༄༅།། མཚོ་སྔོན་ཁྲི་ཤོར་རྒྱལ་མོ།
མཚོ་སྔོན་ཁྲི་ཤོར་རྒྱལ་མོ་འདི་མཚོ་བོད་མཐོ་སྒང་གི་བྱང་ཤར་མདོ་སྨད་གཡེར་མོ་ཐང་གཞུང་དུ་བཻཌྰུ་རྱ་ཞུན་མ་ས་ལ་འཁྱིལ་བ་བཞིན་སྔོ་མེར་གནས། མཚོ་འདིའི་ཤར་ན་རྡོ་ཉི་ཟླ་དང་བྱང་ཤར་སྨོན་ལམ་མཐོན་པོ། ལྷོར་བློན་པོ་གསེར་ཆེན། བྱང་ཏེ་ཐུང་རི་སོགས་རི་མཐོན་པོ་དུ་མས་མཐའ་བསྐོར་ཅིང་།
སྣོད་བཅུད་ལ་དགེ་མཚན་ཆེ་བས་རྒྱལ་ཁང་ཕྱི་ནང་ལ་སྙན་གྲགས་ཀྱི་བ་དན་གཡོ།
མཚོ་སྔོན་པོའི་དབྱར་ཁར་རི་ཆུ་སྔོ་ཞིང་དྭངས་པ། རླབས་ཕྲེང་ཆལ་ཆིལ་གཡོ་བའི་མཚོ་དང་གནམ་འབྲེལ་བའི་བར་ན་འདབ་ཆགས་རྩེན་པའི་མགྲིན་རྔ་བརྡུང་བ། དགུན་ཁར་མཚོ་མོས་དར་དཀར་གྱི་ན་བཟའ་གསོལ་བས་དུས་བཞི་རྒྱལ་མོའི་དཔལ་མདངས་གསལ།
མཚོ་སྔོན་པོ་འདི་ངག་རྒྱུན་དུ་བཤད་པ་ལྟར་གློ་བུར་དུ་འཁྱིལ་བ་མ་ཡིན།
བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས། བོད་གངས་ཅན་གྱི་ལྗོངས་འདི་སྔོན་བསྐལ་བ་ཐོག་མའི་དུས་སུ་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཞིང་། མཚོ་རིམ་གྱིས་བྲི་ནས་སྐམ་སར་གྱུར་ཏེ་ལྗོང་ཤིང་སྰ་ལས་ཁྱབ་པས་གངས་ཅན་སྰ་ལའི་ལྗོངས་ཞེས་འབོད།
ས་གཤིས་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། ཧ་ལམ་ལོ་དུང་ཕྱུར་གསུམ་བཞིའི་སྔོན་ལ་ས་ཆ་འདི་ནི་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་ཡིན་ལ། རྗེས་སུ་མཚོ་དེ་རིམ་གྱིས་བྲི་ནས་ཇེ་ཆུང་དུ་གྱུར་ཅིང་། ལོ་དུང་ཕྱུར་གཉིས་ཀྱི་གོང་དུ་ཆའི་ཆགས་རིམ་སུམ་ལྟེབ་ཏུ་ཡོད་པའི་བསྐལ་པ་ལ། འདམ་བསགས་པས་མཚོ་གཤོང་ཇེ་ཆུང་དུ་གྱུར་ནས་ཞེས་ཆུང་ཞིང་འགྲམ་ཅུང་གཟར་བ་ལྷོ་ནས་བྱང་བརྒྱུད་པའི་ས་ཤུར་ཆགས། ལོ་དུང་ཕྱུར་གཅིག་བྱེ་བ་ལྔའི་སྔོན་གྱི་ཙི་ནའི་ས་འགྱུར་རྗེས་སུ་མཚོ་ཆུ་ཡོངས་རྫོགས་བྲི། ལོ་དུང་ཕྱུར་གཅིག་ལྷག་གི་སྔོན་ལ། ས་འདིའི་ནམ་ཟླ་རླན་བཤེར་ཡིན་པས་རྩི་ཤིང་ཚིང་ཚིང་སྐྱེས་ཞེས་ཟེར།
མཚོ་སྔོན་པོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༤༤༧༣ཡོད་ཅིང་། ཤར་ནུབ་ཀྱི་སྲིད་ལ་སྤྱི་ལེ་༡༠༦དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ་༦༣ཡོད། མཐའ་སྐོར་དུ་སྤྱི་ལེ་༣༦༠ཡོད་པ་དང་། མཚོ་ཆུ་སྨིས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༨༥༤དང་། རྒྱ་མཚོ་ངོས་ལས་སྨིས་༣༡༩༦དང་། མཚོའི་ཆ་མཉམ་ཟབ་ཚད་སྨིས་༡༩.༥༡དང་། མཚོ་སྙིང་ནས་བྱང་དུ་སྤྱི་ལེ་༡༢མཚམས་ནི་ཆེས་ཟབ་ས་ཡིན་པ་དེའི་ཟབ་ཚད་སྤྱི་ལེ་༢༨.༧༠ཡོད། ཆུ་ཧྲེང་རེའི་ནང་ཚྭ་ཁེ་༡༢.༤༩དང་། ཆུ་ཧྲེང་རེའི་ནང་དུ་གཏེར་རྫས་ཁེ་༡༢.༥ནས་༡༣.༢འདུས་ཡོད།
མཚོ་ཁ་ནི་མཐོ་ཞིང་གྲང་བའི་ནང་ཟླ་ཡིན་ཏེ། གྲང་ཆེ་བའི་ཚད་གོར་ཐིག་མན་གྱི་ཏུའུ་༢༦.༧དང་གོར་ཐིག་མན་གྱི་༣༤.༤ཡིན། ལོ་རེའི་སྤྱི་ཟླ་༡༡ནས་ཕྱི་ལོའི་ཟླ་༣པའི་བར་ཆ་མཉམ་དྲོད་ཚད་གྲང་ཏུའུ་༠མན་ཡིན་པས་མཚོ་དར་ཆགས་དུས་ཡིན། ལོ་རེའི་ཆར་འབབ་ཚད་ཆ་མཉམ་ཧོ་སྨིས་༤༡༢.༨ཡིན་པ་དང་། བཤད་ཚུལ་ལྟར་ན་མཚོ་ནང་དུ་ཆུ་སྣ་༡༠༨འབབ་ཟེར་ཡང་། མཚོ་ཆུ་རླངས་འགྱུར་ཚད་ལོ་རེར་སྨིས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༧༦.༧༦ཡིན། ཆར་དང་ཆུ་མཚོ་ནང་དུ་ལོ་རེར་ཆ་མཉམ་སྨིས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༤༠.༢༤འབབ་ཕྱིར་ཡོང་བ་ལས་སོང་བ་མང་། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ནས་ལོ་རེར་མཚོ་ངོས་མར་སྨིས་༠.༡༠ནད་༠.༡༥འགྲིབ།
མཚོ་ཁ་རུ་བྱ་རིགས་མང་བས་སྙན་གྲགས་ཆེ། མཚོ་ནང་དུ་གསེར་ཉ་མང་། ཉ་དེ་ཚོར་གྲང་འཁྱགས་དང་བ་ཚྭས་མི་གནོད། དེ་མཚོ་སྔོན་པོ་ནང་གི་ཉའི་ཐོན་ཁུངས་གཙོ་བོ་ཡིན་ཞིང་ཏུན་ཁྲི་ལྔ་ཙམ་ཡོད།
མཚོའི་ཤར་ལ་མཚོ་མགོ་དང་། ནུབ་ལ་མཚོ་རྔ་ཞེས་འབོད་ཅིང་། མཚོ་མགོའི་གཡས་གཡོན་ལ་མཚོ་རྣ་ལུང་ཟེར་བའི་མཚོ་ཆུང་ཡོད། མཚོ་མགོར་བྱེ་མ་ལ་བདུན་ཟེར་བའི་བྱེ་མའི་རི་ཡོད།
མཚོ་ནང་དུ་མཚོ་སྙིང་དང་། མཚེར་བ་རི། འདྲེ་བྲག་དཀར། གླང་ཆེན་མཆེ་བ་སོགས་གླིང་ཕྲན་ཡོད་པར་མ་ཟད། མཚོ་མཐའ་རུ་གློ་བ་རི་དང་མགོན་པོ་གདོང་བྲག་ཁུང་། ལྷ་མོ་དྲེལ་དང་བྲག་ཆོས་བརྩིགས། ཆུ་ཚན་སོགས་ལྷ་སྒྲུང་ཅན་གྱི་ལྟ་ས་ཡོད།
མཚོ་ནང་དུ་སློབ་དཔོན་པདྨའི་ཕྱག་རྗེས་ཡོད། བོད་ཀྱི་དེབ་ཐེར་ནང་དུ། སློབ་དཔོན་པདྨས་བོད་ཀྱི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག་ཅེས་པའི་མཚོ་ཆེན་བཞིའི་ནང་གི་གཅིག་ནི་མཚོ་སྔོན་པོ་འདི་ཡིན། དབྱར་ཁར་གནམ་ངོ་དྭངས་པའི་དུས་སུ་ནུབ་ཕྱོགས་སྒང་ངོས་ནས་མཚོ་ལ་ཞིབ་ཏུ་བལྟས་ཚེ་སྡིགས་མཛུབ་ཡར་འཁོར་བའི་ཕྱག་རྗེས་མཐོང་ཐུབ། ཕྱག་མཛུབ་ནུབ་ནས་ཤར་དུ་བསྟན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com