ངོས་དང་པོ > གསོ་རིག > གསོ་རིག་གཞུང་ལུགས། > ༄༅། །བོད་ལུགས་གསོ་རིག་གི་མིག་ཐུར་གླེང་བ། ཧྲོང་བོ་ཚེ་བརྟན་རྒྱལ།
༄༅། །བོད་ལུགས་གསོ་རིག་གི་མིག་ཐུར་གླེང་བ། ཧྲོང་བོ་ཚེ་བརྟན་རྒྱལ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-10-08 09:05:23
ཀློག་གྲངས།:
༄༅། །བོད་ལུགས་གསོ་རིག་གི་མིག་ཐུར་གླེང་བ།
ཧྲོང་བོ་ཚེ་བརྟན་རྒྱལ།
འགོ་བརྗོད།
དངོས་གཞིའི་ནང་དོན།
འབུམ་བཞིའི་སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ་ལས། ཟངས་ཐུར་བྲ་བོ་ཁ་ཡིས་མིག་འགྲིབ་བསལ།[1]ཞེས་པ་དང་། འབུམ་བཞིའི་རྩོམ་པ་པོ་ནི་དཔྱད་བུ་ཁྲི་ཤེས་ཡིན་པ་དང་། དྲང་སྲོང་དཔྱད་བུ་ཁྲི་ཤེས་ནི། སྔ་རབས་ཞང་ཞུང་ཡུལ་དུ་འཁྲུངས་པའི་གསོ་དཔྱད་མཁས་པ་ཞིག་དང་། སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་བགྲེས་ཤོས་དེ་ཡིན།[2]ཞེས་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་གསུངས་ཡོད། འབུམ་བཞིའི་འགོ་བརྗོད་དུ། མིག་སྔར་མཐོང་ཆོས་སུ་གྱུར་པའི་ལོ་རྒྱུས་ཐོག་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ནི་གསོ་རིག་འབུམ་བཞི་འདི་ཉིད་ཡིན་ཞིང་། གསོ་རིག་ཐུགས་འབུམ་མཁའ་སྔོན་གྱི་མཇུག་བྱང་ལྟར་ན་གཞུང་འདི་སྟོན་པ་གཤེན་རབ་ཀྱི་ཞལ་རྒྱུན་གདམས་ངག་རྣམས་ཁོང་གི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ཞིག་ཡིན། གཤེན་རབ་མི་བོ་ཆེ་བྱོན་པའི་དུས་ཚོད་ནི་བོན་གྱི་ལོ་རྒྱུས་ཡིག་རྙིང་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་ཆིག་ཁྲི་དྲུག་སྟོང་ཐམ་པ་དང་བརྒྱད་ལོར་སྐུ་འཁྲུངས་པར་གསུངས། འོན་ཀྱང་བན་བོན་གྱི་ལོ་རྒྱུས་ཡིག་ཆ་རྙིང་པའི་ལོ་རྒྱུས་དོན་རྐྱེན་རྣམས་ཕན་ཚུན་གོ་བསྡུར་ནས་བརྟག་དཔྱད་དང་། དེང་དུས་ས་འོག་ནས་ཐོན་པའི་གནའ་རྫས་དག་ལ་དཔྱད་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བྱུང་ཡོད་དགོས་པ་ཞིག་རེད། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་གཤེན་རབ་མི་བོ་ཆེ་འཁྲུངས་པའི་དུས་ནི་སྤྱི་ལོའི་སྔོན་གྱི་༡༩༡༧པའི་ཤིང་བྱི་གཅིག་དཀར་ལོ་དེར་འཁྲུངས་ཡོད་པར་བཤད། དེ་ལྟར་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་མར་བྱུང་ནས་ད་བར་ལོ་ངོ་བཞི་སྟོང་གི་ལོ་རྒྱུས་ལ་ཉེ་འགྲོ་གི་ཡོད་པ་རེད།[3]ཅེས་བཀོད་འདུག་པ་དང་། གཞན་ཡང་ཏུན་ཧོང་གཏེར་ཡིག་གི་བོད་ཀྱི་གསོ་རིག་མེ་བཙའི་བཅོས་ཐབས་ཞེས་པའི་མཇུག་ཏུ། དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ། ཞང་ཞུང་དཔྱད་ཕུགས་པ་དང་། སྦྱར་ཏེ་བགྱིས་པ་ལགས་སོ།[4]ཞེས་པ་ལས། འབུམ་བཞིའི་རྩོམ་པ་པོ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནི་སྔ་རབས་ཞང་ཞུང་གི་གསོ་དཔྱད་མཁས་པ་དོ་ཟླ་བྲལ་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། བཙན་པོའི་ཕྱག་སྦལ་ཏེ་ཡིག་ཚང་གི་མཛོད་ན་ཡང་མ་མཆིས་པ་ཞང་ཞུང་གི་དཔྱད་ཕུགས་པ་རུ་ལྡན་པ་སོགས་ལ་གཞིགས་ཏེ་བསམ་བློ་བཏང་ཚེ། གསོ་རིག་འབུམ་བཞི་ནི་གསོ་རིག་རྒྱུད་བཞི་བྱུང་བའི་དུས་རབས་བརྒྱད་པ་ལས་ཆེས་སྔ་བ་དང་། ཁྱད་པར་དུ་ཟངས་ཀྱི་མིག་ཐུར་མཆིས་པ་ཁ་གསལ་འདུག་པ་དང་། དེར་མ་ཟད་དཔལ་ལྡན་རྒྱུད་བཞིའི་ཆ་བྱད་དཔྱད་དུའང་། ཟངས་ཐུར་བྲ་བོ་འདྲ་བས་མིག་སྤྲིན་དབུག །[5]ཅེས་མིག་གི་ཟངས་ཐུར་གསུངས་འདུག །ད་དུང་གཡུ་ཐོག་གསར་རྙིང་གི་དཔལ་ལྡན་རྒྱུད་བཞིའི་མ་དཔེའི་ཡིག་རྙིང་གི་གྲས་སུ་ཀུན་གྱིས་བཞེད་པའི་སྨན་དཔྱད་ཟླ་བོའི་རྒྱལ་པོ་ལས་ཀྱང་། ཁབ་འདྲ་བྲ་བོ་འདྲ་དག་གི །མིག་གི་ནད་དག་སེལ་བར་བྱ། །[6]ཞེས་རྒྱུ་གང་ཡིན་མི་གསལ་ཡང་བྲ་བོ་འདྲ་ཞེས་པ་ལས་འབུམ་བཞི་དང་རྒྱུད་བཞི་ལས་བསྟན་པའི་ཟངས་ཐུར་བྲ་བོ་འདྲ་བ་ཡིན་པ་རྟོགས་ནུས་སྙམ། རྒྱུད་ཆུང་བར། ཟངས་ཐུར་བྲ་འདྲ་སོར་བཞིས་མིག །[7]ཅེས་ཡང་ཟངས་ཀྱི་མིག་ཐུར་བསྟན་འདུག །ཞང་གཟི་བརྗིད་འབར་གྱི་གསོ་བ་རིག་པའི་བསྟན་བཅོས་སྒྲོན་མ་གསལ་བའི་གདམས་པ་སུམ་ཅུ་པ་ལས། མྱིག་གི་ཐུར་མ་རིང་ཐུང་སོར་ལྔའི་ཚད། །ཟུར་གསུམ་བྲ་འདྲའི་ཨ་བ་ལྔ་སྒྲིལ་ཙམ། །[8]ཞེས་མིག་ཐུར་གྱི་རིང་ཐུང་དང་དབྱིབས། སྦོམ་ཕྲ་བཅས་གསུངས་ཡོད། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་ཆ་ལག་བཅོ་བརྒྱད་དུ་ཡང་། བྲ་བོ་འདྲ་བའི་ཐུར་མས་མིག་འགྲིབས་བསལ། །[9]ཞེས་ཐུར་མའི་རྒྱུ་གང་ཡིན་པ་ཁ་མི་གསལ་ཡང་། བྲ་བོ་འདྲ་བ་ཞེས་པ་ལས་གོང་བཞིན་ཟངས་ཐུར་བྲ་བོ་འདྲ་བ་ཡིན་པ་རྟོགས་ནུས། ཟུར་མཁར་བློ་གྲོས་རྒྱལ་པོས། ཟངས་ཐུར་གྱི་རྩེ་མོ་བྲ་བོ་དང་འདྲ་བས་མིག་སྤྲིན་དབུག །[10]ཅེས་མེས་ཞལ་དུ་གསུངས། བེེ་སྔོན་དུ་སྡེ་སྲིད་རིན་པོ་ཆེས། ཟངས་ཐུར་གྱི་རྩེ་མོ་བྲ་བོ་དང་འདྲ་བ་དང་ལག་ལེན་ལྕགས་ཀྱི་འབྲི་ལྕེ་གཟོང་ཁ་རྣམས་ཀྱིས་མིག་སྤྲིན་དབུག་པར་བྱ།[11]ཞེས་མིག་གི་ཟངས་ཐུར་དང་ལྕགས་ཐུར་གསུངས་འདུག། ད་དུང་སྡེ་སྲིད་སྨན་གྱི་ཁོག་འབུགས་ལས། ཐད་ཀར་རྒྱལ་རིན་མིག་གི་ཐུར་འབྱེད་དར། །[12]འབྲོམ་སྨན་བཀྲ་ཤིས་མགོ་དང་མིག་དཔྱད་དར། །[13]ཞེས་གསུངས་པ་དང་། སྐ་བ་ཤཱཀྱ་དབང་ཕྱུག་གམ་འཚོ་སྨད་མཁན་ཆེན་གྱིས། བྱང་བའི་འཚོ་བྱེད་དཔལ་འབྱོར་བཀྲ་ཤིས་ལས། །མིག་འབྱེད་མདོ་དོན་དམར་ཁྲིད་ཟབ་མོ་བསླབས། །[14]ཞེས་གསུངས་ཡོད། དར་མོ་སྨན་རམས་པས་མིག་ཐུར་ཕྱག་ལེན་མཛད་ཚུལ་ནི། འཕགས་ཡུལ་གྱི་སྨན་པ་རྨ་ན་ཧོ་ཞེས་པ་གསོ་རིག་གི་ཡན་ལག་དུ་མ་དང་། ཁྱད་པར་མིག་བཅོས་ལ་ཤིན་ཏུ་མཁས་པ་ཞིག་གཡོར་པོ་ཕྱོགས་སུ་བྱུང་ཚུལ་ཐོས་པ་སྒེམ་བུ་ནས་ཀྱིས་དོ་དམ་བྱས་ཏེ་འབྱོར་བྱུང་བར་དར་མོ་སྨན་རམས་པར་སློབ་ཏུ་བཅུག་པ་མང་པོའི་མིག་ཕྱེ་བའི་འགྲོ་ཕན་འཕེལ་བར་གྱུར། ཞེས་འདུག་པས་དར་མོ་སྨན་རམས་པ་མིག་འབྱེད་མཁས་པ་ཞིག་ཡིན་པར་ངེས། དེ་ལ་བརྟེན་ནས་ལྔ་བ་ཆེན་པོ་དགུང་ལོ་ལྔ་བཅུ་ང་དགུ་བཞེས་དུས་སྤྱན་གཡོན་པ་མི་གསལ་བ་དང་། དེ་ནས་རིམ་གྱིས་གཡས་ཀྱང་མི་གསལ་པས་མཐར་སྤྱན་གྱི་འགྲིབ་སྨིན་པར་དར་མོ་སྨན་རམས་པས་གཤགས་བཅོས་གནང་བ་ལེགས་གྲུབ་བྱུང་།[15]ཞེས་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་གསུངས་འདུག།ཀྲུང་གོ་གསར་བ་འཛུགས་ལ་ཉེ་བའི་དུས་ཀྱི་བོད་ལྗོངས་སྨན་རྩིས་ཁང་གི་མིག་འབྱེད་སྨན་པ་མཁས་ཅན་ནི་མཁས་དབང་དབྱངས་ཅན་ལྷ་མོ་ལགས་ཡིན་འདུག་སྟེ། ས་བྱི(སྤྱི་ལོ༡༩༤༨)ལོར་འབྲུག་པའི་རྒྱལ་པོ་འཇིགས་མེད་དབང་ཕྱུག་གི་སྤྱན་ལོང་སྟབས་ལྷ་སར་བང་མི་ཆེད་བཏང་གིས་མཁས་དབང་དབྱངས་ཅན་ལྷ་མོ་འབྲུག་ཡུལ་དུ་རྒྱལ་པོའི་སྤྱན་འབྱེད་པར་གདན་འདྲེན་ཞུས་ཏེ་འབྲུག་པའི་རྒྱལ་པོའི་སྤྱན་ཕྱེ་བར་མ་ཟད་འབྲུག་ཡུལ་དུ་བཞུགས་རིང་ལ་སྨན་བཅོས་རྒྱ་ཆེར་མཛད་པ་སོགས་ལ་ཕན་འབྲས་མངོན་གསལ་ཅན་ཐོབ་པར་བརྟེན་འབྲུག་ཡུལ་དུའང་སྐད་གྲགས་ཀྱིས་ཁྱབ་པ་བྱུང་ཞིང་། དེ་ནས་ལྷ་སར་ཕྱིར་ལོག་གནང་རྗེས་ཆུ་འབྲུག(སྤྱི་ལོ༡༩༥༡)ལོར་ཡོན་ཀྲང་དམ་པ་མཁྱེན་རབ་ནོར་བུ་མཆོག་གིས་མིག་འབྱེད་ལག་རྩལ་གྱི་སློབ་ཐོན་ཨང་དང་པོའི་ལག་ཁྱེར་གནང་པར་མ་ཟད་སྨན་པ་ངག་དབང་ཕུན་ཚོགས་དང་མཉམ་དུ་སྟག་རྩེ་དང་། རྭ་སྒྲེང་། མལ་གྲོ། འབྲི་གུང་། ཟངས་རི་སོགས་རྫོང་ཁག་བཅོ་བརྒྱད་ཕལ་ཆེ་བར་མིག་འབྱེད་དང་། སྨན་སྦྱིན་གཏོང་གནང་མཛད་དེ། ཆུ་འབྲུག(སྤྱི་ལོ༡༩༥༡)ནས་ཆུ་སྦྲུལ(སྤྱི་ལོ༡༩༥༣)བར་ལོ་གསུམ་རིང་དཀའ་ངལ་ཁྱད་བསད་ཀྱི་སྒོ་ནས་ལོང་བ་སུམ་བརྒྱ་ལྷག་ཙམ་གྱི་མིག་ཕྱེ།[16]ཞེས་གསུངས་པ་བཞིན་ནོ། །གང་ལྟར་ཕྱིས་སུ་རིམ་གྱིས་རིམ་གྱིས་ཟངས་ཐུར་བྲ་བོ་འདྲ་བའི་ཚབ་གསེར་ཐུར་གྱིས་བྱས་ཡོད་པར་ངེས་ཏེ། གསེར་གྱི་མིག་ཐུར་ལག་ལེན་མཛད་པ་དངོས་སུ་ཁ་གསལ་བ་ནི། བྱང་བདག་རྣམ་རྒྱལ་གྲགས་བཟང་གི་སློབ་མ་དང་བླ་སྨན་ཟུང་དུ་འབྲེལ་བ་མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་ཡིན་ཏེ། ཁོང་གིས་རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་དྲི་ལན་དུ། ཉིན་མཚན་མུན་པའི་གླིང་དུ་འཐོམས་པ་རྣམས། །གསེར་གྱི་ཐུར་མས་ཆུ་སྦུར་མིག་ཕྱེ་ནས། །སྣ་ཚོགས་གཟུགས་ཀུན་འཕྲལ་དུ་མཐོང་བྱེད་པ། །མིང་ལ་དྲང་སྲོང་གསལ་བྱེད་སྒྲོན་མེ་ཟེར། །[17]ཞེས་གསུངས་འདུག་པ་ལས་རྟོགས་ནུས་པ་དང་། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས། བཙག་རྩེ་མིག་འབྲས་ནང་མའི་ཚད་ཙམ་དང་། །གསེར་ཐུར་རྩེ་མོའང་གྲོ་གསུམ་ཚད་དཀྲིས་བཞག །[18]ཅེས་གསེར་གྱི་མིག་ཐུར་ཁ་གསལ་དུ་གསུངས་འདུག།
ཡིན་ན་ཡང་། འདི་དག་ནི་འདས་པའི་དུས་ཀྱི་མིག་ཐུར་དང་ཁྱད་པར་མིག་གི་གསེར་ཐུར་གྱི་ལོ་རྒྱུས་རེད། དེང་དུས་དངོས་སུ་མིག་གི་གསེར་གྱི་ཐུར་མའི་ལག་ལེན་ལ་ནང་བྱན་ཆུད་པའི་ལྷ་རྗེ་ཞིག་མཇལ་རྒྱུ་མཆིས་པ་ནི་སྨན་པ་མཁས་ཆེན་རྒན་བསྟན་སྲུང་གྲགས་པ་ཚང་ཡིན་ཏེ། ཁོང་གི་གསེར་གྱི་མིག་ཐུར་གྱི་ཕྱག་ལེན་ནི། བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་ལག་ལེན་ནག་འགྲོས་རྒན་པོའི་མཛུབ་བཙུགས་ཁྲིགས་ཆགས་སུ་བཀོད་པ་བཞུགས་སོ། །ཞེས་པ་ལས། འབྲུག་པའི་རྒྱལ་པོ་འཇིགས་མེད་དབང་ཕྱུག་སེང་གེའི་བླ་སྨན་པ་མཁའ་འགྲོ་གཡང་དགའ་ལགས་ཀྱི་མིག་ཐུར་ཕྱག་རྒྱུན་དྲི་མ་མེད་པ།[19]ཡིན་པ་དང་། སྤྱི་ལོ༢༠༢༤ལོའི་ཟླ༩པའི་ཚེས༢༡གི་ཉིན་གུང་ཁོ་བོས་སྐད་འཕྲིན་ལས། རྒན་དམ་པར་འབྲུག་པའི་རྒྱལ་པོ་འཇིགས་མེད་དབང་ཕྱུག་སེང་གེའི་བླ་སྨན་པ་མཁའ་འགྲོ་གཡང་དགའ་དང་། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས། ས་བྱི(སྤྱི་ལོ༡༩༤༨)ལོར་འབྲུག་པའི་རྒྱལ་པོ་འཇིགས་མེད་དབང་ཕྱུག་གི་སྤྱན་ལོང་སྟབས་ལྷ་སར་བང་མི་ཆེད་བཏང་གིས་མཁས་དབང་དབྱངས་ཅན་ལྷ་མོ་འབྲུག་ཡུལ་དུ་རྒྱལ་པོའི་སྤྱན་འབྱེད་པར་གདན་འདྲེན་ཞུས་ཏེ་འབྲུག་པའི་རྒྱལ་པོའི་སྤྱན་ཕྱེ། ཞེས་པའི་མཁས་དབང་དབྱངས་ཅན་ལྷ་མོ་གཉིས་མཁས་པ་གཅིག་རེད་དམ་ཡང་ན་སོ་སོ་རེད། ཅེས་བཀའ་འདྲི་ཞུས་པར། རྒན་དམ་པས་མཁའ་འགྲོ་གཡང་དགའ་དང་མཁས་དབང་དབྱངས་ཅན་ལྷ་མོ་གཉིས་ནི་མཚན་གྱི་ཡི་གེ་འབྲི་སྟངས་མ་གཅིག་པ་མ་གཏོགས་དོན་དུ་མཁས་པ་གཅིག་རེད་གསུངས་བྱུང་། གཞན་དུ་སྤྱི་ལོ༢༠༢༤ལོའི་ཟླ༩པའི་ཚེས༨ཀྱི་ཉིན་གུང་དུ་ལྷ་སའི་རྒན་བསྟན་སྲུང་གྲགས་པ་ཚང་གི་གཞིས་ཁྱིམ་དུ་ཁོང་ལ་མིག་ཐུར་སྐོར་གྱི་བཀའ་འདྲི་ཞུ་དུས། རྒན་དམ་པས་ཁོང་གིས་དེ་སྔ་ལོང་པ་བརྒྱ་ཙམ་ལ་མིག་ཐུར་འཕེན་མྱོང་ཚུལ་གསུངས་པ་དང་། ཕྱིར་ཨ་མདོར་སླེབས་འཕྲལ་ཁོང་གིས་གསེར་གྱི་མིག་ཐུར་སོགས་ཀྱི་འདྲ་པར་ཡང་བསྐུར་བྱུང་ངོ་། །
བོད་ཀྱི་གསོ་རིག་མཁས་ཅན་རྒན་བསྟན་སྲུང་གྲགས་པས་རྩོམ་པ་པོར་མཁོ་འདོན་མཛད་པའི་ཁོང་གི་མིག་ཐུར་གྱི་པར་རིས།
མཇུག་ཏུ་བགྲོ་བའི་གཏམ།
ང་ཚོས་ཤེས་གསལ་ལྟར་བོད་ལུགས་ཐུར་དཔྱད་རིག་པ་ལས་སྙིང་ཐུར་དང་གྲང་ཐུར་སྦུབ་ཅན་སོགས། མཚོན་རྨའི་ལག་ལེན་བཞིན་སྔ་མོ་ནས་ཉམས་རྒུད་དུ་གྱུར་ཟིན་པ་དང་། དེ་ལས་མིག་ཐུར་ཡང་སྣུམ་ཟད་ཀྱི་མར་མེའི་ངང་ཚུལ་ལས་མ་འདས་མོད། ཡིན་ན་ཡང་། མིག་ཐུར་ཕྱག་ལེན་ནང་བྱན་ཆུད་པའི་སྨན་པ་མཁས་ཅན་རྒན་དམ་པ་རླངས་ཆེ་རྒྱུད་བསྟན་སྲུང་གྲགས་པ་ཚང་། ད་ལྟ་ང་ཚོ་བོད་ཁ་བ་ཅན་དུ་སྐུ་ལུས་རི་རྒྱལ་ལྷུན་པོ་ཇི་བཞིན་ཞལ་དངོས་སུ་བཞུགས་པ་ནི། ཧ་ཅང་དགའ་འོས་པའི་བསོད་ནམས་ཤིག་མ་ཡིན་ནམ། དེ་བས་མཁས་དབང་ཁོང་གི་མིག་ཐུར་གྱི་ཕྱག་ལེན་དེ་ལ། བོད་ཕྱི་རབས་ན་གཞོན་སྨན་པ་རྣམས་ཀྱིས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་དང་། དེ་ནས་བོད་མདོ་དབུས་ཁམས་གསུམ། བྱང་ནག་ཆུ་སྟོད་མངའ་རིས་དང་བཅས་པའི་བོད་སྨན་ཁང་དག་ཏུ། མིག་ཐུར་ཚན་ཁག་བཙུགས་ཏེ་སཱ་ལའི་སྨན་ལྗོངས་ཀྱི་ཉམ་ཐག་དམུས་ལོང་ཚོར་མཐོང་བྱེད་གཉིས་པ་རེ་སྩོལ་ཐུབ་པ་བྱུང་ན། བོད་ལུགས་གསོ་རིག་གི་ལ་རྒྱ་རྨ་མེད་པ་ཤ་སྟག་ཅིག་ཡིན་པ་དང་། སྐེ་ཡོད་བཞིན་དུ་མགོ་གཞན་ལག་ལ་འཇོག་དོན་མེད་པའི་དཔེ་ལྟར། ལིང་ཏོག་སོགས་ནུབ་ལུགས་གསོ་དཔྱད་ཁོ་ནར་སྐྱབས་རེ་བའི་ངོ་ཚ་ཡང་ཕྲག་ལས་གཡུགས་པ་ཡིན་པས། དེ་ལ་ཕྱིས་སུ་ཧུར་ཐག་འབད་བརྩོན་རེ་བྱེད་རྒྱུ་བྱུང་ན་སྙམ་མོ། །དགེའོ། །དཔྱད་གཞིའི་ཡིག་ཆ།
[1][2][3] ༄༅། །གསོ་རིག་འབུམ་བཞི། དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༡༢༡ ཤ༤༡༢ ཤ༡-༢
[4] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གཅེས་བསྡུས། ལུའོ་པིང་ཧྥེན་གྱིས་གཙོ་སྒྲིག་བྱས། བྱམས་པ་འཕྲིན་ལས་དང་ཧོང་ཧྥུ་ཁའེ་ཡིས་ཞུ་དག་གཏན་འབེབས་བྱས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༢༢༣
[5] ༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས༣བཏབ། ཤ༧༩
[6] ༄༅། །སྨན་དཔྱད་ཟླ་བའི་རྒྱལ་པོ།། ༄༅། །བི་ཇི་པོ་ཏི་ཁ་སེར། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༡༨༤
[7][10] ༄༅། །རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་། སྟོད་ཆ། ཟུར་མཁར་བློ་གྲོས་རྒྱལ་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༡ལོའི་ཟླ༦པར་པར་ཐེངས་གཉིས་པར་བརྒྱབ། ཤ༥༥༢ ཤ༥༥༣
[8] བསྟན་བཅོས་ཆེན་པོ་ཡན་ལག་ཉི་ཤུ་པ་དང་གསོ་རིག་བསྟན་བཅོས་སྒྲོན་མ་གསལ་བའི་གདམས་པ་སུམ་ཅུ་པ། ཞང་གཟལ་བརྗིད་འབར་སོགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༧ལོའི་ཟླ༡༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༤༨༨
[9] ༄༅། །ཆ་ལག་བཅོ་བརྒྱད། སྨད་ཆ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༩ལོའི་ཟླ༡༡པར་པར་ཐེངས་དང་པོ་དཔར། ཤ༨༡༩
[11] ༄༅། །རྒྱུད་བཞིའི་གསལ་བྱེད་བེེཌྰུརྱ་སྔོན་པོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤ༤༥༥
[12][13][17] གསོ་རིག་སྨན་གྱི་ཁོག་འབུགས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོའི་ཟླ༡༡པར་པར་ཐེངས་དང་བོར་བཏབ། ཤ༣༠༢ ཤ༣༠༣ ཤ༣༡༧
[14][15][16] གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། བྱམས་པ་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས༡བརྒྱབ། ཤ༢༣༡ ཤ༣༧༢ ཤ༤༦༠
[18] གསོ་རིག་གསུང་རྩོམ་ཕྱོགས་བསྒྲིགས། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོའི་ཟླ༡༢པར་པར་ཐེངས་དང་པོ་དཔར། ཤ༣༢༣
[19] ༄༅། །བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོང་ལག་ལེན་ནག་འགྲོས་རྒན་པོའི་མཛུབ་བཙུགས་ཁྲིགས་ཆགས་སུ་བཀོད་པ་བཞུགས་སོ། །བསྟན་འཛིན་རྒྱལ་པོས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས༢༠༢༡ལོའི་ཟླ༡༠པར་པར་ཐེངས་དང་པོ་བཏབ། ཤ༡༩༨
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།