སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་ལྔ་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-11-26 08:40:09
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རེ་དགུ་བ།
སྔོན་ལ་གཞུང་ལུགས་སློབ་སྦྱོང་བྱས་པ་སྟེ། སློབ་གྲྭས་འབྲེལ་ཡོད་རླངས་འཁོར་ཁ་ལོ་བའི་སློབ་གྲྭའི་དོ་དམ་ཁང་ནས་གཅིག་གྱུར་གྱིས་བསྒྲིགས་པའི་གཞུང་ལུགས་ཀྱི་བསླབ་དེབ་གནང་པ་མ་ཟད། རེ་བ་ཡིན་ན་བསླབ་དེབ་ལ་ལྟ་བ་དང་ཆབས་ཅིག དྲ་ངོར་ཞུགས་ཏེ་འབྲེལ་ཡོད་ཁ་ལོ་བསྒྱུར་བའི་ཤེས་བྱ་གཤེར་འཚོལ་བྱེད་དགོས་པའི་རེ་བ་བཏོན། ངས་སློབ་གྲྭར་ཉིན་གཅིག་ལ་སྦྱངས་རྗེས་ཡུལ་དུ་རང་སྦྱོང་བྱས་པ་ཡིན། ངས་གློག་ཀླད་སྟེང་ནས་ཚོད་རྒྱུགས་ལེན་པའི་དུས་སུ་པདྨ་རྒྱལ་མོས་ཁ་པར་བཏང་ཡོང་ཞིང་ངས་ཅི་ཞིག་བྱེད་བཞིན་པ་དྲིས་བྱུང་། ངས། ང་རང་བྱེད་བང་སྒྱུར་འཇེམ་འཁོར་སློབ་སྦྱོང་ལ་ཞུགས་ཡོད་ཅེས་པར། མོས་ང་བརྒྱུད་ནས་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱས་རྗེས་དགོད་བཞིན་དུ་མོས་ཀྱང་ཐོ་འགོད་སློབ་སྦྱོང་བྱས་ན་འདོད་ཟེར། ངས་མོའི་ལག་པ་སྐྱོན་ཅན་ཡིན་ཞིང་རླངས་འཁོར་སློབ་སྦྱོང་བྱ་མི་འོས་པ་ཤེས་པས། དེ་ནི་མོས་ང་ལ་ཀུ་རེ་རྩེ་བ་རེད་སྙམ་ཞིང་། དེ་བཟང་གི། ང་ཚོ་རླངས་འཁོར་ཁ་ལོ་བའི་སློབ་གྲྭའི་སློབ་གྲོགས་བྱས་ཆོག་ཅེས་བཤད་རྗེས་མུ་མཐུད་དུ་རྒྱུགས་ལན་བཏབ། སྦྱང་འབྲས་ཀྱང་མི་ལེགས་རྒྱུ་མེད་དེ་སྐར98བླངས་སོང་།
གཞུང་ལུགས་སློབ་མཐར་ཕྱིན་རྗེས་ལག་ལེན་དངོས་སུ་ཞུགས་པ་ཡིན། སློབ་སྦྱོང་བྱེད་ས་ནི་གྲོང་ཁྱེར་ནུབ་ཕྱོགས་ཀྱི་རི་བོ་ཆེན་པོ་ཞིག་གི་སྐེད་པར་ཡོད་ཅིང་། སའི་ཟིན་ཚད་ཀྱི་རྒྱ་ཁྱོན་ལ་རྐང་རྩེད་སྤོ་ལོའི་ར་བ་བཞི་ཡི་ཆེ་ཆུང་འདུག ཕྱོགས་བཞིར་རླངས་འཁོར་འཇོག་སའི་ཁང་པ་དང་། སློབ་མའི་ཟ་ཁང་། ཁྲིད་དཔོན་གྱི་ངལ་གསོ་ཁང་། སྤྱོད་ཁང་སོགས་ཡོད་ལ། ཕྱི་རུ་རིགས་མི་འདྲ་བའི་ཁྲིད་དཔོན་གྱིས་སྤྱོད་འཁོར་བརྒྱ་ཁ་ལྷག་བཞག་ཡོད། ར་བར་ཨར་འདམ་བཏིང་འདུག་ཅིང་སྟེང་དུ་རླངས་འཁོར་སྣ་ཚོགས་སྦྱོང་སར་རྩི་དཀར་པོས་ལམ་ཐིག་བརྒྱབ་ཡོད་པ་དང་། ད་དུང་ཆེ་ཆུང་དང་ཚོན་མདོག་སྣ་ཚོགས་པའི་མཚོན་ཤིང་འདྲ་མིན་བསླངས་ཡོད། ཅུང་མ་འགོར་བར། སློབ་མ་བརྒྱ་ཁ་ལྷག་ཁྲིད་དཔོན་གྱི་མཛུབ་སྟོན་འོག་ཏུ་གྲལ་བཤར་བསྒྲིགས་ནས་རང་རང་གི་རླངས་འཁོར་སྦྱོང་གནས་སུ་ཕྱིན། ང་ཚོའི་ཁྲིད་དཔོན་ནི་ལོ་ཉི་ཤུ་ལྷག་གི་མཉམ་མྱོང་ལྡན་པའི་ཁ་ལོ་བ་རྒན་པ་ཞིག་ཡིན་མོད་ཀྱང་ད་སོ་མ་སློབ་གྲྭར་གདན་ཞུ་ཞུས་ཡོང་སྟེ་ཁ་ལོ་བ་གསོ་སྦྱོང་གི་བྱ་བ་སྒྲུབ་མགོ་རྩོམ་མཁན་ཞིག་རེད། ཁོང་གི་རྣམ་འགྱུར་ཀུན་མཐུན་ཡིན་ཞིང་། ང་རྒྱལ་དང་གྲབ་རྒྱགས་ཀྱིས་འགུལ་མ་འགུལ་བར་མི་ལ་སྡིགས་མོ་བྱེད་པའི་དགེ་རྒན་རྒན་པ་དེ་དག་དང་མི་འདྲ་ལ། རླངས་འཁོར་ཡང་ཉོས་མ་ཐག་གི་གསར་བ་གསར་རྐྱང་ཞིག་རེད། འདི་ནི་རྣམ་གྲངས་གསར་བ་ཞིག་ཡིན་ཞིང་མིང་ཐོ་བཀོད་པའི་མི་ཉུང་རྐྱེན་ང་ཚོ་མི་རེ་རེ་རླངས་འཁོར་སྟེང་བུད་ནས་བཀོད་སྤྱོད་ཀྱི་དུས་ཚོད་འདང་ཚད་ཅིག་འདུག་ཅིང་། ཚང་མའི་རླངས་འཁོར་ཁ་ལོ་སློབ་སྦྱོང་གི་སྤྲོ་སྣང་ཧ་ཅང་མཐོ།
བསླབ་ཁག་དང་པོ་སྦྱང་མ་ཚར་སྐབས། དགེ་རྒན་གྱིས་ཡང་ཁ་ཐུམ་བརྒྱབ་ཅིང་ལག་ཤུབས་གོན་ཡོད་པའི་སློབ་མ་གསར་བ་ཞིག་ཁྲིད་ཡོང་། ངས་མཐོང་མ་ཐག་སེམས་བློང་བློང་པོར་གྱུར། མ་གཞིར་མོ་ནི་གཞན་ཞིག་མིན་ཏེ་ང་ལ་ཆེས་རྒྱུས་མངའ་བའི་པདྨ་རྒྱལ་མོ་རེད། ངས། ཁྱོད་ཇི་ལྟར་ཡོང་བ་ཡིན་ནམ་ཞེས་དྲིས་པར། མོས་ཁ་ཐུམ་བླངས་ཤིང་དགོད་བཞིན་དུ། ང་ཁྱོད་ལ་ལྟ་རུ་ཡོང་བ་ཡིན་ཟེར། ངས་བདེན་པར་རློམ་ཞིང་ད་དུང་ཁ་བརྡ་མཇུག་མ་སྐྱོང་གོང་། དགེ་རྒན་གྱིས་ཚང་མའི་མདུན་དུ་མོར་རླངས་འཁོར་དུ་མ་བུད་སྔོན་གྱི་ཤེས་བྱ་ངོ་སྤྲོད་བྱས། ངས་མོ་ནི་དངོས་གནས་རླངས་འཁོར་ཁ་ལོ་སྦྱོང་དུ་ཡོང་བ་ཤེས་པས་འཚེར་སྣང་སྐྱེས། སེམས་སུ་ལག་པ་ཡ་གཅིག་དབང་སྐྱོན་ཡིན་པའི་མི་ཞིག་གིས་རླངས་འཁོར་ཁ་ལོ་སྦྱོང་ཆོག་གམ། རླངས་འཁོར་ཁ་ལོ་བའི་སློབ་གྲྭར་དེའི་ཕྱོགས་ཀྱི་སྒྲིག་ཁྲིམས་མེད་དམ་སྙམ་ཞིང་ཅི་ཞིག་བཤད་འདོད་པ་ལ། པདྨ་རྒྱལ་མོས་དེ་མུར་འབུར་ཚུགས་ཀྱི་མིག་གིས་ང་ལ་ཅེར་བྱུང་སྟེ། ནང་དོན་ནི་ངའི་ཁྱི་ཁ་ཟུམ་ཞེས་པ་དེ་རེད།
ང་དང་པདྨ་རྒྱལ་མོ་གཉིས་མཉམ་དུ་ངལ་གསོའི་སྐབས་ལ་འཕྲད་དུས། ངས་སྐད་ཆུང་ངུས་འདི་ནི་ཅི་ལྟར་བསྒྲུབས་པ་ཡིན་ནམ་ཞེས་པར། པདྨ་རྒྱལ་མོས། ང་ནི་རླངས་འཁོར་བསྐོར་བར་ཧ་ཅང་དགའ་མོད། ཡིན་ཡང་ལག་པའི་རྐྱེན་གྱིས་སྐལ་བ་དེ་མ་ལྡན། ཁྱོད་ཀྱིས་རང་བྱེད་བང་བསྒྱུར་རླངས་འཁོར་བསྐོར་སླ་བའི་རྒྱུ་མཚན་གླེང་རྗེས། ངའི་བསམ་ཚུལ་འགྱུར་ཏེ་མིང་ཐོ་འགོད་པར་ཚོད་ལྟ་ཞིག་བསམ་ཞིང་། གལ་ཏེ་མིང་ཐོ་འགོད་མ་ཐུབ་པའམ་ཡང་ན་བཀོད་རྗེས་སུ་རྒྱུན་ལྡན་ལྟར་སློབ་སྦྱོང་བྱེད་མ་ཐུབ་ཚེ་སྔར་བཞིན་བསྐྱུར་འདང་ཡོད་ལ། གལ་ཏེ་ཡོད་ཚད་རྒྱུན་ལྡན་ཡིན་ཚེ་དེ་ནི་དོན་བཟང་ཞིག་མ་ཡིན་ནམ། སྟབས་ལེགས་པ་ཞིག་ལ་ལུས་པོར་བརྟག་དཔྱད་བྱེད་དུས་ངས་ཤ་མདོག་གི་ལག་ཤུབས་གོན་པས་སྨན་པས་ཤེས་མ་སོང་ཟེར། དེར་ངས། དེ་ལྟར་ག་ལ་རུང་། རླངས་འཁོར་བསྐོར་བ་ནི་ཀུ་རེ་རྩེ་བཞིན་པ་མིན་པར་མིའི་ཚེ་སྲོག་དང་འབྲེལ་བའི་དོན་ཆེན་ཞིག་རེད། ཁྱོད་ཀྱིས་གཞན་གྱི་མགོ་སྐོར་ཐུབ་ཀྱང་རང་གི་མགོ་ཇི་ལྟར་སྐོར་རམ་ཞེས་པར། པདྨ་རྒྱལ་མོས། རང་བྱེད་བང་བསྒྱུར་རླངས་འཁོར་བསྐོར་སླ་བ་མ་ཡིན་ནམ། ངས་ཏག་ཏག་ཚོད་ལྟ་བྱེད་བཞིན་པ་མ་ཡིན་ནམ། གལ་ཏེ་དངོས་གནས་བསྐོར་མི་རུང་ན། ཁྱོད་དང་སྡེབ་ནས་ཉིན་འགར་རྩེ་ཁུལ་བྱོས་ཟེར།
མཚན་དེར། ངས་པདྨ་རྒྱལ་མོས་རླངས་འཁོར་ཁ་ལོ་བའི་སློབ་གྲྭར་མིང་ཐོ་བཀོད་དེ་སློབ་སྦྱོང་བྱེད་དུ་ཡོང་བའི་རྒྱུ་མཚན་ཡོས་ལན་ལ་བཤད་པ་ན། ཡོས་ལན་གྱིས་མི་ཚེ་ལ་དོགས་པ་ཟ་བའི་སྐད་ཆས། ལག་པ་དབང་སྐྱོན་ཡིན་པའི་མི་ཞིག་གིས་ཇི་ལྟར་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་ནམ། མོ་ནི་དོན་ངོ་མར་ཁྱོད་དང་མཉམ་རྩེད་བྱེད་དུ་ཡོང་བ་མིན་ནམ། གལ་ཏེ་དངོས་གནས་དེ་ལྟར་ཡིན་ན། ང་ཕྱིར་བུད་ཆོག་ཟེར། ངས། ཁྱོད་ཀྱིས་དོགས་པ་མ་ཟ་ཞིག པདྨ་རྒྱལ་མོ་ནི་དངོས་གནས་རླངས་འཁོར་སྦྱོང་དུ་ཡོང་བ་རེད། གལ་ཏེ་རྣར་མི་འགྲོ་ན་བུད་མེད་སློབ་གཙོ་དེར་དྲིས་ཆོག རྒྱུ་མཚན་ནི་དགེ་རྒན་གྱིས་མོ་ཁྲིད་ནས་རླངས་འཁོར་ཁ་ལོ་སྦྱོང་སར་ཡོང་ན། སློབ་གྲྭར་ཁོ་ཐག་མོའི་ཐོ་འགོད་རེའུ་མིག་ཡོད་པས། རེ་བ་ཞིག་ཡོད་པ་ནི་ཁྱོད་ཀྱིས་རྒྱུ་མཚན་ཞིབ་བཤེར་བྱེད་དུས་མོའི་ལག་པ་དབང་སྐྱོན་ཡིན་ཚུལ་གཏན་ནས་ཤེས་སུ་འཇུག་མི་རུང་། མ་གཏོགས་མོས་སློབ་སྦྱོང་བྱེད་མི་ཐུབ་ཅེས་བཤད། ཡོས་ལན་གྱི་ཁྲོ་སེམས་ངའི་ཁ་ཡག་ཁོག་འཇམ་ཁྲོད་རིམ་བཞིན་ཇེ་ཞིར་གྱུར། ང་དངངས་འདར་ཞིག་བརྒྱབ་བྱུང་། ངས་ཐེངས་དང་པོར་མོ་ནི་ཇི་འདྲའི་དོགས་པ་ཟ་རྒྱུར་དགའ་བའི་མི་ཞིག་ཡིན་པ་ཤེས། ཕྱི་ཉིན་སྔ་མོར་མལ་ལས་ལངས་རྗེས། ངའི་སེམས་སུ་ད་དུང་མདང་གི་དོན་དག་དེ་ལྷག་འདུག ངོ་གདོང་བཀྲུས་རྗེས། ཞོགས་ཟས་ཀྱང་མ་ཟོས་པར་བྲེལ་འཚུབ་ངང་ལས་ཁུངས་སུ་སོང་།
༦༩
དུས་ཚོད་ནི་ཉིན་རེ་བཞིན་ཕར་འདས་སོང་། ཨྱོན་གྱིས་བེའུ་དང་ལུ་གུ་བཙོང་བའི་དོན་དེ་ད་དུང་ཁ་གསལ་ཁྱབ་སྒྲོག་བྱས་མ་བྱུང་། ལས་བྱེད་པ་རེ་འགའི་ཁ་ནས་གོ་བ་ལྟར་ན་ཁོས་སྒོར་མོ་དེ་དག་གིས་བེའུ་དང་ལུ་གུ་དེ་བས་མང་པོ་ཉོས་ཏེ་ཡང་བསྐྱར་ཐོན་སྐྱེད་བྱེད་རྩིས་འདུག་ཟེར་ལ། ད་དུང་སྒོར་དེ་དག་གིས་ལོ་དེའི་ནོར་སྲིད་ཀྱི་བསྐྱིས་སྒོར་སྤྲོད་རྩིས་འདུག་ཟེར་བ་ལས། དོན་དངོས་སུ་ནོར་ལུག་དེ་དག་སྒོར་དུར་བཙོང་བ་སུར་ཡང་མི་སྨྲ་ཟེར། དེའི་ཕྱིར་སྒོར་གྱི་ཐག་གཅོད་བྱེད་སྟངས་ཐད་སུས་ཀྱང་ཁས་ལེན་བྱེད་ཐུབ་ཀྱིན་མེད་མོད་ཀྱང་། ཡང་ཞོལ་ནས་རང་རང་གིས་གང་འདོད་དུ་གླེང་མོལ་ཙམ་བྱེད་པ་ལས། དོན་དེའི་ཡང་སྙིང་གི་རྒྱུ་མཚན་འདྲི་ཕོད་མཁན་མི་གཅིག་ཀྱང་མི་འདུགལས་བྱེད་པ་དག་གི་ཁམས་ཤིན་ཏུ་དྭངས་མེད། ཕྱི་དྲོ་སླེབས་མ་ཐག་མི་འགའ་རེ་ཚོགས་པ་རེ་བྱས་ཏེ་ལ་ལ་རྒྱ་སྲང་ཉུལ་བ་དང་། ལ་ལ་སྡོད་ཁང་དུ་འཛུལ་ནས་མཱ་ཅང་བརྒྱག་པའམ་ཆང་ལ་བག་མེད་བསྐྱལ། ཉིན་དེར། ཚེ་ལོ་སོང་ནས་ཆང་འཐུང་ནས་བསྡད་ཡོད་པའི་ལས་བྱེད་པ་འགའ་ལས་ཚོགས་སུ་ཞུགས་པར་བོས། དེ་དག་གིས་དགོད་སྒྲ་ལྷང་ལྷང་ངང་ཚེ་ལོའི་སྐད་ཆར་དོ་སྣང་མ་བྱས། ཚེ་ལོ་ཁྲོས་ཏེ་གཟབ་ནན་སྒོས་ཁོ་ཚོར་གཤེ་གཤེ་བཏང་། དུས་དེར་ར་བཟི་བར་གྱུར་པའི་མི་ཞིག་གིས་སྤོབས་པ་ཆེན་པོས་ཚེ་ལོར། ཡུལ་དཔོན་ཚེ་ལོ་ལགས། ངས་ཁྱེད་ལ་འདྲི། ཡུལ་ཚོའི་ནོར་ལུག་དེ་དག་སྒོར་དུ་ལ་བཙོང་ངམ། སྒོར་མོ་གནས་གང་ཞིག་ལ་སྤྱད་དམ། གལ་ཏེ་ཁྱོད་ཀྱིས་གསལ་ཐག་ཆོད་པ་ཞིག་མི་བཤད་ན་ང་ཚོ་ལས་ཚོགས་སུ་མི་འགྲོ་ཟེར།
ཚེ་ལོས་ཚུལ་དེ་མཐོང་རྗེས། རང་གིས་མི་ཤེས་ཟེར་བ་ལས་ཐབས་མེད་དུ་གྱུར།
ལས་བྱེད་པ་དེས་འཕྱ་སྨོད་ཆེན་པོས། དགོད་སྤྱད་རེད། ཡུལ་དཔོན་དང་པོ་ཞིག་གིས་ཡུལ་ཚོའི་དོན་དག་འདི་འདྲའི་ཆེན་པོ་ཞིག་མི་ཤེས་ཟེར་ན་ཡུལ་དཔོན་དུ་ཇི་ལྟར་བསྡད་པ་ཡིན་ནམ། ཚང་མས་ཁྱོད་ཀྱི་ཡུལ་དཔོན་ནི་ལམ་སྐེད་ནས་བཏུས་ཡོང་བ་རེད་ཟེར་བར་ཁག་མི་འདུག་སྟེ། ནུས་པ་ཟེར་བ་ཅི་ཡང་མི་འདུག ཡང་ན་ཁྱོད་ཚོ་དཔོན་པོའི་བར་ཕན་ཚུན་སྲུང་སྐྱོབ་བྱས་ཏེ་མིས་མཐོང་མི་རུང་བའི་འབྲེལ་བ་དམ་པོ་ཞིག་ཡོད་པ་མིན་ནམ་ཟེར།
ཚེ་ལོས། ཁྱོད་ཀྱིས་ཁོ་བོར་སྡིགས་ན་ཆོག་མོད། འོན་ཀྱང་ངས་ངོ་མས་མི་ཤེས་ཞེས་བཤད།
ལས་བྱེད་པ་དེ་ཡང་། གལ་ཏེ་ཁྱོད་ཀྱིས་དངོས་གནས་བཀུར་བསྟི་མི་ཤེས་ན། ང་ཚོ་ཁྲིད་ནས་ཨྱོན་དང་དངོས་སུ་གདོང་ཐུག་བརྒྱབ་ན་ཨེ་ཆོག་ཟེར།
སྐབས་དེར། མི་གཞན་པ་ཚོས་ཀྱང་རྒྱབ་སྐྱོར་སྒོས། བདེན་འདུག འདི་དག་ནི་ང་ཚོ་ཚང་མའི་དཀའ་ལས་ཀྱི་སྒོར་མོ་ཡིན་པས། ཤེས་མེད་ཚོར་མེད་དུ་གར་སོང་མ་ཤེས་ན་ཅི་ལྟར་རུང་ཟེར།
ཚེ་ལོ་ཨྱོན་གྱི་བྱེད་སྟངས་ལ་སྔོན་ནས་ལྟ་ཚུལ་ཡོད་པའི་སྟེང་། དེ་རིང་གི་གནས་ཚུལ་འདིར་གཏུགས་པས་ཁོ་ཚོ་ཁྲིད་དེ་ཨྱོན་གྱི་གཞུང་སྒྲུབ་ཁང་དུ་མི་འགྲོ་ག་མེད་བྱུང་།
ཨྱོན་གྱི་རྣམ་འགྱུར་ཤིན་ཏུ་བརྟན་པོར་འདུག ཁོས་ད་སྐབས་ནི་འཛིན་དཔོན་གྱིས་འོས་འགན་ལེན་པའི་དུས་ཡིན་པས། ང་ལ་ཡར་གོང་རིམ་གྱི་མགོ་ཁྲིད་ལ་ཡར་ཞུ་ཞུ་བའི་འོས་འགན་ལས། མར་འོག་རིམ་ལ་ངོ་སྤྲོད་བྱེད་པའི་འོས་འགན་དེ་མེད་པས། གལ་ཏེ་ཁྱོད་ཚོས་ཁས་མི་ལེན་ན་གང་ཞིག་ལ་གཏུགས་འདོད་ན་གཏུགས་ཆོག གཙོ་བོ་སྒོར་མོ་རང་གི་ཁུག་མར་མ་བཅུག་ཚེ། གཏུགས་ནས་གང་དུ་སོང་རུང་སྐྲག་དགོས་དོན་མེད་ཅེས་སྨྲས།
ཤོག་བུར་མེ་བཏུམ་མི་ཐུབ་པས། ཡུལ་ཚོར་ནོར་ལུག་གི་དོན་དུ་འགལ་བ་བྱུང་བཞིན་པའི་དོན་དེ་འཕྲལ་དུ་རྫོང་དུ་གྲགས། མི་འགྱངས་པར་རྫོང་ཨུའི་ཧྲུའུ་ཅི་ཁོའུ་ཡིས་ལས་བྱེད་མི་སྣ་འགའ་ཁྲིད་ནས་ཡུལ་ཚོའི་འགལ་བར་ཞིབ་དཔྱོད་ཐག་གཅོད་དུ་སླེབས། ཁོས། ཨྱོན་བྱ་བར་ནུས་ཤུགས་ཆེ་བ་སྟེ། ཁོའི་བྱེད་སྟངས་འདི་ནི་ད་ལྟའི་བཅོས་བསྒྱུར་སྒོ་འབྱེད་སྐབས་ཀྱི་ཀྲུང་དབྱང་གི་སྤོབས་པ་སྔར་བས་ཇེ་ཆེ་དང་། བསམ་བློ་མུ་མཐུད་བཅིངས་འགྲོལ། གོམ་ཁ་སྔར་བས་ཇེ་མྱུར་དུ་གཏོང་དགོས་ཞེས་པའི་དགོངས་དོན་དང་མཐུན་ཞེས་བསྔགས་བརྗོད་བྱས་པ་དང་མཉམ་དུ། ལས་བྱེད་པ་ལ་ལས་ལས་ཚོགས་སྐབས་སུ་ཆང་འཐུང་བ་དང་། མགོ་ཁྲིད་རྣམ་པར་ཡིན་མིན་གྱི་ངན་བརྗོད་སྤེལ་སོང་ཞེས་གཤེ་གཤེ་བཏང་བ་མ་ཟད། ལྷག་པར་དུ་ཚེ་ལོས་ལས་བྱེད་པ་མི་ཉུང་བ་ཞིག་གིས་མཐུན་སྒྲིལ་ལ་གནོད་པའི་གཏམ་གླེང་མི་འགོག་པ་མ་ཟད། དེ་བས་དམངས་ཚོགས་དང་འགོ་ཁྲིད་བར་དུ་ངན་སྐུལ་གྱིས་དོན་རྐྱེན་སློང་ཞེས་གཤེ་གཤེ་བཏང་ལ། ཁོས་ཚེ་ལོས་རྫོང་ཨུ་རུ་ཡིག་ངོས་ནས་སྐྱོན་བརྗོད་གཏིང་ཟབ་བྱེད་དགོས་ཞེས་སྨྲས།
དོན་དག་འདི་འདྲར་གྱུར་བ་ཚེ་ལོའི་བློ་ཡུལ་ལས་འགོངས་པ་ཞིག་རེད། ཁོས་སྣ་དབུགས་ཤིག་ཕྱུང་རྗེས་ཅི་ཞིག་བཤད་རྩིས་བྱས་མོད། ཏག་ཏག་གཞོགས་ཀྱི་ཡུལ་དཔོན་གཞོན་པ་ཞིག་གིས་མར་འཐེན་བྱུང་།
བདུན་ཅུ་པ།
སྙིང་ཉེ་ལགས། ཁྱོད་ངའི་སྟེང་དུ་ལངས་པའི་ཁོང་ཁྲོ་ཞི་ཡོད་དམ། མདང་ཁྱོད་ཀྱིས་པདྨ་རྒྱལ་མོའང་སློབ་སྦྱོང་ལ་ཡོང་བའི་གནས་ཚུལ་བཤད་སྐབས། ངས་ཁྱོད་ཚོར་གོ་འཛོལ་བྱུང་བ་སྟེ། སེམས་སུ་མོ་ཁྱོད་ལ་འཁྲིལ་བཞིན་འདུག་སྙམ། དོགས་པ་དེའི་རྐྱེན་གྱིས་ད་དུང་ཕྱིར་འཐེན་བྱེད་དགོས་པའི་མི་ལེགས་པའི་སྐད་ཆ་བཤད། ཁྱོད་ཀྱིས་ང་ལ་རྒྱུས་ལོན་བྱེད་དགོས་ཏེ། དེ་ནི་ང་ཁྱོད་ལ་ཧ་ཅང་དགའ་ཞིང་དུང་ལ། ཁྱོད་ཀྱི་བྱ་སྤྱོད་ཚང་མར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པའི་རྐྱེན་གྱིས་ཡིན། ང་ཚོ་ཕན་ཚུན་ལ་བརྩེ་ཞིང་དུང་བཞིན་དུ་ངས་ང་ཚོའི་བར་རྙོག་འཛིང་གི་བྱེ་རྡུལ་གྱི་ལྷད་བསྲེས་ཅི་ཡང་མེད་ན་འདོད།འདི་ནི་ང་ཉིན་གཉིས་པར་ལས་ཚོགས་སུ་ཞུགས་ནས་སླར་ཁྱིམ་དུ་ལོག་སྐབས་ཡོས་ལན་གྱིས་ང་ལ་བསྐུར་བའི་འཕྲིན་ཐུང་རེད། བལྟས་ཡོང་ན་མོས་གསང་སྟབས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་ངས་བཤད་པའི་གནས་ཚུལ་ངོ་མ་ཡིན་པ་ར་སྤྲོད་བྱུང་བས་ད་གཟོད་རང་ཉིད་ཀྱི་སེམས་གཏམ་བརྗོད་པར་ངེས། མདང་དགོང་། ངས་ཡང་ཡང་ཁག་ཐེག་བྱས་པའི་འོག་ཡོས་ལན་གྱིས་ད་གཟོད་མུ་མཐུད་དུ་རྙོག་འཛིང་མ་སློང་མོད། འོན་ཀྱང་ངས་ཁོ་མོའི་དོགས་པ་ཡོངས་སུ་སེལ་མེད་པ་ཤེས་ཐུབ། དེ་རིང་གི་མོའི་འཕྲིན་ཐུང་ལ་བལྟས་རྗེས། ངའི་སེམས་ད་གཟོད་ལྷོད་ལ་བབས་བྱུང་། ངས་དེ་མུར་ཕྱིར་འཕྲིན་ཐུང་སློག་སྟེ་ཡོངས་སུ་རྒྱུས་ལོན་དང་དགའ་སྤྲོ་སྐྱེས་ཡོད་ཅེས་བཤད།
ཅུང་མ་འགོར་བར་ཡང་གཟའ་མཇུག་ཅིག་ཐོན། ང་ཡང་རླངས་འཁོར་ཁ་ལོ་བའི་སློབ་གྲྭར་སོང་ནས་རླངས་འཁོར་སྦྱོང་བརྡར་བྱས་ལ། པདྨ་རྒྱལ་མོའང་དུས་ལྟར་སླེབས་བྱུང་། ངས་ཡོས་ལན་མོའི་ཆེད་དུ་གོ་འཛོལ་བྱུང་བའི་དོན་དེ་མོར་བཤད་བསམ་མོད། ཡང་སྐད་ཆ་མཆུ་མགོར་ཐོན་མ་ཐག་དེ་མུར་མར་མིད་པར་མིད། སེམས་སུ་ངས་དོན་དེ་མོར་ཅིའི་ཕྱིར་བཤད་འདོད་པ་ཡིན་ནམ། རང་ཉིད་དང་པདྨ་རྒྱལ་མོའི་བར་ཕན་ཚུན་བྱས་པ་ཤེས་པའི་དྲིན་གཟོའི་འབྲེལ་བའམ་སྤྱིར་བཏང་གི་གྲོགས་པོའི་འབྲེལ་བ་ཙམ་ལས་འབྲེལ་བ་གཞན་ཅི་ཡང་མེད། གལ་ཏེ་ངས་གློ་བུར་དུ་མོས་བལྟས་ན་འབྲེལ་མེད་ཀྱི་བཤད་ཡམ་དེ་གླེང་ཚེ། མོས་ཇི་སྙམ་དུ་བསམ་མམ་སྙམ།
རླངས་འཁོར་སྦྱོང་བའི་དུས་ཚོད་བྲེལ་འཚུབ་ཤིན་ཏུ་ཆེ་ཡང་ཁོམ་གསེང་གི་བར་སྟོང་སྔར་བཞིན་འདུག ངལ་གསོ་བྱེད་པའི་བར་གསེང་དུ། ངས་དེ་མུར་ཡོས་ལན་ལ་ཁ་པར་གཏོང་བའམ་ཡང་ན་འཕྲིན་ཐུང་བསྐུར་ཏེ་མོའི་ཁེར་རྐྱང་གི་རྣམ་པ་བསྒྱུར་ཐབས་དང་། ངའི་སེམས་པ་མོའི་ཕྱོགས་སུ་འཁོར་ཡོད་པ་གསལ་བཤད་བྱས་པས། པདྨ་རྒྱལ་མོར་ཁ་བརྡ་མ་བྱས་ཤིང་། བརྩེ་འདོད་ཀྱི་གཏམ་ནི་དེ་བས་ཀྱང་།
ཡོས་ལན་མོ་རྐྱང་འགའ་དང་མཉམ་དུ་ཕྱི་རོལ་དུ་མཉམ་ཚོགས་སུ་སོང་འདུག ངས་ཁ་པར་ལས་ཐོས་པ་ནི་བུད་མེད་དེ་དག་གིས་ཆང་མང་ཁ་ངར་སྒོས་ཕན་ཚུན་ཀུ་རེ་ལྷང་ལྷང་རྩེ་བཞིན་པའི་རྣམ་པ་རེད། ཡོས་ལན་གྱི་གྲོགས་པོ་ཚོས་སེམས་སྡུག་མེད་པ་དང་། ཁ་ཁོག་མེད་པར་ཀུ་རེ་རྩེ་བཞིན་འདུག་མོད། འོན་ཀྱང་ཡོས་ལན་གྱི་སེམས་ཁམས་དེ་ལས་ལྡོག་སྟེ་མི་བཟང་བར་ང་ལ་འཕྲིན་ཐུང་འདི་འདྲ་ཞིག་བསྐུར་བྱུང་།
སྙིང་ཉེ་ལགས། ངས་དེ་རིང་ཡང་ཆང་ཕོར་འགའ་འཐུང་བ་ཡིན། ངས་མོ་ཚོ་ཧ་ཅང་དགའ་སྤྲོས་ཁེངས་ཡོད་པ་མཐོང་བས། མི་བདེ་བའི་ཚོར་བ་ཞིག་སྙིང་ལ་ཟུག་ཡོང་། མིའི་ལོ་ཚོད་གནས་འདིར་སླེབས་ཤིང་། གཉེན་སྒྲིག་ལ་ཕམ་ཁ་བྱུང་སྟེ། མི་གཞན་གྱི་ཁྱིམ་དུ་འདུག་དགོས་པའི་དུས་འདི་ནམ་ཞིག་ལ་མཇུག་སྒྲིལ་སྲིད་ཨང་།
ངས་ལན་དུ། གཅེས་ཕྲུག་མ། ཡིད་འཁྱག་པས་མ་སྡོམས་ཤིག ང་ཚོའི་ད་ལྟའི་འཚོ་བའང་ཧ་ཅང་འཆར་ཡན་ཅན་མིན་ནམ། ཁང་པའི་གནད་དོན་ཐད་ནས་ཞིང་ཆེན་གྲོང་ཁྱེར་གྱི་ཁང་བ་ཉུང་མཐར་ཡང་ཕྱེད་ཀ་ཁོ་བོར་དབང་ངེས། གལ་ཏེ་མོར་ཁང་པ་དགོས་ན། ང་ཚོས་མྱུར་དུ་མ་རྩ་བསྡུ་རུབ་ཀྱིས་ཡང་བསྐྱར་ཁང་བ་ཞིག་ཉོས་ཆོག ཡང་ཅིག་བཤད་ན། ཁོ་མོ་གཉིས་ཀྱང་ད་ལྟ་གྱིག་སྤྱིན་དང་ཚོན་རྩི་བཞིན་གྱུར་ཡོད་པས། སྒུག་ནས་ཁོ་ཚོ་བཟའ་བསྒྲིགས་བྱས་པའམ་ཡང་ན་ང་དང་སྒྲོལ་མའི་རྒྱུ་ནོར་བགོ་བཤའ་ཡང་དག་བརྒྱབ་རྗེས་ང་ཚོ་མྱུར་དུ་གཉེན་སྒྲིག་ཆོག
ཨེ། སྐད་ཆ་དེ་ལྟར་བཤད་ཀྱང་རུང་། ངས་སྔར་བཞིན་སེམས་ཁྲལ་ཅི་ཡང་མེད་པའི་ངའི་རོགས་པ་རྣམས་ཀྱི་སྤྲོ་སྣང་གི་རྣམ་པར་ཡིད་སྨོན་བྱེད་བཞིན་ཡོད།
ཁོ་མོ་ཚོར་ཡིད་སྨོན་མ་འཆོར། ཁོ་མོ་ཚོ་ཕོ་མཚན་བྲང་ལ་རྡུང་བའི་བོང་བུ་བཞིན་རང་གིས་རང་ལ་སེམས་གསོ་བྱེད་པ་ཙམ་ཡིན། ངེད་གཉིས་ནི་དྲེལ་རྟས་གཉའ་བར་སོས་འདེབས་པ་བཞིན་ཕན་ཚུན་ལ་དུང་ཞིང་གཅེས།
ཧ་ཧ། ཁྱོད་ཀྱིས་འདི་ལྟར་བཤད་ན། ང་དགོད་ཁ་འཆོར།
ཡོས་ལན་བགད་བྱུང་བས། ང་ཡང་དབང་མེད་དུ་དགོད་ཁ་འཆོར། པདྨ་རྒྱལ་མོས་ང་ཁོང་དགོད་བྱེད་པ་མཐོང་བས་ཁྱོད་ཁོང་དགོད་བྱེད་དོན་ཅི་ཡིན་ནམ་ཞེས་དྲིས་བྱུང་། ངས་ང་དང་གྲོགས་པོ་ཞིག་གིས་ཁ་བརྡ་བྱེད་བཞིན་ཡོད་ཅེས་པར། མོས། ངས་བལྟས་ན་ཆོག་གམ་ཟེར་བར། ངས། བསུབ་ཟིན་ཞེས་ལན་བཏབ།
༧༠
དོན་དག་ད་དུང་མཇུག་མ་རྫོགས། ཚེ་ལོས་རང་ཉིད་ནི་ཞིབ་བཤེར་མི་བྱེད་ཅིང་། གནས་ལུགས་མི་བརྩི་ལ། དེ་བས་ཀྱང་དཀར་ནག་གོ་ལྡོག་པའི་གོང་རིམ་ཀྱི་འགོ་ཁྲིད་ཅིག་དང་ཕྲད་པ་ཚོར། ཚེ་ལོས་དོན་འདིར་ལྡོག་ཕྱོགས་ནས་བསམ་གཞིགས་བྱེད་མགོ་བརྩམས། ཡིན་ཏེ། བཅོས་སྒྱུར་གྱི་སྐབས་སུ་ཚོད་ལྟ་མང་བོ་བྱས་ཆོག དཔེར་ན། ས་གནས་ལ་ལར་ཁྱིམ་བདག་གི་ལམ་ལུགས་ལག་བསྟར་བྱས་པ་རེད། མི་གཅིག་གི་སྐད་ཆས་ལས་དོན་སྐུལ་འདེད་ཀྱི་ཁེ་ཕན་ལ་ནུས་པ་ཐོན་མིན་གང་ལྟར་ཀྱང་། དེ་ལྟར་མི་ལ་ལ་ཞིག་གི་ཁེ་ཕན་གཞི་ནས་བློས་གཏོང་དགོས་པ་རེད། གལ་ཏེ་དེ་འདྲ་ཡིན་ན། རང་ཉིད་ལ་ལས་ངན་འཁོར་ཁོ་ཐག་ཡིན། གནས་ཚུལ་འདི་འདྲའི་འོག་ཏུ། གནས་ལུགས་བཤད་ཀྱང་ཡང་དག་ཅིག་བཤད་དཀའ་བ་རེད། འོན་ཀྱང་སྐྱོན་བརྗོད་བྱས་ཟེར་ན་ངས་གཏན་ནས་ཁས་ལེན་པ་མིན་ཏེ། རྒྱུ་མཚན་ནི་རང་ཉིད་དོན་ངོ་མར་གང་ཞིག་ནས་ནོར་ཡོད་དམ། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པ་དང་། ཡུལ་ཚོའི་འགོ་འཛིན་གཉིས་པ་ཞིག་ཡིན་པའི་ངོས་ནས་ཡུལ་ཚོའི་དོན་དག་གལ་ཆེན་འདི་འདྲའང་གསལ་པོར་ཤེས་འདོད་པའི་དབང་ཆ་མེད་དམ། ཉིན་འགའ་མ་འགོར་བར། རྫོང་རྩ་འཛུགས་པུའུ་ཡི་གསར་དུ་བསྐོ་གཞག་བྱས་པའི་པུའུ་ཀྲང་གིས་ཚེ་ལོ་གོ་གནས་ལས་འཐེན་པའི་ཡིག་ཆ་ཁྱེར་ནས་ཚེ་ལོ་འཚོལ་དུ་ཡོང་། སྨྲས་པ་ཡིན་ན་ཚེ་ལོ་དང་འགོ་ཁྲིད་དང་པོའི་བར་གྱི་འབྲེལ་བ་མི་བཟང་བས། མཉམ་དུ་བྱ་བ་སྒྲུབ་རྒྱུ་མི་འཚམ། གནས་སྐབས་སུ་ཚེ་ལོ་རྫོང་དང་ཆེ་ཉེ་བའི་དར་ལག་ཡུལ་ཚོར་ལས་གནས་སྤར་བ་ཡིན། དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ཡང་བསྐྱར་བསྐོ་གཞག་ཡི་གེ་སྤྲོད་ངེས་ཞེས་ཟེར། ཚེ་ལོས་གནས་འདིར་ད་ཡང་བྱ་བ་སྒྲུབ་ཁ་དཀའ་བ་ཤེས་ཤིང་། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱས།གསར་དུ་སོང་བའི་ཡུལ་ཚོའི་ཡུལ་དཔོན་གྱི་ལས་གནས་སྟོང་པ་རེད། ཚེ་ལོས་རྫོང་ཨུའི་བསྐོ་གཞག་ཡི་གེར་སྒུག་ཡོད་མོད། འོན་ཀྱང་ཉི་མ་རེ་རེ་བཞིན་ཕར་འདས་ཀྱང་དེ་ཕྱོགས་ཀྱི་བརྡ་ཕྲིན་མི་འདུག མ་གཞིར་ཨྱོན་ལ་བསམ་འཆར་ཡོད་པའི་ལས་བྱེད་པ་དེ་དག་ཀྱང་རེ་རེ་བཞིན་སྔོན་གྱི་ལས་ཁུངས་དང་ཁ་བྲལ་འདུག ཚེ་ལོས་གནས་ཚུལ་མི་ལེགས་པ་ཚོར་བས་རྩ་འཛུགས་པུའུ་ཀྲང་ལ་དྲིས། པུའུ་ཀྲང་གིས། རྫོང་ཨུའི་འགོ་ཁྲིད་གཙོ་བོ་ཁྱོད་ཀྱི་རྣམ་འགྱུར་ལ་ལྟ་ཚུལ་ཡོད་པས། ཁྱོད་ཀྱིས་སྐྱོན་བརྗོད་ཡི་གེ་བྲིས་ཚེ་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱེད་སྲིད་ངེས་ཞེས་ཟེར། གཡང་སྐྱིད་ཀྱིས་གནས་ཚུལ་དེ་ཤེས་རྗེས་ཚེ་ལོ་ལ་སྐྱོན་བརྗོད་ཡི་གེ་བྲིས་ནས་རྫོང་ཨུའི་འགོ་ཁྲིད་ལ་ངོ་སོ་ཞིག་སྟེར་དགོས་ཚུལ་ལབ་མོད། ཚེ་ལོས། ང་ཡུལ་ཚོའི་འགོ་ཁྲིད་བྱེད་མི་ཐུབ་ནའང་རང་གི་སེམས་དང་འགལ་ནས་སྐྱོན་བརྗོད་ཡི་གེ་འབྲི་མི་སྲིད། རྒྱུ་མཚན་ནི་ངའི་བསམ་པར་དེ་ནི་གཡོ་རྙི་ཞིག་ཡིན་པས། ཁྱོད་ཀྱིས་སྐྱོན་བརྗོད་ཡི་གེ་བྲིས་ནས་ནོར་འཁྲུལ་ཁས་ལེན་བྱས་ན། ཁོ་ཚོས་ཁྱོད་ཀྱི་ཡིག་ཚགས་ནང་དུ་འཇུག་སྲིད། དེ་ལྟར་བྱས་ན་མི་ཚེ་གང་བོར་མགོ་ཡར་འགྱོགས་ཐུབ་པ་མ་རེད་ཅེས་སྨྲས། གཡང་སྐྱིད་ཀྱིས་ཀྱང་ཡང་ཡང་བསམ་རྗེས་དེའང་འགྲིག་སྙམ་མོད། འོན་ཀྱང་ད་ལྟ་མོར་ཡང་ཐབས་ཤེས་ཅུང་ཙམ་ཡང་ཡོད་པ་མ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号