་ར་ཡང་ཐང་གི་ཤུན་ལྤགས་བཤུས་རྗེས་ཁ་ནང་དུ་བཞག་སྟེ་དལ་གྱིས་འཇིབ་ཅིང་། ཚང་མས་ཀ་ར་ཡང་ཐང་གི་བྲོ་བ་ཞིམ་ཟེར། ཕྱིར་ལོག་པའི་ལམ་བར་དུ། ནམ་རྒྱུན་སྐད་ཆ་བཤད་རྒྱུར་མི་དགའ་བའི་བུ་མོ་ཞིག་གིས་ཁ་རོག་གེར་ང་ལ། “སྤྲུལ་སྐུ་གྲོ་བློ་ཚང་གིས་ཁྱོད་ལ་གནང་བའི་ཀ་ར་ཡང་ཐང་ལྷག་མ་རྣམས་ང་ལ་བྱིན་ཆོག་གམ”ཞེས་ཟེར་བས། ང་རང་འགྲོ་མཚམས་བཞག་སྟེ་རྒྱུ་མཚན་ཅིའི་ཕྱིར་གྱི་མིག་མདངས་ཤིག་བསྟན་པ་ན།
       མོས་མུ་མཐུད་དུ། “ངའི་རྨོ་མོ་མྱུར་དུ་འདས་ལ་ཉེ་བས། ངས་མོར་སྤྲུལ་སྐུ་གྲོ་བློ་ཚང་གིས་གནང་བའི་ཀ་ར་ཡང་ཐང་གི་བྲོ་བ་ཞིག་མྱོང་དུ་བཅུག་ན་འདོད། མོས་རྒྱུན་དུ་མོ་འཆི་རྗེས་སྤྲུལ་སྐུ་གྲོ་བློ་མཆོག་གིས་མོར་ཐར་འདོད་ཅིག་གསུང་ཐུབ་ན་རེ་བ་རྫོགས་སོང་། ”ཞེས་ཟེར་བས། ངས་མོའི་རྒྱུ་མཚན་ཧ་གོ་བས། ལྷག་འདུག་པའི་ཀ་ར་ཡང་ཐང་ཚང་མ་མོར་བྱིན། མོ་ཅུང་ཙམ་དོགས་མ་བདེ་བས། “གཅིག་གིས་ཆོག །ལྷག་མ་ཁྱོད་རང་གིས་ཉར་རོགས།”ཞེས་ཟེར་མོད། དོན་དུ་ཀ་ར་ཡང་ཐང་ལྷག་མའང་ཅང་མེད་དེ། གསུམ་ལས་མེད་པས་ངས་ཚང་མ་མོའི་རྨོ་མོ་ལ་ཁྱེར་དུ་བཅུག་པས། མོས་རྨོ་མོས་ཁྱོད་ལ་བཀའ་དྲིན་ཞུ་ངེས་ཟེར།
       ང་རང་ཧད་འདུག་པའི་ཚུགས་ཀ་མཐོང་དུས། གྲྭ་བ་བགྲེས་སོང་ཞིག་གིས་“རང་ཁྱིམ་ནས་མིའི་ཁྲོད་ཀྱི་མཆོག་ཏུ་གྱུར་པའི་རིན་པོ་ཆེ་ཞིག་འཁྲུངས་ན་ཇི་འདྲའི་བསོད་ནམས་ཆེ་བ་ལའང་། ཁྱོད་རང་དགའ་སྤྲོ་སྐྱེས་ན་འོས་ཨང་།”ཞེས་གསུངས།ང་དེ་མ་ཉིད་དུ་རྣམ་རིག་རྒྱས་པ་འདྲ་སྟེ། མྱུར་དུ། “དཔེ་མི་སྲིད། འདི་དཔེ་མི་སྲིད། དཔེ་མི་སྲིད། ཁྱེད་ཅག་ནོར་སོང་། ཁྱེད་ཅག་ནོར་སོང་ཁོ་ཐག་ཡིན།”ཞེས་བཤད་རྗེས།བུ་ཆུང་པང་བཞིན་རང་ཁྱིམ་གཟས་ཏེ་བྲོས་པ་ཡིན། ངས་རྗེས་ཕྱོགས་ན་ཉོག་བསྲེ་ཞིང་ཅི་ཡིན་འདི་ཡིན་མི་ཤེས་པར་འུར་ཟིང་ཟིང་གིས་སྐད་འབོད་བྱེད་ཀྱིན་པ་ཐོས།
       ང་ཡུལ་ལ་ཐོན་རྗེས་རྒྱ་སྒོ་ནང་རོལ་ནས་སྲ་མོར་གཏན་པ་ཡིན།
       ཅུང་ཙམ་མ་འགོར་བར། ངས་རྒྱ་སྒོ་ཁྲོག་ཁྲོག་ཏུ་རྡུང་བཞིན་པའི་སྒྲ་དང་མཉམ་དུ་ཆལ་ཆོལ་གྱི་སྒྲ་སྣ་ཚོགས་ཤིག་ཐོས་བྱུང་།དེ་མ་ཐག །ཁོང་ཚོས་ངེད་ཚང་གི་རྒྱ་རའི་གྱང་ཁར་སྐས་ཤིག་བཙུགས་ཤིང་། བྱིས་པ་ཞིག་དེར་འཛེགས་བཞིན་ངེད་ཚང་གི་ར་བར་སླེབས་ཏེ་རྒྱ་སྒོ་ཕྱེ་སོང་།
       དེ་མ་ཉིད་དུ། ཕྱི་རོལ་གྱི་མི་ཚོགས་གཙང་ཆུ་བཞིན་ངེད་ཚང་གི་ར་བར་འཚངས་བྱུང་ལ། སྐྱེས་ཕོ་མོ་དང་རྒན་གཞོན་ཅི་འཛོམས་སུ་འདུག །ཅུང་མ་འགྱངས་པར། ངའི་བུ་ཆུང་རྡོ་རྗེ་ཐར་གྱི་སྐེ་རུ་མདོག་སྣ་ཚོགས་ཀྱི་ཁ་བཏགས་ཀྱིས་དཀྲིས་པས། ཁོ་རང་གློ་བུར་དུ་ཁ་བཏགས་ཀྱི་ཕོན་པོར་འཐིམས། དད་ལྡན་འགའ་ཤས་ཀྱིས་ཁོར་ཕྱག་འཚལ་མགོ་བརྩམས་ཤིང་། ཁོ་དང་ཆེ་ཆུང་མཉམ་པའི་བྱིས་པ་ཁ་ཁེར་གྱིས་མདུན་གྱི་ན་ཟླ་འདི་ལ་ལྟ་བཞིན། ཡིད་སྨོན་གྱི་ཉམས་འགྱུར་གདོང་ནས་མངོན་བྱུང་།
       ངེད་ཅག་སྡེ་བའི་རྒན་པོ་བསམ་ཤེས་ཤིག་ཚུར་འོང་སྟེ་ང་ལ་ཁ་བཏགས་ཤིག་ཕུལ་རྗེས། “ཁྱོད་ཀྱི་བུ་ཆུང་རྡོ་རྗེ་ཐར་ནི་སྤྲུལ་སྐུ་གྲོ་བློ་ཚང་གི་ཡང་སྲིད་དུ་ཐུགས་ཐག་བཅད་པ་ནི་དངོས་ནས་རང་ཅག་སྡེ་བའི་བསོད་ནམས་ཡིན་ལ། ལྷག་ཏུ་ཁྱོད་ཚང་གི་བསོད་ནམས་ཀྱང་རེད་ཨང་།”ཞེས་ཟེར།
       བུད་མེད་ཁ་ཁེར་གྱིས་ལྷག་ཏུ་ཡིད་སྨོན་གྱི་མིག་མདངས་ཀྱིས་ང་ལ་ལྟ་བཞིན། “ཁྱོད་ནི་དངོས་ནས་བསོད་ནམས་ཆེན་པོ་ལྡན་པའི་བུད་མེད་ཅིག་རེད་ཨང་། བུ་ཆེ་བ་རྡོ་རྗེ་སྐྱབས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་རྒྱུགས་འབྲས་བླངས་ཏེ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་། ད་ལྟ་ལྷ་སའི་སྨན་ཁང་ཆེན་མོའི་སྨན་པར་གྱུར་ལ། ད་ནི་བུ་ཆུང་བ་རྡོ་རྗེ་ཐར་ཡང་སྤྲུལ་སྐུ་གྲོ་བློ་ཚང་གི་ཡང་སྲིད་དུ་ཐུགས་ཐག་བཅད། ཁྱོད་ཀྱིས་སྐྱེ་བ་སྔོན་མར་བསོད་ནམས་ཅི་ཞིག་བསགས་པ་ཡིན་ཨང་། དངོས་ནས་ཡིད་སྨོན་འཆོར་བ་ལ།”ཞེས་ཟེར།
       སྔོན་ཆད་ངས་ཀ་ར་ཡང་ཐང་བྱིན་མྱོང་བའི་བུ་མོ་ཆུང་ཆུང་དེའང་ད་ལྟ་བྱིས་པ་གཉིས་ཀྱི་ཨ་མར་གྱུར་འདུག་ལ་ཁ་ངོ་དང་སྐེ་ཤ་བཅས་རྒྱགས་པར་ཆགས་ཡོད་ལ། མོ་རང་འཚང་སྟེ་ངའི་སར་སླེབས་རྗེས། “ཁྱོད་ཀྱིས་སྔོན་ཆད་སྤྲུལ་སྐུ་གྲོ་བློ་ཚང་གིས་ཁྱོད་ལ་གནང་བའི་ཀ་ར་ཡང་ཐང་དེ་ང་ལ་བྱིན་པ་བརྗེད་ཡོད་དམ།”ཞེས་དྲིས་པར།    ངས། “བརྗེད་མེད། བརྗེད་མེད།”ཅེས་ལན་བཏབ།
       མོས། “སྐབས་དེར་ངས་ཀ་ར་ཡང་ཐང་རྨོ་མོར་ཟ་རུ་བཅུག་པས། མོ་ཤིན་ཏུ་དགའ་ཞིང་། ཉིན་མང་པོའི་བར་དགའ་བས། སྐབས་དེ་དུས་ནས་ངས་ཁྱོད་རང་དངོས་ནས་སེམས་བཟང་མ་ཞིག་རེད་བསམས།”ཞེས་ཟེར།
       སྐབས་དེར། འཁྲིས་ཀྱི་བུད་མེད་ཅིག་གིས་འཕྲོར་མཐུད་དེ། “འདི་འདྲའི་སེམས་བཟང་ཞིག །མཁའ་འགྲོ་མའི་རྣམ་སྤྲུལ་ཞིག་ཡིན་ཁོ་ཐག་རེད། དེ་མིན་ཚེ་བུ་སྤྲུལ་སྐུ་ཞིག་ཅི་ལ་འཁྲུངས་སྲིད།”ཟེར།
       སྐྱེས་ཕོ་མོ་གཞན་དག་གིས་ཀྱང་བསྟོད་པ་སྣ་ཚོགས་བྱེད་བཞིན་འདུག་སྟེ། དུས་ཚོད་ཐུང་ངུ་དེའི་ནང་ངས་འཇིག་རྟེན་གྱི་བསྟོད་བསྔགས་ཅི་རིགས་ལ་ཉན་ཚར་རོ་སྙམ་བྱུང་།
       ངས་ངེད་ཅག་སྡེ་བའི་སྐྱེས་ཕོ་མོ་དག་ལ་ལྟ་བཞིན་ཅི་ཞིག་བཤད་དགོས་པའང་མ་ཤེས། དེ་ནས་ད་སྔོན་གྱི་གྲྭ་བ་དེ་དག་ཀྱང་ཚུར་ཕེབས་འོང་བ་མཐོང་འཕྲལ། ང་རང་དེ་མ་ཉིད་དུ་རྣམ་རིག་རྒྱས་པ་ལྟར་སྐད་སིང་མཐོན་པོས། “ངས་ངའི་བུ་ཆུང་སྤྲུལ་སྐུ་བྱེད་དུ་འཇུག་མི་འདོད། ངས་ཚེ་འདིར་ཁོ་རང་ངའི་གམ་དུ་ཉར་ཐུབ་སོང་ན་དེས་ཆོག”ཅེས་བཤད།
       མི་ཚོགས་ཁྲོད་འུར་ཟིང་ཟིང་གིས་ཁྱབ་ལ། ངས་མི་ཁ་ཁེར་གྱིས་བུད་མེད་འདི་མྱོས་ཟིན་ནམ་ཞེས་ལབ་བཞིན་པ་ཐོས་བྱུང་།
       རྒན་པོ་བསམ་ཤེས་དེ་མདུན་དུ་འོང་སྟེ་ང་ལ། “ཁྱོད་ཀྱིས་དེ་འདྲ་ཟེར་མི་ཉན་ཡ། ཁྱོད་ཀྱིས་དེ་འདྲ་གཏན་ནས་ཟེར་མི་ཉན་ཡ། འདི་ནི་དཀོན་མཆོག་གི་ཐུགས་རྗེས་གཟིགས་པ་རེད། དཀོན་མཆོག་གིས་གྲོ་བློ་ཚང་སྐུ་ཕྲེང་གོང་མ་རང་ཅག་སྡེ་བར་འཁྲུངས་སུ་བཅུག་པས། ཁྱོད་ཚང་ལ་མཚོན་ན། ད་ལྟ་བྱིས་པ་འདི་རང་ཅག་ཀུན་ལ་དབང་མི་སྲིད།”ཅེས་ཟེར།
       ང་རང་ལྷག་ཏུ་འཚབ་འཚུབ་ཏུ་གྱུར་ཏེ། མྱུར་དུ། “ཁོང་ཚོ་ནོར་སོང་བ་ཁོ་ཐག་རེད། ངའི་བུ་འདི་སྐད་ཆ་སྨྲ་ཐུབ་ཚོད་ལ་སླེབས་དུས་སྐད་ཆའང་བཤད་མི་ཤེས་པས། ཀུན་གྱིས་ཁོ་ནི་གླེན་པ་ཞིག་དང་འདྲ་ཞེས་ལབ་བཞིན་པས། ཁྱོད་ཚོ་ནོར་ཟིན་ཐག་ཆོད་རེད།”ཅེས་བཤད།
       སྐབས་དེར། གྲྭ་བ་ཞིག་གིས་འཛུམ་ཉམས་དང་བཅས་མདུན་དུ་ཕེབས་ནས་ངའི་ལག་མགོར་འཇུས་ཏེ། “ནོར་མི་སྲིད། ཁྱོད་སེམས་བདེ་མོ་བྱོས། ངེད་ཅག་གིས་བརྟག་དཔྱད་ཡུན་རིང་དུ་བྱས་པས། གཏན་ནས་ནོར་མི་སྲིད། བྱིས་པ་འདི་མ་འོངས་པར་གྲུབ་པའི་དབང་ཕྱུག་ཅིག་ཏུ་འགྱུར་ཁོ་ཐག་ཡིན། ཁོ་ནི་ཕྱི་ནས་བལྟས་ན་ཅུང་ཙམ་གྲུང་བོ་མ་ཡིན་པ་ཙམ་ཡིན། སྤྱིར་བཏང་གྲུབ་པའི་དབང་ཕྱུག་རྣམ་པར་འདི་འདྲའི་ལྟས་མངོན་རྒྱུ་ཡོད་དེ། བརྙན་འཕྲིན་དུ་འཁྲབ་པའི་གྲུབ་ཆེན་ཅིས་ཀོང་གིས་ཀྱང་ཉིན་རྒྱུན་ཤ་ཆང་ལ་རོལ་ཏེ། ནམ་ཡིན་ཡང་ར་བཟི་སྟེ། སྨྱོན་པ་ཞིག་དང་འདྲ་བ་རེད་ཨང་།”ཞེས་ཟེར།
       གྲྭ་བ་དེས་གསུང་ཚར་རྗེས་འཛུམ་ཞིག་མངོན་ཏེ་ང་ལ་བལྟས་འདུག
       བུད་མེད་ཚོས་ཀྱང་། གཞོགས་ནས་ཤབ་ཤུབ་ཀྱིས། “ཁྱོད་ཀྱིས་ཉོག་བཤད་གཏན་ནས་བྱེད་མི་ཉན་ཡ། ཁྱོད་ཀྱི་བསོད་ནམས་དངོས་ནས་ཆེ་བ་ལ། གལ་ཏེ་ངེད་ཅག་གི་བུས་སློབ་ཆེན་དུ་རྒྱུགས་འཕྲོད་པའམ་ཡང་ན་གྲོ་བློ་ཚང་གི་སྤྲུལ་སྐུར་ཐུགས་ཐག་བཅད་ཚེ། ངེད་ཚོ་དགའ་ཁོམ་ཡང་མེད་དེ། འདི་འདྲའི་དོན་དག་བཟང་པོ་ཞིག་ལ་ད་དུང་དོགས་པ་སྐྱེས་དགོས་སམ།”ཞེས་ཟེར།
       ང་རང་མི་མང་པོའི་ཅི་བཤད་འདི་བཤད་མེད་པའི་ཁྲོད་ནས་མགོ་བོའང་ཅུང་ཙམ་ཐམ་ཐོམ་དུ་གྱུར་ཅིང་། རྣ་བར་བང་སྒྲ་ཞིག་ཀྱང་གྲག་བྱུང་བས། ཅི་ཞིག་བྱེད་དགོས་པའང་མི་ཤེས་པར་གྱུར། སྐབས་དེར། ངས་ངའི་བུ་ཆུང་རྡོ་རྗེ་ཐར་གྱི་གདོང་ནས་སྔོན་ཆད་གཏན་ནས་མཐོང་མ་མྱོང་བའི་འཛུམ་མདངས་ཤིག་མངོན་པ་མཐོང་བྱུང་། ཁོས་ང་ལ་གཅིག་བལྟས་ཤིང་། གྲྭ་བ་རྒྱུས་མེད་དེ་དག་ལའང་གཅིག་བལྟས། ཁོའི་གདོང་གི་རྒྱུས་མེད་ཀྱི་འཛུམ་མདངས་དེས་ང་ལ་དངངས་སྐྲག་ཅིག་བསླང་སོང་། ངས་གློ་བུར་དུ་རྒྱུས་མེད་ཀྱི་འཛུམ་མདངས་དེ་ནི་ལོ་ངོ་མང་པོའི་སྔོན་དུ་སྤྲུལ་སྐུ་གྲོ་བློ་ཚང་གིས་ངའི་ངོ་ལ་ཅེར་ཏེ་ཕྱུང་བའི་འཛུམ་མདངས་དེ་ཡིན་པ་ཚོར། འདི་ནི་ཇི་འདྲའི་ངོ་མཚར་བ་ལ།
       ཉིན་འགའི་རྗེས་སུ། ངས་རང་གི་བུ་དགོན་པར་སྐྱེལ་རྒྱུ་ལས་མ་འདས། དགོན་པར་ཆས་སྐབས་ངེད་ཅག་མི་མང་པོ་ཞིག་སོང་བ་ཡིན་ཏེ། ངེད་ཅག་སྡེ་བའི་སྡེ་དཔོན་དང་། རྒན་པོ་བསམ་ཤེས་འགའ། གཞན་ང་རང་གི་ཉེ་གནས་འགའ་བཅས་ཚང་མ་སོང་ཞིང་། ད་དུང་ཉེ་གནས་གཞན་འགའ་ཡང་འགྲོ་འདོད་སྐྱེས་མོད་ཀྱང་མི་གྲངས་ལ་ཚོད་འཛིན་མཆིས་པས་འགྲོ་མ་ཐུབ།
       དགོན་པའི་བསུ་ཚུལ་གྱི་རྣམ་པ་ཤིན་ཏུ་རྒྱ་ཆེ་ཞིང་། གྲྭ་བ་ཚོ་དགོན་པའི་སྒོ་ཆེན་ནས་སེར་ཕྲེང་བསྟར་ཏེ། རྒྱ་གླིང་དང་དུང་དཀར་འབུད་ཀྱིན་འདུག །ཉེ་འགྲམ་གྱི་དད་ལྡན་མང་ཚོགས་ཀྱིས་དད་གུས་ཆེན་པོས་ཁ་བཏགས་བཟུང་སྟེ་ལམ་གྱི་གཡས་གཡོན་དུ་འགྲེངས་འདུག་ལ། རྣམ་པ་འདིས་ང་ལ་དངངས་སྐྲག་ཅིག་བསླང་ཞིང་། ཉིན་མོའི་རྨི་ལམ་ལྟ་བུའི་འཕྲུལ་སྣང་ཅུང་ཙམ་ཡང་སྐྱེས་བྱུང་།
       དགོན་པར་སླེབས་རྗེས། ངའི་བུ་གྲྭ་བ་འགས་མཐའ་ནས་བསྐོར་ཏེ་གྲྭ་ཤག་ཅིག་ཏུ་ཕེབས་ཤིང་། ཡུན་རིང་བོར་ཁོའི་གྲིབ་མ་ཙམ་ཡང་མཐོང་དུ་མ་གྱུར། རྗེས་སུ། ང་རང་བུ་ལ་འཕྲད་རྒྱུའི་གོ་སྐབས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པས། ངའི་ནང་སེམས་སུ་སྟོང་སང་སང་གི་ཚོར་བ་ཞིག་གིས་ཁྱབ།
       ཉིན་གཉིས་ཀྱི་རྗེས་ནས་ངེད་ཅག་ཕྱིར་ལོག་པ་ཡིན། ལམ་ནས་ངའི་མིག་ལམ་དུ་བུའི་གླེན་ཚུགས་ཀྱི་རྣམ་པ་དེ་ཡང་ཡང་མངོན། སེམས་སུ། འདི་འདྲའི་གླེན་པ་ཞིག་མཚན་སྙན་རབ་ཏུ་རྒྱས་པའི་སྤྲུལ་སྐུ་གྲོ་བློ་ཚང་གི་ཡང་སྲིད་ཅི་ལ་ཡིན་ཨང་། ཁོ་ཚོ་ནོར་ཟིན་པ་ཐག་ཆོད་རེད་བསམས་ལ། ཁྲིག་ཁྲིག་མེད་ན་ཉིན་འགའི་རྗེས་ནས་དགོན་པ་ནས་ཁོ་རང་ཕྱིར་སྐྱེལ་འོང་ངེས་བསམས།
       འོན་ཀྱང་ཉིན་བཅུ་དང་། ཉིན་ཉི་ཤུ། ཟླ་བ་གཅིག་གི་རྗེས་སུ། དགོན་པས་ངའི་བུ་ཅིས་ཀྱང་ཕྱིར་སྐྱེལ་མ་འོངས། ངའང་རིམ་གྱིས་ཁོ་ཐག་ཆད་ཅིང་། ཕལ་ཆེར་བུ་འདི་དངོས་ནས་ཕྱིར་ལོག་མི་སྲིད་བསམ་བྱུང་།
       ལོ་ཕྱེད་ཀྱི་རྗེས་སུ། དགོན་པས་ངའི་བུ་ལ་ཁྲི་འདོན་མཛད་སྒོ་རྒྱ་ཆེན་པོ་ཞིག་སྤེལ། ངེད་ཅག་མང་པོ་ཞིག་ཀྱང་སོང་བ་ཡིན། ཁྲི་འདོན་མཛད་སྒོའི་སྟེང་དུ། དགོན་པའི་ཁྲི་བས་ཁོང་གི་མཚན་ལ་བློ་བཟང་བསྟན་པ་ཞེས་གསོལ་བ་ཁྱབ་བསྒྲགས་གནང་བས། ད་ནས་བཟུང་ཁོའི་སྐྱ་མིང་རྡོ་རྗེ་ཐར་ཞེས་པའང་སྤྱོད་མི་ཐུབ་པ་མཚོན། འོན་ཀྱང་ངའི་སྣང་ངོར་རྡོ་རྗེ་ཐར་ཞེས་པའི་མིང་འདི་སྙིང་ཉེ་བ་ཞིག་ཏུ་འདུག །མཛད་སྒོའི་སྟེང་དུ། ངས་གློ་བུར་དུ་མི་ཚོགས་ཁྲོད་ནས་ངའི་བུའི་ཕ་དང་ཁོའི་ཆུང་མ་ཡང་འདུག་པ་མཐོང་། ཁོ་གཉིས་ཀྱིས་ང་མཐོང་འཕྲལ་ངའི་ཕྱོགས་གཟས་ཏེ་ཚུར་སླེབས་ཤིང་། ངས་ད་གཟོད་ཁོ་གཉིས་ཀྱི་རྗེས་སུ་ཁོ་གཉིས་ཀྱི་བུ་མོ་ཆུང་ཆུང་གཉིས་ཀྱང་དེད་ཡོད་པ་མཐོང་བྱུང་ལ། ཁོ་གཉིས་ནར་སོན་འདུག་པ་ལྷང་རེད། སྐྱེས་པ་ཅུང་ཙམ་དགའ་ཡོད་ལ། ཚུར་བཅར་ཡོང་སྟེ། “འུ་གཉིས་ཀྱི་བུ་ནི་སྤྲུལ་སྐུ་གྲོ་བློ་ཚང་གི་ཡང་སྲིད་དུ་ཐུགས་ཐག་བཅད་འདུག །ངའི་ཡིད་ལ་དྲན་ཙམ་ཡང་མ་བྱུང་།”ཞེས་ཟེར་ཞིང་། ཁོའི་ཆུང་མས་ཀྱང་ཡིད་སྨོན་གྱིས་ང་ལ་ལྟ་བཞིན། “ཁྱོད་དངོས་ནས་བསོད་ནམས་ཆེ་བའི་བུད་མེད་ཅིག་རེད་ཡ།”ཞེས་ཟེར་བས། ངས་རེ་ཞིག་ལ་ཅི་ཞིག་བཤད་ན་འོས་པའང་མ་ཤེས།
       སྐྱེས་པ་སྔར་བཞིན་དགའ་སྤྲོ་སྐྱེ་ཞོར། “དེ་རིང་ཁྲི་འདོན་མཛད་སྒོ་སྤེལ་བཞིན་པ་ཐོས་པས། ངེད་གཉིས་ཀྱིས་ཁོའི་གཅེན་མོ་ཆུང་ཆུང་གཉིས་ཀྱང་ཁྲིད་ནས། མཇལ་ཁ་ཞུས་ཏེ་སྤུན་ཆུང་གི་བྱིན་རླབས་རེ་ཐོབ་ཐུབ་ན་སྙམ།”ཞེས་ཟེར།
       ཉིན་གུང་ལ། དགོན་པས་མཛད་སྒོར་ཞུགས་པའི་དད་ལྡན་མང་ཚོགས་ལ་གུང་ཚིགས་དྲངས། ངའི་བུ་གྲྭ་བ་འགས་པང་སྟེ་འདུ་ཁང་ཆེན་མོའི་སྒོ་ཆེན་ནས་འབུད་དུས་ད་དུང་སྐེ་ཚུར་སྲིང་སྟེ་ངེད་ཅག་གི་ཕྱོགས་སུ་ལྟ་བཞིན་འདུག །ཁོའི་བཟོ་ལྟར་བལྟས་ན་ཤིན་ཏུ་ཐང་ཆད་པའི་རྣམ་པ་ཞིག་མངོན་འདུག་ལ། དཔུང་བ་ཆུང་ངུ་ཚུར་སྲིང་སྟེ་ངེད་ཅག་སྟོན་བཞིན། སྐད་ཆེན་པོས། “ཨ་མ། གསོལ་སྟོན་གྲོལ་རྗེས་ཁྱོད་ཚོ་མ་འགྲོ་ཨ། ཁྱོད་ཚོས་ང་ལ་འདུག་རོགས་བྱེད་དགོས་ཨ།”ཞེས་ཟེར།
       ངའི་སེམས་གློ་བུར་དུ་ཅི་ཞིག་གིས་བསྣུན་པ་ལྟར་ཅིས་ཀྱང་བཟོད་མ་ཐུབ་ལ། མིག་ཀོང་ནས་མཆུ་མ་བཞུར་བཞིན་ལག་ནང་གི་དཀར་ཡོལ་སར་བཞག་སྟེ་ཕྱིར་བལྟས་ཙམ་ཡང་མ་བྱེད་པར་འདུ་ཁང་སྒོ་ཆེན་ནས་ཕྱིར་བྲོས་པ་ཡིན།
       དུས་ཀྱི་འགྲོས་ནི་ཇི་འདྲ་མགྱོགས་པ་ལའང་། ལོ་དེའི་དགུན་ཁར། རྡོ་རྗེ་སྐྱབས་གཞི་ནས་ཡུལ་ལ་ལོག་བྱུང་། ད་དུང་བུ་མོ་ཞིག་ཀྱང་ཁྲིད་འདུག །བུ་མོའི་མིང་ལ་གཡང་སྐྱིད་ཟེར། བལྟས་སོང་ན་ཅུང་ཙམ་འཚེར་སྣང་གིས་ཁེངས་ཤིང་། སྐད་གདངས་དམའ་ཞིང་ཤབ་ཤུབ་ཏུ་སྨྲ་ལ། གཡང་སྐྱིད་ཀྱིས་བཤད་ན་མོའི་ཨ་ཕ་ནི་ལྷ་སའི་ཡིན་ལ། སློབ་ཆུང་དགེ་རྒན་ཞིག་ཡིན་ཟེར། རྡོ་རྗེ་སྐྱབས་ཀྱིས་བཤད་ན། ངེད་གཉིས་ད་ལོ་དབྱར་ཁར་གཉེན་བསྒྲིགས་རྒྱུ་ཡིན་ཕྱིན། ད་ལོའི་ལོ་སར་ལ་ཆེད་དུ་གཡང་སྐྱིད་ཁྲིད་ཡོང་སྟེ་ང་ལ་ལྟ་རུ་བཅུག་པ་ཡིན་ཟེར། ངས་རྡོ་རྗེ་སྐྱབས་ལ་ཁྱོད་བུ་མོ་བཟང་པོ་ཞིག་དང་འཕྲད་འདུག་ཅེས་བཤད་པར།
       རྡོ་རྗེ་སྐྱབས་ཀྱིས་ཀྱང་གཡང་སྐྱིད་ཤིན་ཏུ་བཟང་ཞེས་ཟེར།
       ངས་གཡང་སྐྱིད་ལ་ལྐོག་ནས། “རྡོ་རྗེ་སྐྱབས་འདི་འདྲའི་ཆོ་བཙོག་ཅིག་ལ་ཁྱོད་ཅིའི་ཕྱིར་བློར་བབས་པ་ཡིན།”ཞེས་དྲིས་པར།གཡང་སྐྱིད་དགོད་ཞོར་དུ། “ཁོ་ཆོ་བཙོག་ཅིག་ཡིན་མོད། འོན་ཀྱང་ཁོ་ནི་ཤེས་རབ་ཅན་ཞིག་ཡིན་པས། གནད་འདིས་ཁོ་ང་རང་གི་བློར་བབས་པ་ཡིན།”ཟེར།
       ངའང་དགོད་བཞིན། “ཁོ་ལྟ་བུའི་ཆོ་བཙོག་ཅིག་བློར་འབབ་མཁན་ཡོད་ན། ཁོ་རང་ལས་བསོད་ཅན་ཞིག་ཏུ་རྩིས་ཆོག”ཅེས་བཤད།
       གཡང་སྐྱིད་སླར་ཡང་དགོད་བཞིན་དུ། “ང་རང་གི་ལས་བསོད་ནམས་ཀྱང་རེད། ཁོ་ནི་ཤེས་རབ་ཅན་ཞིག་ཡིན་པར་མ་ཟད། ཁོའི་སེམས་ཀྱང་ཤིན་ཏུ་བཟང་།”ཞེས་ཟེར།
       ངའི་སེམས་སུ། གཡང་སྐྱིད་ནི་དངོས་ནས་བུ་མོ་བཟང་པོ་ཞིག་རེད་ཨང་བསམས། རྡོ་རྗེ་སྐྱབས་ཡུལ་ལ་ལོག་རྗེས་སྤུན་ཆུང་རྡོ་རྗེ་ཐར་གྱི་གནས་ཚུལ་གཏན་ནས་དྲིས་མ་བྱུང་། དགོང་མོར་ནུབ་འཚལ་འཐུང་སྐབས། ངས་རྡོ་རྗེ་ཐར་སྤྲུལ་སྐུ་གྲོ་བློ་ཚང་གི་ཡང་སྲིད་དུ་ཐུགས་ཐག་བཅད་པའི་གནས་ཚུལ་ཁོར་བཤད་ཅིང་། ཆོས་མིང་ཡང་ཁོར་བཤད་པ་ཡིན། ཁོས་“ངས་ཤེས་ཡོད།”ཅེས་ཟེར་རྗེས་ཅི་ཡང་བཤད་མ་བྱུང་།
       ལོ་སར་ཚེས་གཅིག་ཉིན། ངེད་ཅག་གསུམ་པོ་དགོན་པར་སོང་ནས་རྡོ་རྗེ་ཐར་ལ་བལྟས། ངས་ལོ་སར་ལ་འཚམ་འདྲིར་ཕེབས་མཁན་དད་ལྡན་ཀུན་གྱིས་ཁོ་རང་ལ་ཕྱག་འཚལ་བཞིན་པ་མཐོང་བྱུང་། ངས་ཁ་རོག་གེར་རྡོ་རྗེ་ཐར་དང་གཡང་སྐྱིད་ལ། ཁྱོད་གཉི་གས་མཇལ་ཁ་ཞུའམ་ཞེས་དྲིས་པར། རྡོ་རྗེ་ཐར་གྱིས་གཏན་ནས་མ་གོ་ཁུལ་གྱིས་ཕར་སོང་སྟེ་ལྕགས་ཐབ་མདུན་གྱི་ཚ་ཐབ་ཟུར་སྣེ་ནས་བསྡད་དེ། ཡ་མཚར་བའི་མིག་མདངས་ཀྱིས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་པའི་རྡོ་རྗེ་ཐར་ལ་བལྟས་འདུག །གཡང་སྐྱིད་ཀྱིས་མཇལ་བ་ཚོ་དང་མཉམ་དུ་མཇལ་ཁ་ཞུས་རྗེས། མོའང་ཕར་སོང་སྟེ་ལྕགས་ཐབ་འགྲམ་གྱི་རྐུབ་སྟེགས་ཆུང་ཆུང་ཞིག་ཏུ་ཙོག    དད་ལྡན་ཚོས་མཇལ་ཁ་ཞུས་ཏེ་གྱེས་རྗེས། ངའི་སྤྲུལ་སྐུ་བུ་ཆུང་གིས་ཕྱག་མཛོད་བོས་ཏེ་ངེད་ཅག་ལ་ཇ་ལྡུག་ཏུ་བཅུག
       རྡོ་རྗེ་སྐྱབས་དང་རྡོ་རྗེ་ཐར་གཉིས་ལྷན་དུ་བསྡད་ན་མི་དར་མ་ཞིག་དང་བྱིས་པ་ཞིག་ལྷན་དུ་བསྡད་པ་དང་འདྲ། ཁོ་གཉིས་ལྷན་དུ་བསྡད་ན་ཉེ་བོ་ཅུང་ཙམ་ཡང་མི་འདུག་པར་མི་རྒྱུས་མེད་གཉིས་ལྷན་དུ་སྡོད་པ་དང་མཚུངས་པས། ངའི་སེམས་ལ་བརྗོད་དཀའ་བའི་སྐྱོ་ངལ་ཞིག་གིས་ཁེངས།རྡོ་རྗེ་སྐྱབས་ཀྱིས་རྡོ་རྗེ་ཐར་གྱི་གདོང་ལ་ཡུན་རིང་ཅེར་འདུག་པས་རྡོ་རྗེ་ཐར་ཅུང་ཙམ་དོགས་མི་བདེ་བ་ཞིག་ཏུ་བཟོས། རྡོ་རྗེ་ཐར་གྱིས་ཡང་བསྐྱར་ཕྱག་མཛོད་ལ་ངེད་ཚོར་ཇ་སྣོན་དུ་བཅུག །ང་ཚོས་ཇ་འཐུང་བཞིན་པའི་སྐབས་སུ། རྡོ་རྗེ་སྐྱབས་ཀྱིས་གློ་བུར་དུ་རྡོ་རྗེ་ཐར་ལ། “ཁྱོད་ནི་སྤྲུལ་སྐུ་གྲོ་བློ་ཚང་གི་ཡང་སྲིད་ཡིན་པར་ཁྱོད་རང་དངོས་ནས་རློམ་སྲིད་དམ། ”ཞེས་དྲིས་པས།
       རྡོ་རྗེ་ཐར་ཧོན་ཐོར་བ་ལྟར་ཅུང་ཙམ་བསྡད་རྗེས། རྡོ་རྗེ་སྐྱབས་ཀྱི་ངོར་ལྟ་བཞིན། “རློམ་སྲིད་ཡ།”ཞེས་ཟེར།
       རྡོ་རྗེ་ཐར་གྱིས་ད་ནི་ཅི་ཡང་བཤད་མ་བྱུང་། ཡུན་རིང་པོར་རྡོ་རྗེ་ཐར་གྱི་གདོང་ལ་ཅེར་ནས་འདུག །ཁོའི་རྣམ་འགྱུར་ཧ་ཅང་ཡ་མཚར་ལ། མིག་མདངས་ཀྱང་ཁྱད་མཚར་དུ་སྣང་།
       མཇུག་མཐར། རྡོ་རྗེ་ཐར་ཅུང་ཙམ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ།“འུང་་་་་འུང་”ཞེས་གཞི་ནས་སྐད་ཆེན་པོས་ངུས་བྱུང་།ཕྱག་མཛོད་ཚུར་ཕེབས་ཏེ་རྡོ་རྗེ་སྐྱབས་ལ་སྡང་མིག་སྟོན་བཞིན། “ཁྱོད་ལོ་ཆེ་ཞིག་གིས་བྱིས་པ་ཆུང་ཆུང་ཞིག་ལ་སྐྲག་བསླང་ནས་ཅི་བྱེད་དམ།”ཞེས་ཟེར།
       རྡོ་རྗེ་ཐར་ད་དུང་ངུ་བཞིན་འདུག །ཕྱག་མཛོད་ཀྱིས་སླར་ཡང་ཁོར། “ཁྱོད་རིན་པོ་ཆེ་ཞིག །ཁྱོད་ཅི་ལ་ངུ་བཞིན་ཡོད། ད་མ་ངུ།”ཞེས་ཟེར། ངས་ཀྱང་“རྡོ་རྗེ་ཐར། ཁྱོད་མ་ངུ། ཕུ་བོ་དང་ངེད་ཅག་གཟས་ནས་ཁྱོད་ལ་ལྟ་རུ་འོང་བ་ཡིན།”ཞེས་སེམས་གསོ་བྱས།
       ཕྱག་མཛོད་ལགས་ཀྱིས་ང་ལ། “ཁྱོད་ཀྱིས་ད་ནི་ཁོང་གི་སྐྱ་མིང་གིས་འབོད་མི་རུང་།”ཞེས་སྐུལ་ལྕག་གནང་།
       རྡོ་རྗེ་སྐྱབས་ཀྱིས་ཕྱག་མཛོད་ལགས་ལ་གཅིག་བལྟས་ཏེ། “ང་སྒོར་སོང་ནས་དུ་བ་ཞིག་འཐེན་དགོས།”ཞེས་ཟེར་རྗེས་ཡར་ལངས་ཏེ་ཕྱིར་བུད་སོང་། ང་རང་དེ་ནས་ཤིན་ཏུ་དོགས་མ་བདེ་ཞིང་། གཡང་སྐྱིད་ཀྱང་ཤིན་ཏུ་དོགས་མ་བདེ་བར་སྣང་།
       ལོ་སར་གྱི་ཚེས་བཅོ་ལྔ་འདས་རྗེས། རྡོ་རྗེ་སྐྱབས་དང་གཡང་སྐྱིད་གཉིས་ཀྱིས་ང་རང་ལྷ་སར་ཁྲིད་དེ་ཅུང་ཙམ་ལ་སྡོད་ཟེར་བས། ངས་ང་རང་མི་འགྲོ། ཁྱིམ་ན་དོན་དག་མང་བས་འགྲོ་མི་ཐུབ་ཞེས་བཤད།
       ཕྱི་ཉིན། ཁོ་གཉིས་ལྷ་སར་བུད་སོང་། ངས་ཀྱང་མུ་མཐུད་ནས་རང་གི་འཚོ་བ་སྐྱེལ་བས། ཁོ་གཉིས་ཀྱི་གནས་ཚུལ་ཐོས་པ་ཤིན་ཏུ་ཉུང་།
       ལོ་གཉིས་པའི་དབྱར་ཁར། དགོན་པས་ངའི་སྤྲུལ་སྐུ་བུ་ཆུང་དེ་སྐུ་འབུམ་དགོན་དུ་སློབ་གཉེར་ལ་མངགས། མ་ཕེབས་པའི་སྔོན་ལ་ང་རང་དགོན་པར་སོང་སྟེ་ཁོ་ལ་སྐྱེལ་མ་བྱས། ཁོ་དང་ཁོའི་ཕྱག་མཛོད་གཉིས་ཤིན་ཏུ་མཐུན་ཞིང་། ངས་ཕ་བུ་གཉིས་ལྟ་བུར་མཐོང་། ངའི་སེམས་སུ། ངའི་སྤྲུལ་སྐུ་བུ་ཆུང་འདི་དང་ངེད་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་པར་སྙམ་པའི་ཚོར་བ་ཁྱད་མཚར་ཞིག་གིས་ཁེངས།
       དབྱར་ཁ་འདས་ཤིང་སྟོན་ཁ་སོ་མར་ཚུགས་པའི་ཉིན་ཞིག་ལ། གཡང་སྐྱིད་སླར་ཡང་ལྷ་ས་ནས་ང་ལ་ལྟ་རུ་སླེབས། མོ་སླེབས་པ་གློ་བུར་ཡིན་ཏེ། སྔོན་དུ་ང་ལ་ཡོང་ངེས་ཀྱི་སྐད་ཙམ་ཡང་བསྐུར་མ་བྱུང་།
       གཡང་སྐྱིད་ཀྱིས་ང་ལ། “ཨ་མ་ལགས། རྡོ་རྗེ་སྐྱབས་ཀྱིས་ཁྱོད་རང་ལྷ་སར་འོང་སྟེ་ཅུང་ཙམ་སྡོད་རྒྱུའི་རེ་བ་ཤིན་ཏུ་ཆེ། ཐེངས་སྔོན་མར་ཁྱོད་ལྷ་སར་འགྲོ་མ་ཐུབ། ད་ཐེངས་ཁྱོད་ངེས་པར་འགྲོ་དགོས་ཨ། ཁོ་ཉེ་ལམ་ཁོམ་སྐབས་ཤིག་གཏན་ནས་མེད་པས། གཟས་ནས་ང་རང་ཁྱོད་ལྷ་སར་ཁྲིད་དུ་ཡོང་བ་ཡིན།”།ཞེས་ཟེར།
       ངས་ཅང་མ་བཤད་ཅིང་། གཡང་སྐྱིད་ཀྱིས་ཡང་བསྐྱར་མུ་མཐུད་དུ། “རྡོ་རྗེ་སྐྱབས་ཀྱིས་ལོ་འདི་གཉིས་ལ་རྒྱུན་དུ་ཁྱོད་བཤད་ཀྱིན་འདུག །རྒྱུན་དུ་ང་ལ་ཁོས་ཁྱོད་ལ་འོ་བརྒྱལ་གཏད་སོང་། ཁོའི་སེམས་ནས་ནོངས་འགྱོད་ཆེན་པོ་སྐྱེས་བཞིན་འདུག་ཟེར་གྱིན་འདུག”ཅེས་ཟེར།
       ངས་སྔར་བཞིན་ཅང་མ་བཤད་མོད། འོན་ཀྱང་སེམས་ནས་ངུས་ན་འདོད་བྱུང་།
       ང་དང་གཡང་སྐྱིད་ཀྱིས་ནུབ་འཚལ་འཐུང་རྗེས། ཡར་མར་མང་པོ་ཞིག་གླེང་པ་ཡིན། ངས་གཡང་སྐྱིད་ཀྱི་ཁ་ནས་རྡོ་རྗེ་སྐྱབས་ཀྱིས་ལས་ཀ་བྱེད་སའི་སྨན་ཁང་གི་དོན་དག་མང་པོ་ཞིག་ཤེས། ང་གློ་བུར་དུ་ལྷ་སར་འགྲོ་བསམ་ཞིང་། ཁོའི་ལྷ་སའི་འཚོ་བ་རོལ་སྟངས་ག་འདྲ་ཞིག་ཡིན་པར་གཅིག་བལྟས་ན་འདོད་བྱུང་།
       ཉིན་དེའི་དགོང་མོར། ངས་ལྷ་སར་འགྲོ་རྒྱུར་ཐག་བཅད་ཅིང་། གཡང་སྐྱིད་ཀྱིས་ངེད་གཉིས་ལ་གནམ་གྲུའི་འཛིན་བྱང་ཉོས། ངས་གཡང་སྐྱིད་ལ། “གནམ་གྲུར་བསྡད་དེ་ལྷ་སར་སོང་ན་རིན་གོང་མཐོ་ངེས་ཨང་།”ཞེས་དྲིས་པར། གཡང་སྐྱིད་ཀྱིས། “ཇི་འདྲ་མཐོ་ཡང་གནམ་གྲུར་བསྡད་ནས་འགྲོ།”ཟེར།
       ཐེངས་དང་པོར་གནམ་གྲུར་བསྡད་ན་ད་དུང་དེ་འདྲའི་གོམས་པ་ཞིག་དངོས་ནས་མ་ཡིན། གནམ་གྲུ་དུས་ཚོད་གཉིས་ལྷག་ལ་མཁའ་དབྱིངས་ནས་འཕུར་རྗེས་སར་བབས་བྱུང་ལ། གཡང་སྐྱིད་ཀྱིས། ཨ་མ་ལགས། འུ་གཉིས་ལྷ་སར་ཐོན་སོང་ཞེས་ཟེར་བས། འདི་འདྲའི་མགྱོགས་པོར་ལྷ་སར་ཐོན་སོང་བ་ལ་ང་དངོས་ནས་ཅུང་ཙམ་རློམ་མ་བྱུང་། རྡོ་རྗེ་སྐྱབས་གནམ་ཐང་དུ་ངེད་གཉིས་ལེན་དུ་ཡོང་ཡོད་ལ། ཁོ་ཤིན་ཏུ་དགའ་འདུག་སྟེ། “ཨ་མ། ཁྱེད་རང་གཞི་ནས་ལྷ་སར་ཕེབས་བྱུང་།”ཞེས་ཟེར་བས། ངས། “ངས་ཁྱོད་ཀྱི་ལྷ་སའི་འཚོ་བ་རོལ་སྟངས་ལ་གཅིག་ལྟ་ན་འདོད་བྱུང་།”ཞེས་བཤད།རླངས་འཁོར་ལྷ་སའི་གྲོང་དུ་བཏང་ཞིང་། ཐག་རིང་ཐག་རིང་ནས་ཕོ་བྲང་པོ་ཏ་ལ་མཐོང་རྗེས། ང་རང་ད་གཟོད་དངོས་སུ་ལྷ་སར་ཐོན་སོང་བར་ཡིད་ཆེས་བྱུང་། ཡིན་ཡང་ད་དུང་མག་མོག་གི་སྣང་བ་ཞིག་གིས་ཁྱབ་འདུག
       རྡོ་རྗེ་སྐྱབས་ལྷ་ས་ན་ཤིན་ཏུ་སྐྱིད་པོར་འདུག་པས། ང་རང་གི་སེམས་པ་བདེ་སོང་། འོན་ཀྱང་གཡང་སྐྱིད་དང་ཁོ་གཉིས་ལ་ད་དུང་ཡང་བྱིས་པ་མི་འདུག །ཉིན་ཞིག་གི་དགོང་མོར་ངས་གཡང་སྐྱིད་ལ་དྲིས་པར། མོས། “ཨ་མ་ལགས། ངེད་གཉིས་ཀྱིས་ད་ལྟ་ད་དུང་ལས་ཀར་འབད་ཀྱིན་པས། ཁོམ་ལོང་མི་འདུག །ལོ་རེ་གཉིས་ཀྱི་རྗེས་ནས་ད་གཟོད་ལྟ་འོང་།”ཟེར་བས། ངས། “ཁྱོད་གཉིས་མི་ཁོམ་རུང་། ངས་བྱིས་པ་གཉོར་ཆོག་ཨང་། གང་ལྟར་ངའང་ཁོམ་ཡོད།”ཅེས་བཤད་པར། གཡང་སྐྱིད་དགོད་ཞོར་དུ། “ལོ་རེ་གཉིས་ཀྱི་རྗེས་ནས་ད་གཟོད་བལྟ”ཟེར།
       དུས་ཚོད་ཀྱི་འགྲོས་ནི་ཇི་འདྲའི་མགྱོགས་པ་ལ། ང་རང་ལྷ་སར་སླེབས་ནས་ཟླ་བ་གསུམ་འདས་སོང་། ལྷ་ས་ནི་དག་པའི་ཞིང་ཁམས་སུ་བརྗོད་མོད། འོན་ཀྱང་ང་ནི་ཅིས་ཀྱང་སྡོད་པར་མི་གོམས། ང་རང་ཕྱིར་ལོག་རྒྱུའི་རེ་བ་བཏོན་པ་ན་རྡོ་རྗེ་སྐྱབས་ཅུང་ཙམ་ཁྲོས་ཏེ། མགོ་བོ་གཡུག་བཞིན་དུ། “ཨ་མ། ཁྱོད་ནི་དཀའ་སྡུག་མྱོང་རྒྱུའི་ལས་དབང་ལས་མི་འདུག །ཁྱོད་རང་གནས་མཆོག་ལྷ་ས་ནས་ལྷོད་གཡེང་ལ་རོལ་དུ་བཅུག་ན། ཁྱོས་ཀྱིས་ཀྱང་རོལ་མི་ཐུབ་པས། དངོས་ནས་ཐབས་བཀོད་མི་འདུག”ཅེས་ཟེར།
       ང་དགོད་བཞིན་དུ། “ཨ་མས་ཁྱོད་དང་གཡང་སྐྱིད་གཉིས་ལྷ་སར་འཚོ་བ་ཧ་ཅང་སྐྱིད་པོར་གནས་པ་མཐོང་ན་སེམས་བདེ་སོང་། ད་ནི་ཕྱིར་འགྲོ་རན་འདུག །ཡུལ་ན་ད་དུང་དོན་དག་མང་པོ་ཡོད”ཅེས་བཤད།
       ཁོ་གཉིས་ཀྱིས་སླར་ཡང་ཨུ་ཚུགས་ངང་ང་རང་གནམ་གྲུར་བསྡད་ནས་ཕྱིར་འགྲོ་རུ་བཅུག །གནམ་ཐང་དུ་སླེབས་དུས། ངས་ཁོ་གཉིས་ལ། “ཁྱོད་གཉིས་ལ་བྱིས་པ་ཡོད་རྗེས། ངེས་པར་དུ་ངའི་སར་སྐྱེལ་ཤོག་དང་། ངས་ཁྱེད་གཉིས་ལ་རོགས་བྱས་ཏེ་གཉོར་སྐྱོང་བཟང་པོ་ཞིག་བྱེད་ངེས།”ཞེས་བཤད།
       གནམ་ཐང་དུ་སླེབས་རྗེས། ངའི་སྤྲུལ་སྐུ་བུ་ཆུང་དང་ཁོང་གི་ཕྱག་མཛོད་གཉིས་ང་རང་ལེན་དུ་ཕེབས་འདུག ངོ་ཐུག་འཕྲལ། སྤྲུལ་སྐུ་བུ་ཆུང་གིས་ང་ལ། “ཨ་མ། ཁྱོད་རང་ལྷ་ས་ནས་ཡུན་རིང་ཙམ་མི་སྡོད་པར་ཅི་བྱེད་དམ།”ཞེས་ཟེར།
       ངས་གློ་བུར་དུ་ཁོ་རང་ཆེས་ཆེར་སོན་འདུག་སྙམ་བྱུང་། ངས། “ངས་མཇལ་དགོས་ས་དག་ལ་མཇལ་ཟིན། ད་རུང་མུ་མཐུད་དུ་སྡོད་རྒྱུར་མི་གོམས་པས། ང་རང་ཕྱིར་ཡོང་བ་ཡིན།”ཞེས་བཤད།
       ཁོས། “ཕྱིར་ཡོང་བའང་འགྲིག་འདུག །བར་སྐབས་འདིར་ངས་ཀྱང་ཁྱོད་རང་དྲན་བྱུང་། རྗེས་སུ་ངས་ཀྱང་ཁྱོད་རང་ལྷ་སར་ཐེངས་གཅིག་ཁྲིད།”ཟེར།
       ཁོས་བཤད་པ་ཐོས་རྗེས། ང་རང་དགའ་ཐག་ཆོད་དེ། མིག་ཀོང་ཡང་ཅུང་ཙམ་བརླན་བྱུང་།
       ཁོས་བཤད་ན་ཁོས་སྐུ་འབུམ་དགོན་ནས་སློབ་གཉེར་གྱི་མགོ་ཚུགས་ཤིང་ཁོམ་ལོང་དང་བྲལ་ཟེར། ཁོའི་ཕྱག་མཛོད་ཀྱིས་ཁ་ལོ་བར་ང་རང་ཡུལ་ལ་སྐྱེལ་དུ་བཅུག་ཅིང་། ཁོ་གཉིས་ཀྱིས་གླ་འཁོར་ཞིག་གླས་ཏེ་ཕྱིར་སྐུ་འབུམ་དུ་ལོག་སོང་།
       ཕྱིར་སྡེ་བར་སླེབས་རྗེས། མི་མང་པོས་ང་ལ་ཡིད་སྨོན་ཆེན་པོ་སྐྱེས་ཤིང་། ཡིད་སྨོན་གྱི་མིག་མདངས་ང་ལ་འཕོས་བྱུང་། ཁ་མང་ཅན་གྱི་སྐྱེས་ཕོ་མོ་དག་གིས་འདྲི་རྒྱུ་ཆེས་མང་བ་ནི་གནམ་གྲུར་བསྡད་ན་ཚོར་བ་ཇི་འདྲ་ཡིན་པ་དེ་ཡིན་མོད། ངས་ཀྱང་ཚོར་བ་ཇི་འདྲ་ཞིག་ཡིན་པ་གསལ་བོ་ཞིག་བཤད་མི་ཐུབ་པས། ཡར་འཕུར་སྐབས་དང་མར་འབབ་སྐབས་དངངས་སྐྲག་ཅུང་ཙམ་སྐྱེས་བྱུང་ལ། སྙིང་ཡང་མགྲིན་ལམ་དུ་འཚངས་སོང་ཞེས་པ་ཙམ་བཤད་པ་ཁོ་ཚོས་ཐོས་རྗེས་དེ་འདྲ་ཡིད་ཚིམས་མེད་པ་ཁོ་ཚོའི་རྣམ་འགྱུར་ལས་ཤེས་ཐུབ། ངས་ཡང་བསྐྱར། མགྱོགས། མགྱོགས་པོ་འདུག །དུས་ཚོད་གཉིས་ཀྱི་ཡུན་ལ་ལྷ་སར་ཐོན་སོང་། ཞེས་བཤད་པར། ཁོ་ཚོས་ཕལ་ཆེར་ཅུང་ཙམ་ཧ་གོ་སོང་བ་འདྲ་སྟེ། དེའང་དངོས་ནས་མགྱོགས་པ་ལ། སྔོན་ཆད་རྐང་ཐང་ལ་ལྷ་སར་མཇལ་སྐོར་དུ་སོང་ན་ཟླ་བ་འགའ་དགོས་ཤིང་། གལ་ཏེ་རྐྱང་ཕྱག་འཚལ་ཏེ་ལྷ་སར་འགྲོ་དགོས་ན་དེ་ལས་ཀྱང་ཡུན་རིང་བོ་དགོས་ཏེ། ལོ་གཅིག་ལའང་ཐོན་མི་ཐུབ་ཟེར། ངས་ཀྱང་དངོས་ནས་མགྱོགས་པོ་འདུག །དུས་ཚོད་གཉིས་ལྷག་གི་རིང་དུ་ལྷ་སར་ཐོན་སོང་། ངའང་ཡིད་ཆེས་ཐབས་བྲལ་ཞེས་བཤད། སྐྱེས་པ་དང་བུད་མེད་ཁ་ཁེར་གྱིས་སྐྱོ་བ་དང་བློ་ཕམ་ངང་ངེད་ཅག་མི་ཚེ་འདིར་གནམ་གྲུར་བསྡད་ནས་ལྷ་སར་འགྲོ་རྒྱུའི་བསོད་ནམས་ཧ་ལམ་མེད་ཚོད་འདུག །སྐྱེ་བ་ཕྱི་མར་སྨོན་ལམ་འདེབས་རྒྱུ་ལས་མི་འདུག་ཅེས་ཟེར། ཁོ་ཚོའི་རྣམ་འགྱུར་དང་བཤད་སྟངས་མཐོང་ཐོས་སུ་གྱུར་དུས། ངའི་སེམས་སུ་ཁོ་ཚོར་ཅི་ཞིག་ཆད་འདུག་པ་ལྟ་བུའི་ཚོར་བ་ཞིག་གིས་ཁྱབ་སྟེ། ཇི་ལྟར་སེམས་གསོ་བྱེད་ན་བཟང་ངམ་སྙམ་བྱུང་།
       རྗེས་ཀྱི་ལོ་འགའི་ནང་། བུ་གཉིས་ཀྱི་སུ་ཡང་ཁྱིམ་དུ་ལོག་མ་བྱུང་། ཁོ་གཉིས་ཀྱིས་བཤད་ན་ཁོམ་ལོང་དང་བྲལ་བས་འགྲོ་འོང་དཀའ་ཟེར་མོད། འོན་ཀྱང་ཁོ་གཉིས་ཀྱིས་རྒྱུན་ཆད་མེད་པར་ང་ལ་སྒོར་མོ་རེ་བསྐུར་འོང་།
       ལོ་དེར་རྡོ་རྗེ་ཐར་ལོ་བཅུ་དྲུག་ལ་སོན་ཞིང་། ཁོས་ད་རུང་སྐུ་འབུམ་ན་སློབ་གཉེར་བྱེད་ཀྱིན་མཆིས། རྡོ་རྗེ་སྐྱབས་ལོ་སོ་ལྔ་ལོན་དགོས་ངེས། ངས་གཞན་ལས་གོ་ཐོས་ལྟར་ན་ཁོ་རང་ཁོ་ཚོའི་སྨན་ཁང་དེའི་ཡོན་ཀྲང་གཞོན་པར་བསྐོས་འདུག་ལ། སྔར་ལས་ཁོམ་སྐབས་དང་བྲལ་ཟེར། ངས་ནམ་ཡང་སེམས་སུ་བུ་གཉིས་ལ་སེམས་ཁུར་བྱེད་མོད། འོན་ཀྱང་ཁོ་གཉིས་ང་དང་བར་ཐག་ཧ་ཅང་རིང་བར་གྱུར་འདུག་སྙམ།
       ལོ་དེའི་དབྱར་ཁར། སྐྱེས་པ་དང་བུད་མེད་གཉིས་སྔར་བཞིན་ང་ལ་གྲོ་ཞིང་འབྲེག་རོགས་སུ་སླེབས། ངེད་ཅག་གིས་ཕན་ཚུན་ལ་ལྟ་བཞིན། དགོད་ཞོར་དུ་འུ་ཅག་ཚང་མ་རྒས་འདུག་ཅེས་བཤད། བུད་མེད་ཀྱིས་ཁོ་གཉིས་ཀྱི་བུ་མོ་གཉིས་ལས་གཅིག་གནས་ལ་བྱིན་ཞིང་། གཅིག་གིས་རྫོང་ན་མཐོ་འབྲིང་འདོན་བཞིན་ཡོད་ཟེར། ངས་བུ་མོ་གཉི་ག་ཁྱོད་གཉིས་ཀྱི་གམ་ནས་ལྷན་དུ་ནར་སོན་པ་དངོས་ནས་བདེ་སྐྱིད་ཅིག་རེད་ཨང་ཞེས་བཤད། མོས། ཁྱོད་ནི་ད་གཟོད་བུད་མེད་བསོད་ནམས་ཅན་ཞིག་རེད། བུ་གཉིས་ཀྱང་འདི་འདྲའི་ངར་བ་ལ་ཟེར། སྐྱེས་པས་ཁྱོད་ད་ལྟ་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་བཟང་མོད། འོན་ཀྱང་གམ་ན་མི་ཞིག་མེད་ན་ཡང་དཀའ་མོ་རེད་ཅེས་ཟེར་བས། ང་དེ་མ་ཉིད་དུ་ཁ་རོག་གེར་གྱུར་ཏེ་ཅི་ཞིག་བཤད་དགོས་པའང་མ་ཤེས།
       ལོ་སར་ལ་ཉེ་སྐབས། བུད་མེད་སྨྱོ་འཚུབ་འཚུབ་ཀྱིས་ངེད་ཚང་ལ་རྒྱུག་འོང་སྟེ་ངུ་ཅོ་བཏོན་པས། ངས་མོར་ཅི་ཞིག་བྱེད་སོང་ཞེས་དྲིས་པར། མོས་སྐྱེས་པ་གློ་བུར་དུ་ནད་ལྕི་མོ་ཞིག་ཕོག་སྟེ་སྨན་ཁང་དུ་སོང་མོད་ཉིན་གཉིས་མ་འགོར་བར་ཚེ་ལས་འདས་སོང་ཟེར། ངས་མོ་ཤིན་ཏུ་སྐྱོ་བའི་རྣམ་པ་མཐོང་བས་ངས་གང་ཐུབ་ཅི་ཐུབ་ཀྱིས་མོར་སེམས་གསོ་བྱས། ངའི་སེམས་ཁོངས་ཀྱང་སྐྱོ་སྡུག་གི་ཚོར་བ་ཞིག་གིས་ཡོངས་སུ་མནར། ངས་མོར་ངས་ཅི་ཞིག་བྱ་དགོས་ཚེ་འཛེམ་དོགས་མེད་པར་ང་ལ་ཤོད་ཅེས་བཤད་པར། མོས། སྐྱེས་པ་མ་འདས་པའི་སྔོན་ལ་རེ་བ་ཞིག་མཆིས་ཏེ། དེ་ནི་ཁོའི་སྤྲུལ་སྐུ་བུ་ཆུང་གིས་ཁོ་ལ་སྐུ་དངོས་ནས་ཐར་མདོ་ཞིག་གསུང་ཐུབ་པར་འདོད་པ་དེ་རེད་ཅེས་ཟེར།
       ངས་མོར་སྐར་མ་ནམ་རེད་ཅེས་དྲིས་པར། མོས་ད་རུང་ཉིན་གསུམ་འདུག་ཟེར། ངས་བུད་མེད་ཕྱིར་ཁྱིམ་དུ་བཏང་ཞིང་། ཕྱི་དྲོར་ང་རང་གཅིག་པུ་འགྲུལ་འཁོར་ལ་བསྡད་དེ་སྐུ་འབུམ་དགོན་དུ་ཕྱིན། ངས་གྲྭ་བ་ཞིག་ལ་ཞུས་ཏེ་ངའི་སྤྲུལ་སྐུ་བུ་ཆུང་ཕྱི་རུ་བོས་ཤིང་། ཁོས་ང་རང་མཐོང་འཕྲལ། “ཨ་མ། ཁྱོད་ཅིའི་ཕྱིར་ཡོང་བ་ཡིན།”ཞེས་ཟེར། ངས། “ཁྱོད་ང་དང་འགྲོགས་ནས་ཕྱིར་གཅིག་འགྲོ་དགོས།”ཞེས་བཤད་པར། ཁོས། “ངེད་ཅག་སློབ་ཁྲིད་ཚོགས་པའི་སྒང་ཡིན་ཡ། འགྲོ་མི་ཐུབ།”ཅེས་ཟེར་བས། ངས། “ཁྱོད་ངེས་པར་ང་དང་འགྲོགས་ནས་ཕྱིར་གཅིག་འགྲོ་དགོས།”ཞེས་བཤད་པར། ཁོས། “ཁྱིམ་ནས་དོན་དག་ཅི་ཞིག་བྱུང་སོང་།”ཞེས་དྲིས་པར། ངས། “ཁྱོད་ཀྱི་ཨ་ཕ་ཚེ་ལས་འདས་སོང་། ཁྱོད་རང་ཕྱིར་སོང་སྟེ་ཁོ་ལ་ཐར་འདོད་ཅིག་གསུང་དགོས།”ཞེས་བཤད་པར། ཁོ་ཅུང་ཙམ་ཧད་རྗེས། “ཁྱོད་ཀྱིས་ང་ལ་ངའི་ཨ་ཕ་སུ་ཞིག་ཡིན་པ་གཏན་ནས་བཤད་མ་མྱོང་ཨང་།”ཞེས་ཟེར། ངས། “ང་ལ་ངའི་ཐད་ཀྱི་དཀའ་ངལ་མཆིས། ད་ལྟ་ཁོ་རང་ཚེ་ལས་འདས་པས། ཁྱོད་སོང་སྟེ་ཁོར་ཐར་འདོད་ཅིག་གསུང་དགོས། འདི་ནི་ཁོའི་རེ་བ་རེད།”ཅེས་བཤད། ཁོས་ཅུང་ཙམ་སྣང་མེད་ངང་། “འོན་ཀྱང་ངས་ཁོ་གཏན་ནས་མཐོང་མྱོང་མེད།”ཅེས་ཟེར། ངས། “ཁོས་ཁྱོད་མཐོང་མྱོང་། ཁྲི་འདོན་མཛད་སྒོའི་ཉིན་དེར་ཁོ་ད་རུང་ཆེད་དུ་སོང་སྟེ་ཁྱོད་ལ་བལྟས་ཤིང་། ཁོད་ལྟ་བུའི་བུ་ཞིག་ཡོད་པ་ཁོས་གཟི་བརྗིད་དུ་རྩིས་ཡོད།”ཅེས་བཤད།
       སྐྱེས་པའི་སྐར་མ་ཕུད་པའི་ཉིན་དེར། ཁོས་གྲྭ་བ་འགའ་ཤས་ཁྲིད་འོང་སྟེ་ཐར་མདོ་གསུངས་ལ། སྐྱེས་པའི་བེམ་པོ་མི་མང་པོས་བཀྱགས་ཏེ་ཕྱི་རོལ་དུ་འབུད་སྐབས། བུད་མེད་ཚོས་ངུ་བཤུམ་བྱས་ཤིང་། ཀུན་ལ་སྐྱོ་ཉམས་ཀྱིས་ཁེངས་འདུག །ངས་གྲྭ་བ་ཚོའི་གྲས་སུ་བཞུགས་ཏེ་གསུང་ཆོས་གསུང་བཞིན་པའི་ངའི་སྤྲུལ་སྐུ་བུ་ཆུང་ལའང་སྐྱོ་ཉམས་ཀྱིས་ཁེངས་འདུག་པ་མཐོང་བྱུང་།
       ངའི་སྤྲུལ་སྐུ་བུ་ཆུང་དང་གྲྭ་བ་དག་ཕྱིར་དགོན་པར་ཕེབས་གྲབས་བྱེད་སྐབས། ངས་སྐྱེས་པ་དང་བུད་མེད་གཉིས་ཀྱི་བུ་མོ་གཉི་ག་ཁོའི་གམ་དུ་བོས་ཏེ། “འདི་གཉིས་ནི་ཁྱོད་ཀྱི་ཕ་གཅིག་ལ་མ་མི་གཅིག་པའི་ཨ་ཅེ་གཉིས་རེད། རྗེས་ཕྱོགས་མོ་གཉི་གར་དོན་དག་ཅི་ཞིག་ཡོད་ན་ཁྱོད་ཀྱིས་རོགས་རམ་བཟང་པོ་བྱ་དགོས།”།ཞེས་བཤད།
       ཨ་ཅེ་གཉིས་ཀྱིས་སྐད་དམའ་མོས་ངུ་བཤུམ་བྱེད་ཀྱིན་འདུག །ཁོས་མོ་གཉིས་ཀྱི་ལག་པར་འཇུས་ཏེ་མཚམས་མེད་པར་ཅི་ཞིག་ལ་སེམས་གསོ་བྱེད་ཀྱིན་འདུག
       ཕྱི་ལོའི་དབྱར་ཁར། བུད་མེད་ཀྱིས་བུ་མོ་གཉི་ག་ཁྲིད་འོང་སྟེ་སླར་ཡང་ང་ལ་གྲོ་འབྲེག་རོགས་བྱས། བུ་མོ་གཉིས་ལས་ཀར་ཤིན་ཏུ་བཟང་ཞིང་། ཁྱོད་གཉིས་ལོ་ཆེར་སོན་འདུག་པས་ངལ་གསོ་བཟང་པོ་བྱེད་ན་འོས་ཟེར་བས། ངེད་བུད་མེད་གཉིས་ཀྱིས་ཇ་བསྐོལ་ཞིང་ཟ་མ་གཡོས་སྦྱོར་བྱས། དྲོས་ཇར་སླེབས་སྐབས་ཚ་ལམ་ལམ་གྱི་ཟ་མ་ཞིང་ཚིགས་ཁར་ཁྱེར་ཏེ་མོ་གཉི་གར་ཟ་རུ་བཅུག །དྲོས་ཇ་འཐུང་རྗེས། ངེད་གཉིས་ཀྱིས་ཀྱང་མོ་གཉིས་ལ་གྲོ་འབྲེག་རོགས་ཅུང་ཙམ་བྱས། མོ་གཉིས་ཀྱིས་ངེད་གཉིས་ལ་གྲོ་འབྲེག་ཏུ་མ་བཅུག་པར་ངེད་གཉིས་ལ་ངལ་གསོ་ལེགས་པར་བྱེད་དུ་བཅུག །ང་རང་སར་བཙོག་སྐབས་སུ་གློ་བུར་དུ་མགོ་གཡོམ་ཞིག་འཁོར་ཏེ་ཞིང་ནང་ནས་འགྱེལ་ཏེ་ལངས་མ་ཐུབ། བུད་མེད་དང་མོའི་བུ་མོ་གཉིས་ཀྱིས་སྡེ་ཁྲོད་ཀྱི་ཕོ་སར་འགའ་བོས་ཏེ་ང་རང་འདྲུད་འཐེན་འཁོར་ལོ་ཞིག་ལ་བཞག་སྟེ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་བསྐྱལ།
       ཡུལ་ཚོའི་འཕྲོད་བསྟེན་ཁང་ནས་ནད་འདི་ངེད་ཅག་གིས་བཅོས་མི་ཐུབ་པས། མྱུར་དུ་རྫོང་གི་སྨན་ཁང་ལ་སྐྱོལ་ཟེར། སྐབས་དེར། ངེད་ཅག་སྡེ་བའི་སྡེ་དཔོན་ཡང་ཐོན་བྱུང་། ཁོ་ཚོས་སླར་ཡང་ང་རང་འདྲུད་འཐེན་འཁོར་ལོར་བཞག་སྟེ་རྗོང་གི་སྨན་ཁང་དུ་བསྐྱལ། རྗོང་གི་སྨན་ཁང་ནས་སླར་ཡང་ནད་འདི་ངེད་ཅག་གིས་བཅོས་མི་ཐུབ་པས། མྱུར་དུ་ཞིང་ཆེན་གྱི་སྨན་ཁང་ལ་སྐྱོལ་ཟེར། སྡེ་དཔོན་ཁོང་ཁྲོ་ཆེན་པོས་ཁོ་ཚོས་ཁག་འགེལ་གྱིན་པ་མིན་ནམ་ཞེས་དྲིས་པར། ཁོ་ཚོའི་སྨན་པ་རྒན་པ་ཞིག་གིས་གཟབ་ནན་དང་བྱང་སེམས་ལྡན་པའི་ངང་ངེད་ཅག་གིས་ཁག་བཀལ་བ་མ་ཡིན་པར་ནད་པར་ཕན་ཕྱིར་ཡིན་ཟེར། དེ་ནས། སྨན་ཁང་གིས་མྱུར་སྐྱོབ་རླངས་འཁོར་གྱིས་ང་རང་ཞིང་ཆེན་གྱི་སྨན་ཁང་དུ་བསྐྱལ་ཞིང་སྡེ་དཔོན་གཅིག་པུ་འགྲོ་རོགས་སུ་མངགས། ལམ་ནས་མྱུར་སྐྱོབ་རླངས་འཁོར་གྱི་སྒྲས་ང་རང་སུན་སྣང་དང་ཆལ་ཆོལ་དུ་བཟོས་ཤིང་། ངས་སྡེ་དཔོན་ལ་ང་ལ་ནད་ལྕི་མོ་ཞིག་ཕོག་འདུག་པ་ཨེ་རེད་ཅེས་དྲིས་པར། སྡེ་དཔོན་གྱིས་བཤད་ན་སྐྱོན་ཡོད་མི་སྲིད། སེམས་བདེ་མོ་བྱོས། ཞིང་ཆེན་གྱི་སྨན་ཁང་ཆེན་མོས་བཅོས་མི་ཐུབ་པའི་ནད་ཅིག་མེད་ཟེར།
       ཞིང་ཆེན་སྨན་ཁང་དུ་ཐོན་ཏེ་བརྟག་དཔྱད་སྣ་ཚོགས་བྱས་རྗེས། སྨན་པས་སྡེ་དཔོན་ལ་ཁྱོད་ནི་ནད་པའི་ཁྱིམ་མི་ཡིན་ནམ་ཞེས་དྲིས་པར། སྡེ་དཔོན་གྱིས་ང་ནི་ངེད་ཅག་སྡེ་བའི་སྡེ་དཔོན་ཡིན། མོའི་ཁྱིམ་མི་མིན་ཟེར་བར། སྨན་པས་སླར་ཡང་མོའི་ཁྱིམ་མི་གང་ན་ཡོད་དམ་ཞེས་དྲིས་བྱུང་ལ། སྡེ་དཔོན་གྱིས་མོའི་བུ་གཉི་ག་མོའི་གམ་དུ་མེད་ཟེར། སྨན་པས་སྡེ་དཔོན་གཞུང་ལས་ཁང་ཞིག་ཏུ་བོས་ཏེ་ཡུན་རིང་ཞིག་འདས་རྗེས་སྡེ་དཔོན་སྨན་པའི་གཞུང་ལས་ཁང་ནས་ཕྱིར་བུད་བྱུང་། ཁོར་བལྟས་ན་ཅུང་ཙམ་ཡིད་ཆད་འདུག་ཅིང་། ང་ལ་བུ་གཉིས་ཀྱི་ཁ་པར་ཨང་གྲངས་ཡོད་དམ་ཞེས་དྲིས་ཤིང་། ངས་སྡེ་དཔོན་ལ་ད་སྔོན་སྨན་པས་ཅི་ཟེར་རམ་ཞེས་དྲིས་པར། སྡེ་དཔོན་གྱིས་སླར་ཡང་ང་ལ་བུ་གཉིས་ཀྱི་ཁ་པར་ཨང་གྲངས་ཡོད་དམ་ཞེས་དྲིས་བྱུང་། ངས་བུ་གཉིས་ཀྱི་ཁ་པར་ཨང་གྲངས་སྡེ་དཔོན་ལ་བྱིན། སྡེ་དཔོན་གྱིས་ཁོ་ཁྲོམ་སྲང་དུ་སོང་སྟེ་ཁ་པར་ཞིག་གཏང་དགོས། ཁྱོད་རང་ངལ་གསོ་བཟང་པོ་ཞིག་བྱོས་ཟེར། སྡེ་དཔོན་གྱིས་ཁ་པར་ཨང་གྲངས་ཁྱེར་ཏེ་ཕྱིར་བུད་ཅིང་། ང་ལ་གློ་བུར་དུ་ལྟས་མི་ལེགས་པའི་སྣང་བ་ཞིག་བྱུང་།
       ཉིན་གཅིག་འདས་རྗེས། ངའི་བུ་ཆེ་བ་རྡོ་རྗེ་སྐྱབས་ལྷ་ས་ནས་གནམ་གྲུར་བསྡད་དེ་ང་ལ་ལྟ་རུ་སླེབས་བྱུང་། ཁོས་སྡེ་དཔོན་ཁྲིད་དེ་ཕྱི་རོལ་ནས་ཟ་མ་ཟོས་རྗེས་སྡེ་དཔོན་ཕྱིར་མངགས་སོང་།
       ངའི་བུ་ཆེ་བས་སྨན་ཁང་གི་སྨན་པར་ཐུག་རྗེས་ང་ལ། “ཨ་མ། ངེད་ཅག་ཁྲིན་ཏུའུ་ལ་སོང་སྟེ་སྨན་བཅོས་བྱ་དགོས། དེ་ན་ང་ལ་སྨན་པ་ངོ་ཤེས་ཡོད་ལ། སྨན་བཅོས་ཀྱི་ཆ་རྐྱེན་ཡང་འདི་ལས་ཅུང་བཟང་།”ཟེར།
       ངས། “བུ་ཁྱོད་ཀྱིས་དྲང་མོར་ཤོད་དང་། ཨ་མ་ལ་ནད་ངན་པ་ཞིག་ཕོག་ཡོད་པ་མིན་ནམ་”ཞེས་ཐད་འདྲི་བྱས་པར།
       ཁོས། “སྐྱོན་མེད། ནད་ལྕི་མོ་ཅང་མ་རེད། བཅོས་ཐུབ་”ཟེར།
       ངས། “གཡང་སྐྱིད་ད་ཐེངས་མ་འོང་ངམ།”ཞེས་དྲིས།
       ཁོས། “མོ་ད་སྐབས་ཅུང་ཙམ་ཁོམ་གྱིན་མི་འདུག །ཉིན་འགའི་རྗེས་སུ་མོ་ཁྲིན་ཏུའུ་རུ་ཁྱོད་ལ་ལྟ་རུ་འོང་སྟེ་ཁྱོད་ལ་ནད་གསོ་ལེགས་པོ་ཞིག་འོང་བར་འཇུག་ངེས།”ཞེས་ཟེར།
       ང་སླར་ཡང་དགོད་བཞིན་དུ། “ཁྱོད་གཉིས་ཀྱིས་ད་རུང་ཕྲུ་གུ་ཞིག་བཙའ་རྒྱུ་མ་བྱས་སམ། ངས་ཡུན་རིང་དུ་ཁྱོད་གཉིས་ལ་ཕྲུ་གུ་གཉོར་རོགས་བྱེད་རྒྱུར་སྒུག་པ་ཡིན།”ཞེས་བཤད།
       ཁོས། “ངེད་གཉིས་ལ་གནས་སྐབས་སུ་ཕྲུ་གུ་དགོས་འཆར་མེད། རྗེས་ཕྱོགས་ལས་ཀ་གཏན་འཇགས་བྱུང་རྗེས་ད་གཟོད་བཤད།”ཟེར།
       ངས། “ཁྱོད་ལོ་སོ་ལྔར་བུད་ཡོད་པས། ད་ནི་ཕྲུ་གུ་ཞིག་མེད་ན་འགོར་དྲགས་འདུག །སྐབས་དེར་ངས་ཀྱང་ཁྱོད་གཉིས་ལ་ཕྲུ་གུ་སྐྱོང་རོགས་བྱེད་དཀའ་ངེས།”ཞེས་བཤད།
       ཁོས་ང་ལ་བལྟས་འདུག་པ་ལས་ད་ནི་ཅི་ཡང་བཤད་མ་བྱུང་།
       ཕྱི་ཉིན། ངེད་ཅག་གནམ་གྲུར་བསྡད་ནས་ཁྲིན་ཏུའུ་ཡི་སྨན་ཁང་ལ་སོང་།
       དེ་གའི་ཆ་རྐྱེན་དངོས་ནས་ཅུང་ལེགས་པར་སྙམ་ལ། རྡོ་རྗེ་སྐྱབས་ཁོ་ཚོ་དང་རྒྱུས་ཆེ་བ་འདྲ་སྟེ། མཚམས་མེད་པར་ཁོ་ཚོར་ངས་གོ་མི་ཐུབ་པ་རེ་བརྗོད་ཅིང་། ཡང་མིག་གིས་ང་ལ་ཡང་ཡང་ལྟ་བཞིན་འདུག
       དགོང་མོར། ངས་རྡོ་རྗེ་ཐར་ད་དུང་མ་ཐོན་པ་ཅི་ཡིན་ནམ་ཞེས་དྲིས་པར། ཁོས་བཤད་ན་ཁོ་དགེ་བཤེས་ཀྱི་བསླབ་གནས་དམ་བཅར་ཞུགས་བཞིན་པས། སང་ཉིན་སླེབས་ངེས་ཟེར།
       ཉིན་གཅིག་འདས་རྗེས། ངའི་སྤྲུལ་སྐུ་བུ་ཆུང་རྡོ་རྗེ་ཐར་ཡང་ཐོན་བྱུང་། ཁོས་གཟན་ཤམ་མནབས་མེད་པར་སྐྱ་ལྭ་སྟབས་བདེ་ཞིག་གྱོན་འདུག་ཅིང་། ཚུར་འོང་སྟེ་ངའི་ནད་ཁྲིའི་གན་དུ་བསྡད་དེ་ང་ལ་ལྟ་བཞིན་མིག་ཆུ་འགྲིལ་བྱུང་།
       ངས་ཁ་རོག་གེར། “ཁྱོད་ཀྱིས་དོན་མེད་དུ་མིག་ཆུ་བཞུར་མི་ཉན་ཨ། ཁྱོད་ཀྱིས་རང་ཉིད་སྤྲུལ་སྐུ་ཞིག་ཡིན་པ་བརྗེད་མི་ཉན། ”ཞེས་བཤད། ཁོའི་གདོང་ལ་མིག་ཆུ་དང་བཅས་དགོད་ཙམ་བྱེད་ཅིང་། གཡས་གཡོན་དུ་གཅིག་བལྟས་རྗེས། “ཁོ་ཚོས་ང་ངོའང་མི་ཤེས་པས་སྐྲག་ཅི་ལ་དགོས།”ཟེར།
       ངས་ཁོར་དགེ་བཤེས་ཀྱི་བསླབ་གནས་དམ་བཅའ་བཞག་པ་ཅི་འདྲ་འདུག་ཅེས་དྲིས་པར། ཁོས་དེ་འདྲ་དཀའ་ངལ་མི་འདུག །ངས་ཧ་ཅང་སླ་མོའི་ངང་ལོན་སོང་ཟེར།
       དགོང་མོར། ཁོ་གཉིས་ཀྱིས་ང་སྲུང་སྟེ་གཏན་ནས་ཁ་མ་བྲལ།
       ཁོ་གཉིས་ཀྱིས་ལབ་གླེང་ཅི་རིགས་ཤིག་བྱེད་ཀྱིན་མཆིས།
       རྡོ་རྗེ་སྐྱབས་ཀྱིས་རྡོ་རྗེ་ཐར་ལ། “རྡོ་རྗེ་ཐར། ངས་ད་དུང་ཁྱོད་ལ་རྡོ་རྗེ་ཐར་ཞེས་འབོད་ཆོག་གམ། ང་ནི་ཁྱོད་ཀྱི་ཕུ་བོ་ཡིན་པས། ངས་ཁྱོད་ཀྱི་སྤྲུལ་སྐུའི་མཚན་གྱིས་འབོད་མི་འདོད། ངས་ཁྱོད་ལ་རྡོ་རྗེ་ཐར་ཞེས་བོས་ན་ཤིན་ཏུ་ཉེ་བོ་འདུག”ཅེས་དྲིས་བྱུང་།
       རྡོ་རྗེ་ཐར་གྱིས། “མིང་འདི་ང་ལའང་ཅུང་ཙམ་ཆ་མེད་དུ་གྱུར་འདུག །འོན་ཀྱང་ཨ་མས་རྒྱུན་དུ་ངའི་མིང་འདི་འབོད་ཀྱིན་འདུག་པས། ངས་ཀྱང་མིང་འདི་ལྷག་ཏུ་ཅུང་ཉེ་བར་འདུག་སྙམ།”ཞེས་ཟེར།
       རྡོ་རྗེ་སྐྱབས་དགོད་ཙམ་བྱས་རྗེས། “ཁྱོད་ཀྱིས་ད་ལྟ་ད་རུང་ཁྱོད་ནི་གྲོ་བློ་ཚང་གི་སྤྲུལ་སྐུ་ཡིན་པར་འདོད་དམ”ཟེར།
       རྡོ་རྗེ་ཐར་གྱིས། “ཁྱོད་ཀྱིས་སྔོན་ཆད་ཀྱང་ང་ལ་དྲི་བ་འདི་དྲིས་པ་ངས་དྲན།”ཟེར།
       རྡོ་རྗེ་སྐྱབས་ཀྱིས་རྡོ་རྗེ་ཐར་གྱི་གདོང་ལ་ཅེར་བཞིན། “ཡིན། ལོ་མང་པོའི་སྔོན་དུ་ངས་ཀྱང་ཁྱོད་ལ་དྲི་བ་འདི་དྲིས་མྱོང་།”ཟེར།
       རྡོ་རྗེ་ཐར་དགོད་བཞིན་དུ་ལན་མ་བཏབ།
       རྡོ་རྗེ་སྐྱབས་ཀྱིས། “མྱུར་དུ་ངའི་དྲི་བར་ལན་ཐོབས”ཞེས་སྐུལ།
       རྡོ་རྗེ་ཐར་གྱིས་ད་གཟོད་ནན་ཏན་ངང་། “ཐེངས་དེར་ཁྱོད་ཀྱིས་ང་ལ་དྲི་བ་དེ་དྲིས་པ་ནས་བཟུང་། ངས་ཀྱང་རྒྱུན་དུ་དྲི་བ་འདི་ལ་འདང་བརྒྱབ་པ་ཡིན། སྐབས་ལ་ལར་ངའང་ཧ་ཅང་མག་མོག་ཏུ་གྱུར་ཅིང་། ཁོ་ཚོ་ནོར་སོང་བ་མིན་ནམ་སྙམ། འོན་ཀྱང་རྗེས་སུ་ངས་སླར་ཡང་འདི་དག་གལ་ཆེན་མ་ཡིན་པར་འདོད་ལ། གལ་ཏེ་གཞན་གྱིས་ཁྱོད་ལ་མཆོག་ཏུ་གྱུར་པའི་མཚན་སྙན་འདི་འདྲ་ཞིག་གནང་བྱུང་ན། ངེས་པར་རང་ཉིད་ཀྱིས་འབད་བརྩོན་བྱས་ན་ད་གཟོད་མཆོག་ཏུ་གྱུར་པའི་མཚན་སྙན་འདི་རང་ཉིད་ལ་འཚམ་པར་འདོད།”ཅེས་ཟེར།
       རྡོ་རྗེ་སྐྱབས་ཀྱིས་རྡོ་རྗེ་ཐར་གྱི་གདོང་ལ་ཅེར་ནས་འདུག
       རྡོ་རྗེ་ཐར་བགད་བྱུང་ལ། “ངས་ཁྱོད་ལ་ཞུ་བ་ཞིག་བྱེད། ཁྱོད་ཀྱིས་ང་ལ་དེ་ལྟར་མ་ཅེར་རོགས། ཆུང་དུས་ཁྱོད་ཀྱིས་ང་ལ་དེ་ལྟར་ཅེར་ནས་ང་རང་ངུ་རུ་བཅུག་སོང་།”ཟེར།
       རྡོ་རྗེ་སྐྱབས་ད་གཟོད་བགད་བྱུང་ལ། “ད་ནི་ཁྱོད་རང་ནར་སོན་འདུག”ཟེར།
       རྡོ་རྗེ་ཐར་གྱིས། “ལོས་ཡིན་ཏེ། ད་ནི་ང་རང་དེ་དུས་ལྟར་ངུ་མི་སྲིད།”ཟེར།
       རྡོ་རྗེ་སྐྱབས་ཀྱིས་ཀྱང་ཧ་ཅང་ནན་ཏན་གྱིས། “ད་ལྟ་ལྡོག་སྟེ་ངས་ཁྱོད་རང་ནི་དངོས་ནས་གྲོ་བློ་ཚང་གི་སྤྲུལ་སྐུ་ཡིན་པར་འདོད་བྱུང་ཨང་།”ཞེས་ཟེར།
       རྡོ་རྗེ་ཐར་དགོད་བཞིན་དུ། “ཁྱོད་ཀྱིས་འདི་ལྟར་བཤད་ན་ང་རང་ཤིན་ཏུ་དགའ་བྱུང་། ངས་ནི་རང་ཉིད་གྲོ་བློ་ཚང་གི་སྤྲུལ་སྐུར་བརྩི་བཞིན། སློབ་གཉེར་བཟང་པོ་བྱས་ཏེ་རྗེས་ཕྱོགས་སུ་དད་ལྡན་དག་ལ་ཕན་ཐོགས་པའི་དོན་རེ་བསྒྲུབ་ཅི་ཐུབ་བྱ་ངེས།”ཟེར།
       སྐབས་འདིར། ངའི་བསམ་པར་ངའི་བུ་གཉིས་ནི་ཇི་འདྲའི་སྙིང་ཉེ་ཨང་སྙམ་བྱུང་། ཁོ་གཉིས་ངའི་ཉལ་ཁྲིའི་ཟུར་ནས་སྡོད་ཅིང་། ང་དང་ཡང་ཇི་འདྲ་སྙིང་ཉེ་བ་ལ། ངའི་སེམས་སུ། “ངའི་མི་ཚེ་འདིར། ང་ལ་འདི་འདྲའི་བུ་གཉིས་ཡོད་པ་ཇི་འདྲས་བཟང་བ་ལ་ཨང་།”སྙམ་བྱུང་།
       ཁོ་གཉིས་ཀྱིས་ད་དུང་ལབ་གླེང་བྱེད་ཀྱིན་འདུག །ང་རང་ཅུང་ཙམ་ཉོབ་བྱུང་པས་མིག་བཙུམ་སྟེ་ངལ་གསོ་ཅུང་ཙམ་བྱེད་ན་འདོད་བྱུང་།
       ངས་རྡོ་རྗེ་ཐར་གྱིས་རྡོ་རྗེ་སྐྱབས་ལ། “ཨ་མ་གཉིད་སོང་། འུ་གཉིས་ཕྱི་རོལ་དུ་སོང་ནས་ཁ་བརྡ་བྱ།”ཟེར་བ་ཐོས།
       དེ་ལྟར་ཟེར་བ་ཐོས་འཕྲལ། ངའི་ཉོབ་སྣང་སླར་ཡང་གར་སོང་ཆ་མེད་དུ་གྱུར། ཁོ་གཉིས་ནད་ཁང་ནས་ཕྱིར་བུད་ཅིང་། ཕྱི་རོལ་གྱི་བར་ཁྱམས་ན་མུ་མཐུད་དུ་ལབ་གླེང་བྱེད་ཀྱིན་མཆིས། ཅུང་ཙམ་གྱི་རྗེས་ནས། རྡོ་རྗེ་ཐར་གྱིས་སྐད་གདངས་མར་ཕབ་སྟེ་རྡོ་རྗེ་སྐྱབས་ལ་“དྲང་མོར་ཤོད་དང་། ཨ་མའི་ནད་བཅོས་ཐུབ་པར་རེ་བ་ཡོད་དམ།”ཞེས་དྲིས་བྱུང་བ་ངས་ཐོས་བྱུང་།
       རྡོ་རྗེ་སྐྱབས་སོམ་ཉི་ཞིག་སྐྱེས་རྗེས། “ཨ་མ་ཆེས་རིང་ན་ད་དུང་ཟླ་བ་གཅིག་གི་དུས་ཚོད་འདུག”ཅེས་ཟེར་བ་ངས་ཐོས་བྱུང་།
       རྡོ་རྗེ་ཐར་ཅུང་ཙམ་ཚོམ་རྗེས། “གལ་ཏེ་ཁྱེད་ཅག་གི་གསོ་རིག་གིས་མོ་སྐྱོབ་མི་ཐུབ་ན། མོ་རང་སྨན་ཁང་ནས་སྡུག་མྱོང་དུ་མ་འཇུག་རོགས། འུ་ཅག་གིས་མོ་རང་ལྷ་སར་ཁྲིད་འགྲོ། མོ་དགའ་ཁོ་ཐག་ཡིན།”ཞེས་ཟེར།
       རྡོ་རྗེ་སྐྱབས་ཀྱིས། “འོན་ཀྱང་ཨ་མ་ལྷ་སར་སོང་ཟིན་ཨང་།”ཟེར།
       རྡོ་རྗེ་ཐར་གྱིས། “ངས་ཤེས། དེ་ནི་ཁྱོད་ཀྱིས་ཨ་མ་ལྷ་སར་ཁྲིད་པ་རེད། ངས་ཀྱང་ཨ་མར་ལྷ་སར་ཐེངས་གཅིག་ཁྲིད་ཅེས་ཁས་བླངས་ཡོད།”ཅེས་ཟེར།
       རྡོ་རྗེ་སྐྱབས་ཀྱིས། “སྤྱིར་ཨ་མ་ལྷ་སར་བསྡད་ན་དེ་འདྲ་མི་གོམས།”ཟེར།
       རྡོ་རྗེ་ཐར་གྱིས། “དེ་ནི་མོར་འདུག་རོགས་མེད་པས་རེད། ད་ཐེངས་སོང་སྟེ་འུ་ཅག་གིས་ཨ་མར་འདུག་རོགས་དགའ་ཞིག་བྱ།”ཟེར།
       རྡོ་རྗེས་སྐྱབས་ཀྱིས་ད་ནི་ཅང་བཤད་མ་བྱུང་། ངའི་སེམས་སུ་གློ་བུར་དུ་སྨྲ་མི་ཤེས་པའི་སེམས་འགུལ་ཞིག་ཐེབས་ཤིང་། མིག་ཀོང་ནས་མིག་ཆུ་དབང་མེད་དུ་བཞུར་བྱུང་།
       ཕྱི་ཉིན། གཡང་སྐྱིད་ཀྱང་སླེབས་བྱུང་། ངས་མོའི་གདོང་ནས་མོའི་སེམས་ཤིན་ཏུ་སྡུག་གྱིན་པ་མཐོང་། ཡིན་ཡང་ང་རང་དགོད་བཞིན་དུ། “ང་ཁྱོད་གཉིས་ཀྱི་བྱིས་པ་གཉོར་རོགས་བྱ་རྒྱུར་ཡུན་རིང་སྒུག་པ་ཡིན་ཨང་།”ཞེས་བཤད་པ་ཡིན། མོའི་མིག་ཆུ་མིག་ཀོང་ནས་འགྲིལ་གྱིན། “ངེད་གཉིས་ཕྱིར་སོང་སྟེ་བྱིས་པ་སྐྱེས་ཆོག”ཅེས་ཟེར།
       ཁོ་ཚོས་གནང་ཉིན་གྱི་ལྷ་སའི་གནམ་གྲུའི་འཛིན་བྱང་ཉོས།
       ཕྱི་ཉིན། སྨན་ཁང་ནས་ཕྱིར་འབུད་ཀྱི་འགྲོ་རིམ་གྲུབ་རྗེས། ཁོ་ཚོས་ང་རང་ཁྲིད་དེ་ཕྱི་ནས་ཡར་མར་ཉུལ། རང་དབང་ཁྲོམ་ར་ཞིག་གི་སྒོར་སླེབས་རྗེས་གཡང་སྐྱིད་ཀྱིས་ང་ལ། “ཨ་མ་ལགས། ནང་ལ་སོང་སྟེ་རང་གི་བློར་འབབ་ས་ཅི་ཞིག་ཡོད་ན་ངེད་ཅག་ལ་ཤོད། འུ་ཅག་གིས་ཚང་མ་ཉོས་འཇུག”ཟེར།
       ངེད་ཅག་ཁྲོམ་རར་འབྱོར་ཞིང་། དངོས་པོ་སྣ་ཚོགས་ཁྲ་ཆིལ་དགུ་ཆིལ་དུ་འདུག་པས། ངའི་མིག་གིས་ལྟར་མི་ལོང་བ་ཞིག་ཏུ་བཏང་། ཁོ་ཚོས་ང་རང་གྱོན་ཆས་ཚོང་ས་ཞིག་ཏུ་ཁྲིད་ཅིང་གྱོན་ཆས་སྣ་ཚོགས་འཁྱེར་འོང་སྟེ་ང་ལ་ཚོད་ལྟ་བྱེད་དུ་བཅུག །ངས་ང་ལ་གྱོན་ཆས་གསར་བ་མི་དགོས། རྒྱབ་ཀྱི་གྱོན་ཆས་འདི་ད་རུང་ལོ་གཉིས་གསུམ་ཙམ་ལ་གྱོན་ཐུབ་ཅེས་བཤད། མཇུག་མཐར། གཡང་སྐྱིད་ཀྱིས་དང་བླངས་ཏེ་ང་ལ་ངའི་ལོ་ཚོད་འདི་དང་འཚམ་པའི་གྱོན་ཆས་ཤིག་བདམས་ཏེ་ཉོས། ཁོ་ཚོས་ང་ལ་གྱོན་ཆས་རྙིང་བ་དེ་ཕུད་དུ་བཅུག་སྟེ་ལུས་ལ་གྱོན་ཆས་གསར་བ་དེ་གྱོན་དུ་བཅུག །ཁོ་ཚོ་ཚང་མས་བཤད་ན་གྱོན་ཆས་འདི་ལུས་ལ་ཤིན་ཏུ་འཚམ་ཞིང་། གཟས་ཏེ་ང་ལ་བཟོས་པ་དང་འདྲ་ཟེར།
       ཁོ་ཚོས་ང་རང་སླར་ཡང་ཟས་རིགས་ཁུལ་དུ་ཁྲིད་དེ་ང་ལ་ཟ་འདོད་པ་ཅི་ཡོད་ཅེས་དྲིས། ཟས་རིགས་སྣ་ཚོགས་ཀྱང་མིག་གིས་ལྟར་མི་ལོང་བས་ངའི་མིག་ཀྱང་འཕྲུལ་བར་བཏང་། གཡང་སྐྱིད་ཀྱིས་འདི་ཞིམ། འདིའང་ཞིམ་ཞེས་ཟེར་བཞིན་ཟས་རིགས་ཧ་ཅང་མང་པོ་བདམས་བྱུང་། ངེད་ཅག་ཀ་ར་སྣ་མང་ཚོང་སའི་ཚོང་སྒྲོམ་ཞིག་ཏུ་སླེབས་ཤིང་། ཚོང་སྒྲོམ་སྟེང་དུ་ཀ་ར་རྣམ་པ་སྣ་ཚོགས་བཤམས་འདུག །གློ་བུར་དུ་ངའི་མིག་མདངས་བལྟས་ན་ཤིན་ཏུ་སྤྱིར་བཏང་གི་ཀ་ར་ཞིག་གིས་དྲངས་ཤིང་། སྣང་ངོར་སྔོན་ཆད་ཅིག་ལ་གང་ནས་མཐོང་བས་ཤིན་ཏུ་ཆ་ཡོད་དུ་འདུག །ང་རང་ཕར་སོང་སྟེ་ཀ་ར་ཞིག་བླངས་ནས་ཞིབ་ལྟ་བྱས། ངས་གློ་བུར་དུ་དྲན་བྱུང་སྟེ། དེ་ནི་ལོ་ངོ་མང་པོའི་སྔོན་ཏེ་ང་རང་ད་དུང་ན་ཆུང་བུ་མོ་ཞིག་ཡིན་པའི་དུས་སུ། སྤྲུལ་སྐུ་གྲོ་བློ་ཚང་གིས་ངའི་ལག་ཏུ་བརྫངས་པའི་ཀ་ར་དེའི་རིགས་རེད།
       ཚོང་ཟོག་འཚོང་མཁན་ཚོ་སྟུག་ཅིག་ཚུར་འོང་སྟེ་ང་ལ། “ཀ་ར་རིགས་འདི་ཉོའམ།”ཟེར།
       ངས་མགོ་བོ་གུག་གུག་ཙམ་བྱས།
       ཚོང་ཟོག་འཚོང་མཁན་གྱིས་ཨ་ན་མ་ནའི་ཁུག་མ་གང་ཁྱེར་འོང་སྟེ། “ཀ་ར་ཡང་ཐང་རེད། ཁུག་མ་གང་ལ་སྒོར་བཅུ་ཐམ་པ་ཙམ། ཁེ་ཕན་ཤིན་ཏུ་ཆེ།”ཟེར།
       སྐབས་དེར། གཡང་སྐྱིད་ཚུར་སླེབས་ཏེ། “ཨ་མ་ལགས། ཁྱེད་ཀྱིས་ཀ་ར་ཟ་འདོད་ན་ཁྱེད་ལ་ཅུང་བཟང་པོ་ཞིག་ཉོ་ཡོང་། ཀ་ར་རིགས་འདི་ཅན་ནི་མི་བཟང་བས་ད་ལྟ་འདིའི་རིགས་ཟ་མཁན་མེད།”ཟེར།
       ངས་ང་ལ་ཅིས་ཀྱང་ཀ་ར་རིགས་འདི་དགོས་ཞེས་བཤད། གཡང་སྐྱིད་ཀྱིས་ང་ལ་གཅིག་བལྟས་ཤིང་། ཅང་མ་བཤད་པར་སྒོར་ཁུག་བླངས་ཏེ་དེ་མ་ཉིད་དུ་རིན་བྱིན། ངས་མོ་བཀག་སྟེ། “ཀ་ར་འདི་རིན་གོང་སླ་བས། ཨ་མ་རང་ཉིད་ལ་ཉོ་རུ་ཆུགས།”ཞེས་བཤད།
       གཡང་སྐྱིད་ཀྱིས་དེ་ནས་ཅང་མ་བཤད། ངས་གློ་ཁུག་ནས་སྒོར་ཁུག་ཕྱིར་བཏོན་ཞིང་སྒོར་མོ་བཅུ་ཐམ་པ་བླངས་ཏེ་ཚོང་ཟོག་འཚོང་མཁན་ལ་བྱིན། ཚོང་ཟོག་འཚོང་མཁན་གྱིས་ཀྱང་ཀ་ར་ཁུག་མ་གང་བོ་དེ་ང་ལ་བྱིན་བྱུང་།
       རང་དབང་ཁྲོམ་རའི་སྒོ་ནས་ཕྱིར་བུད་རྗེས། ངས་ཀ་ར་ཁུག་མ་གང་བོ་དེ་གཅུད་པའི་ཆུ་ཤོག་ཁུག་མ་གཤགས་ཏེ། “ཁྱོད་ཚོ་འོང་སྟེ་ཀ་ར་འདིའི་བྲོ་བ་མྱོངས་རོགས།”ཞེས་བཤད།
       ཁོ་ཚོ་ཚང་མ་དེ་འདྲ་འཐད་ཀྱིན་མེད་པའི་ཚུལ་གྱིས་སུས་ཀྱང་ཀ་ར་མ་བླངས།
       རྡོ་རྗེ་སྐྱབས་ཀྱིས་ད་དུང་། “ཨ་མ། ད་ལྟ་ཀ་ར་འདི་སུ་ཞིག་གིས་ཟའམ། འདིའི་ཁུག་མར་བལྟས་ན་རྫུན་མ་ཞིག་དང་འདྲ། ཀ་ར་རིགས་འདི་མི་ཞིམ་ཁོ་ཐག་ཡིན། ”ཞེས་པ་ཞིག་ཀྱང་ཟེར།
       ངས་ཁོ་ཚོར་ལྟ་བཞིན། “ཨ་མས་ཆུང་དུས་ཀ་ར་འདི་ཟས་མྱོང་། ཁྱོད་ཚོས་ཀྱང་མྱོངས་རོགས།”ཞེས་བཤད་རྗེས། ཀ་ར་ཞིག་གི་བཤུན་པགས་བཤུས་ཏེ་རང་གི་ཁ་ནང་ནང་བཞག
       ཁོ་ཚོས་ཀྱང་ངའི་བཟོ་ལྟའི་ཚུལ་གྱིས་མི་རེ་རེས་ཀ་ར་ཞིག་བླངས་ཏེ་ཤུན་པགས་བཤུས་ཤིང་། ཞིབ་ཏུ་ལྟ་ཙམ་བྱས་ཤིང་སེམས་ཆུང་གིས་རང་ཉིད་ཀྱི་ཁ་ནང་དུ་བཞག
       ངས་ཁ་ནང་ནས་ཀ་ར་མུར་གྱིན། “ཁྱོད་ཚོས་ཀ་ར་དེ་མ་ཉིད་དུ་མི་འཆའ་བར། ངེས་པར་ལྕེ་འོག་ཏུ་བཅུག་སྟེ་དལ་མོར་བྲོ་བ་མྱོངས་ཤིག།”ཅེས་བཤད།
       ངས་ཁོ་ཚོས་ངས་བཤད་པ་ལྟར་བྱས་པ་མཐོང་ཞིང་། སོ་སོས་ཀ་ར་ལྕེ་འོག་ཏུ་བཅུག་སྟེ་དལ་གྱིས། སེམས་ཆུང་གིས་བྲོ་བ་མྱོང་བཞིན་འདུག
       སྐར་མ་འགའ་འདས་རྗེས། ངས། “ཡ། ད་ནི་ཁྱོད་ཚོས་རང་རང་གིས་བྲོ་བ་ཅི་ཞིག་མྱོང་ཟིན་པ་ཤོད་རོགས།”ཞེས་བཤད།
       རྡོ་རྗེ་སྐྱབས་ཀྱིས་བཤད་ན། “ངས་བྲོ་བ་སྐྱུར་མོ་སྐྱུར་མོ་ཞིག་མྱོང་སོང་། དང་ཐོག་བྲོ་བ་ཅུང་འཇམ་པོ་ཞིག་ཡིན་མོད། ད་ལྟ་ཇེ་སྐྱུར་དང་ཇེ་སྐྱུར་རེད།”ཟེར།
       གཡང་སྐྱིད་ཀྱིས། “ངས་བྲོ་བ་མངར་མོ་མངར་མོ་ཞིག་མྱོང་སོང་། དང་ཐོག་བྲོ་བ་ཅུང་འཇམ་པོ་ཞིག་ཡིན་མོད། ད་ལྟ་ཇེ་མངར་དང་ཇེ་མངར་རེད།”ཟེར།
       རྡོ་རྗེ་ཐར་གྱིས། “ངས་བྲོ་བ་ཁ་བ་ཁ་བ་ཞིག་མྱོང་སོང་། དང་ཐོག་བྲོ་བ་ཅུང་འཇམ་པོ་ཞིག་ཡིན་མོད། ད་ལྟ་ཇེ་ཁ་དང་ཇེ་ཁ་རེད།”ཟེར།
       ངས་ཁོ་ཚོར་ལྟ་བཞིན་བགད་ལ། ཁོ་ཚོས་ཀྱང་ང་ལ་བལྟས་ཏེ་དགོད་བཞིན། “ཀ་ར་འདི་སྔོན་ཆད་གཏན་ནས་ཟས་མ་མྱོང་། ཟས་ན་ད་དུང་བྲོ་བ་ཁྱད་པར་བ་ཞིག་རེད།”ཅེས་ཟེར།
       ང་ད་དུང་ཁོ་ཚོར་བལྟས་ནས་བགད་པ་ཡིན། སྐབས་དེར། གཡང་སྐྱིད་ཀྱིས་ང་ལ། “ཨ་མ་ལགས། ཁྱོད་ཀྱིས་མྱོང་བའི་བྲོ་བ་ནི་ཇི་འདྲ་ཞིག་རེད།”ཅེས་དྲིས་བྱུང་།
       ངས་འདང་ཞིག་བརྒྱབ་རྗེས། “དང་ཐོག་མྱངས་པ་ནི་འཇམ་པོ་ཞིག་དང་སྐྱུར་མོ་དང་ཁ་བོ་ཞིག་རེད། རིམ་གྱིས་འཇམ་པོ་ཞིག་དང་མངར་མོ་ཞིག་ཏུ་གྱུར་སོང་།”ཞེས་བཤད།
       གཡང་སྐྱིད་ཀྱིས། “ངས་ཀྱང་ཁྱོད་ཀྱི་ཀ་ར་དེའི་བྲོ་བ་མྱང་དགོས་”ཞེས་ཟེར་རྗེས་ཀ་ར་བླུགས་ཡོད་པའི་ཆུ་ཤོག་ཁུག་མ་སློག་སྟེ་བཙལ་གྱིན་འདུག
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།