མ་ཕམ་གཡུ་མཚོ།
ལྷ་དབང་ཕྱུག་གི་བཙུན་མོ་ལྷ་མོ་ཨུ་མའི་བླ་མཚོ་འམ་ཁྲུས་རྫིང་དུ་གྲགས་པའི་མ་ཕམ་གཡུ་མཚོ་ཞེས་པ་ནི་བོད་ལྗོངས་སྟོད་མངའ་རིས་སྐོར་གསུམ་གྱི་ཡ་གྱལ་སྤུ་ཧྲེང་རྫོང་གི་ཁོངས་སུ་ཡོད་ལ། མཚོ་དེ་ལ་མལ་དྲོས་མཚོ་དང་མ་དྲོས་མཚོ། མ་པང་མཚོ། མ་ཕམ་མཚོ། པད་མ་བླ་མཚོ་ལ་སོགས་མིང་གི་རྣམ་གྲངས་དུ་མ་ཞིག་ཀྱང་ཡོད། འདིར་ཅུང་ཙམ་བརྗོད་འདོད་པ་ནི་མ་ཕམ་གཡུ་མཚོའི་མ་ཕམ་ཞེས་པའི་བཏགས་ཚུལ་ལ་རང་ཉིད་ཀྱི་ནུས་ཚད་དང་འཇོན་ཚད་ཀྱིས་དཔྱད་ཁུལ་བྱེད་འདོད་ཡོད་པས་འདི་ལ་མ་རྟོགས་ལོག་རྟོགས་འདྲ་ཐེབས་ཡོད་ཚེ་གཟུ་བོར་གནས་པ་དག་གིས་འཁྱོག་པོའི་ལམ་དུ་འཇུག་བཞིན་པའི་ཕྲན་ལ་དྲང་བོའི་ལམ་ཞིག་སྟོན་རོགས་གནོངས།
འཕྲིན་ལས་ཆོས་གྲགས་ལགས་ཀྱིས་བརྩམས་པའི《མངའ་རིས་སུ་བསྐྱོད་པའི་ཟིན་བྲིས》①སུ་མཚོ་མ་དྲོས་ལ་མ་ཕམ་གཡུ་མཚོ་ཞེས་འདོགས་དོན་རྗེ་བཙུན་མི་ལ་རས་པ་དང་ན་རོ་བོན་ཆུང་གཉིས་རྫུ་འཕྲུལ་འགྲན་ཏེ། རྗེ་བཙུན་རྒྱལ་བས་དེ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་ནམ་ཡང་མི་ཕམ་པའི་རྟེན་འབྲེལ་དུ་མ་ཕམ་གཡུ་མཚོ་ཞེས་བཏགས་པར་བཤད་པ་ནི་རྩོམ་པ་པོ་རང་ཉིད་ཀྱི་ཆགས་སྡང་གིས་བྲིས་པའི་ལྟ་ཚུལ་འབའ་ཞིག་སྟེ ། རྗེ་བཙུན་མི་ལའི་རྣམ་མགུར་དུ“རྗེ་བཙུན་དཔོན་སློབ་ཀྱང་མཚོ་མ་ཕམ་གྱི་འགྲམ་དུ་ཕྱག་ཕེབས་པའི་ཚེ ། ན་རོ་བོན་ཆུང་མིང་སྲིང་གིས་ཀྱང་རྗེ་བཙུན་དཔོན་སློབ་ཀྱི་སྙན་གྲགས་དང་ ། ཏི་སེ་ལ་འབྱོན་པའི་ལོ་རྒྱུས་སྔར་ནས་ཚོར་བས་མཚོ་མ་ཕམ་གྱི་འགྲམ་དུ་གདོང་བསུ་རུ་བྱུང་།”② ཞེས་པའི་ཚིག་སྒྲོས་འདི་ལས་ཀྱང་མཚོ་མ་ཕམ་ནི་ཁོང་གཉིས་རྫུ་འཕྲུལ་མ་འགྲན་གོང་ནས་བཏགས་ཡོད་པ་ནི་རྗེས་དཔག་ཚད་མས་གྲུབ་ལ ། ཏུན་ཧོང་ཡིག་རྙིང་དང《སྲིད་པ་རྒྱུད་ཀྱི་ཁ་བྱང》③སོགས་བོན་གྱི་ཡིག་ཚང་ལ་ལར་མ་ཕམ་མཚོ་མི་ཟེར་བར་མ་པང་མཚོ་ཞེས་བྲིས་པ་མང་པོ་ཡོད་དེ ། དུས་རབས་བརྒྱད་པར་ཞང་ཞུང་ནས་སྐུ་འཁྲུངས་ཤིང་ ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོན་ཆོས་ནུབ་སྐབས་བོན་གྱི་ཆོས་དཔེ་མང་པོ་གཏེར་དུ་སྦས་མཁན་བླ་ཆེན་དྲན་པ་ནམ་མཁའ་ཡིས་བརྩམས་པའི《གཡུང་དྲུང་བོན་གྱི་སྒྲ་གྲགས་པ་རིན་པོ་ཆེ་གླིང་གྲགས་བཞུགས་སོ།།》ཞེས་པའི་ལེའུ་དང་པོ་ཆགས་པ་ཡུལ་གྱི་གནས་ལུགས་བསྟན་པ་ལས“ཏི་ཙེའི་གངས་ནི་མཆོད་རྟེན་བཀོད་ལེགས་འདྲ ། ། མ་པང་མཚོ་ནི་མལཌལ་བཤམས་པ་འདྲ ། ། ”④ཞེས་དང་ ། གནམ་རི་སྲོང་བཙན་གྱི་དུས་སུ་དྭགས་པོ་ངོ་ལོག་པ་ལ་སེང་གོ་མྱི་ཆེན་གྱིས་དྭགས་པོ་ཕབས་རྗེས་་དགྱེས་སྟོན་གསོལ་བའི་སྐབས་ལ ། ཁྱང་བོ་སྤུད་སད་ཟུ་ཙེས་གླུ་བླངས་པའི་གླུ་ཚིག་ཏུ“ན་ནིང་ནི་གཞེ་ནིང་སྔོན ། ། མ་པང་ནི་མཚོ་འགྲམ་ནས ། ། ངང་དང་ནི་དུར་བྱེར་བ ། །”⑤ཞེས་དང་ ། དེའི་སྲས་མོ་སད་མར་ཀར་ཞང་ཞུང་རྒྱལ་བོ་ལྀག་མི་རྒྱར་བག་མར་བཏང་རྗེས ། ཁྲི་སྲོང་བཙན་གྱིས་བློན་པོ་སྤུག་གྱིན་བཙན་རྨང་ཆུང་ཕོ་ཉར་མངགས་པ་ཏུན་ཧོང་གཏེར་ཡིག་ལས“བཙན་མོ་མྱི་བཞུགས་ཏེ ། ། ཆབ་ཉ་ལ་རོལ་ཞིང་། །མཚོ་མ་པང་དུ་གཤེགས་ནས ། ། རྨང་ཅུང་མ་པང་དུ་མཆིསྟེ།།”⑥ཞེས་པ་སོགས་ལས་ཀྱང་ལས་སླ་བོས་རྟོགས་ཐུབ་པ་ནི ། རྗེ་བཙུན་མི་ལས་སྔ་རོལ་ནས་མཚོ་མ་ཕམ་དུ་བཏགས་ཡོད་པ་ནི་ངེས་པར་སྲིད་པ་དང་ ། ད་དུང་གཏེར་མ《རྩ་རྒྱུད་ཉི་སྒྲོན》ལས་ཞང་ཞུང་གི་ཕྱིའི་སྣོད་བཅུད་བརྗོད་པ་ལ །“རི་བོ་གངས་ཅན་ཏི་ཙིའི་དྲུང་ ། ། མཚོ་ནི་མ་པང་གཡུ་མཚོའི་འགྲམ ། །”⑦ཞེས་པ་འདི་མཁས་དབང་ནམ་མཁའི་ནོར་བུས《ཞང་བོད་ལོ་རྒྱུས་ཏི་སེའི་འོད》དུ་གསལ་བོར་འཁོད་པའི་མི་ཚད་མ་པང་མཚོ་ནི་མ་ཕམ་གཡུ་མཚོ་ཡིན་པར་གསུངས་ཡོད་དོ ། ། འོ་ན་མ་པང་མཚོ་དེ་མ་ཕམ་མཚོ་རུ་ཇི་ལྟར་བསྒྱུར་ཅེ་ན ། དེ་ནི་སྟག་བུ་སྙ་གཟིགས་ལ་སྟག་རི་གཉན་གཟིགས་སུ་བཅོས་པ་དང་། ར་ས་ལ་ལྷ་ས་དང་རེབ་ཀོང་ལ་རེ་སྐོང་དུ་བཏགས་པ་དང་འདྲ་བར་ཁོ་བོས་སེམས །
དུང་དཀར་ཚིག་མཛོད་དུ“མཚོ་འདི་ཉིད་ལ་མ་ཕམ་ཞེས་འབོད་པ་ནི་མཚོ་འདི་ཉིད་ཀྱི་ཆུ་ནི་ཡན་ལག་བརྒྱད་ལྡན་ཁོ་ན་ཡིན་ཞིང་ཡོན་ཏན་དང་མ་ཕམ་པས་ན་མ་ཕམ་མཚོ་ཞེས་འབོད་པར་གསུངས་པ་དང་ ། སྒོས་སུ་བོན་གྱི་ལོ་རྒྱུས་སུ་ཁྲི་སྲོང་བཙན་གྱི་གོང་ལ་ཞང་ཞུང་དང་སྤུར་རྒྱལ་གཉིས་ཀྱི་རྒྱལ་མཚམས་ཡིན་པར”⑧བཤད་ཅིང་ ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེར་གཞིག་ནས་རྒྱ་ནག་གི་སྒྲུང་གཏམ་པ་ཧི་མ(何马)བརྩམས་པའི《བོད་ཡུལ་གསང་གྲངས》⑨(《藏地密码》ལ་ལས་འདི་ལ་ས་མཐའི་གསང་བ་ཞེས་ཀྱང་བསྒྱུར་གྱིན་འདུག་ལ་འགྲིག་མིན་བརྟག)ཀྱི་པོད་བཞི་བ་རུ་སྲོང་བཙན་སྒམ་པོས་ཆིག་སྒྲིལ་གྱི་བ་དན་མཐོ་སྒང་ཡངས་པོར་སྒྲེང་དུས ། ཞང་ཞུང་དང་སྤུར་རྒྱལ་གཉིས་ཀྱིས་རྒྱལ་མཚམས་དེ་ནས་ནོལ་ཐབས་བགྱིས་ཏེ ། ཞང་ཞུང་གི་དམག་ཕམ་པར་བཏང་རྗེས་བྷོད་དམག་རྣམས་རྒྱལ་བའི་རྗེས་དྲན་དུ་མཚོ་དེ་ལའང་མ་ཕམ་གཡུ་མཚོ་ཞེས་བཏགས་པར་བཤད་པ་ནི་སྒྲུང་གཏམ་པས་རྟོགས་བཟོ་བྱས་པ་རང་ཡིན་ཡང་ཡིན་དུ་ཆུག་མོད ། རྩོམ་པ་བོ་འཕྲིན་ལས་ཆོས་གྲགས་ཀྱི་ཡུལ་སྐོར་ཟིན་ཐོ་ལྟ་བུ་ནི་གྲུབ་མཐའི་ཆགས་ཞེན་དང་དད་པ་དུང་ཞེན་གྱི་དབང་དུ་མི་འགྲོ་ཞིང་སྒྲོ་བཏགས་དང་སྐུར་འདེབས་ཀྱི་ལས་ལ་མི་ཞུགས་པར་དངོས་ཡོད་གནས་ཚུལ་དང་སྔོན་བྱོན་ལོ་རྒྱུས་རྣམས་ཇི་མ་ཇི་བཞིན་འབྲི་བ་ནི་ཤིན་ཏུ་ནས་གལ་ཆེ་བར་འདོད་དེ། རྒྱུ་མཚན་ནི་དེ་ལྟར་རང་ཉིད་ཀྱི་བསམ་ཚོད་དྲན་ཚོད་ལྟར་དངོས་ཡོད་ལ་འཁྱོགས་བརྗོད་བྱས་པའི་ཤེས་བྱ་ལྷད་ཅན་དེ་དག་ཁོ་བོ་ལྟ་བུའི་སྤངས་བླང་གི་ཆ་ལ་རྨོངས་པའི་བུ་སློབ་གང་མང་གིས་སློབ་ཁྲིད་སྐབས་ཀྱི་སྐབས་སུ་དགེ་རྒན་གྱི་གསུང་ལས་ཐོས་ཤིང་ཟིན་བྲིས་སུ་བཏབ་པའི་མི་ཚད་རང་སྦྱོང་གི་དུས་སུ་དེ་ལྟར་ངག་ནས་སྐྱོར་ཞིང་ཡིད་ལ་བཟུང་སྟེ། ཡིག་ཚད་ལེན་སྐབས་སུའང་བདེན་ཤག་ཤག་གིས་བྲིས་པ་མ་ཟད། དུས་ད་ལ་ཐུག་གི་བར་དུ་ནོར་བ་རྒྱུན་འཇམས་ཀྱིས་རྨོངས་པའི་རྒྱ་རུ་ཚུད་པ་ནི་ཇི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང་།།
སྤྱི་ལོ2013ལོའི་སྤྱི་ཟླ5བའི་ཚེས12ཉིན་སློབ་ཁང་དུ་བྲིས་པ་དགེའོ ། །
ཟུར་ལྟའི་ཡིག་ཆ །
1. འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས།《མངའ་རིས་སུ་བསྐྱོད་པའི་ཟིན་བྲིས》 དེང་རབས་བོད་ཀྱི་རྩོམ་རིག་དཔེ་ཚོགས་ཀྱི《ཁ་བའི་རྣམ་ཤེས》ལས་བདམས་ཤིང་། མཐོ་འབྲིང་དང་པོའི་སློབ་སྐབས་སྨད་ཀྱི《སྐད་ཡིག》བསླབ་དེབ་དུ་བཀོད། དེའི་ཤོག་ངོས་16སྟེང་གསལ། 2009ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན །
2.རུས་པའི་རྒྱན་ཅན་གྱིས་བརྩམས།《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར།》གྱི་ཤོག་ངོས337སྟེང་གསལ། 1981ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན །
3. གཏེར་སྟོན་པ་ཁོད་པོ་བློ་གྲོས་ཐོགས་མེད། 《སྲིད་པ་རྒྱུད་ཀྱི་ཁ་བྱང》གི་ཤོག་ངོས་46དང84སྟེང་གསལ །
4.བླ་ཆེན་པ་དྲན་པ་ནམ་མཁས་བརྩམས། 《གཡུང་དྲུང་བོན་གྱི་སྒྲ་གྲགས་པ་རིན་པོ་ཆེ་གླིང་གྲགས་བཞུགས་སོ།།》 གངས་ཏི་སེའི་བོན་གཞུང་དཔེ་ཚོགས་ཀྱི་པོད་དང་པོའི་ཤོག་ངོས91སྟེང་གསལ །
5.6. དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》ཡི་ཤོག་ངོས58དང57སྟེང་གསལ། 1992ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
7.ནམ་མཁའི་ནོར་བུ་ཡིས་བརྩམས། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ཀྱི་ཤོག་ངོས་64སྟེང་གསལ། 2009ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན །
8.དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། 《དུང་དཀར་ཚིག་མཛོད》ཀྱི་ཤོག་ངོས1589སྟེང་གསལ། 2002ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན །
9. ཧི་མ་ཡིས་བརྩམས།《བོད་ཡུལ་གསང་གྲངས》ཀྱི་ཤོག་ངོས255སྟེང་གསལ ། 2008ལོར་ཁྲོམ་ཆེན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན ། 《藏地密码》何马著 2008年重庆出版社出版。
གསལ་བཤད ། གཏེར་མར་གྲགས་པའི་དེབ་གསུམ་པ་དང་བཞི་བ་ནི་འཕྲུལ་དེབ་ཡིན །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com