རྨ་ཆུ་དང་མདོ་དབུས་མཐོ་སྒང་གི་ཁོར་ཡུག

རྩོམ་པ་པོ།:བློ་བཟང་ལྷུན་འགྲུབ་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-09 09:58:50 ཀློག་གྲངས།:20472

  མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་ལས་ར་འཕྲོད་བྱུང་བ་ལྟར་ན། མིའི་རིགས་ཀྱི་ཤེས་རིག་ནི་གཙང་པོ་དང་ཆུ་བོ་ཆེན་པོའི་འགྲམ་རྒྱུད་ནས་བྱུང་བ་ཤ་སྟག་རེད་དེ། རང་རྒྱལ་ལ་ཆ་མཚོན་ནས་བཤད་ན། རྨ་ཆུ་ནི་ཨ་ཧྥེ་གླིང་གི་ནི་ལེ་གཙང་པོའི་ཟུར་གསུམ་གླིང་དང་།  ཨ་ཤེ་ཡ་ནུབ་མའི་ཏིས་ཁི་ལ་ཟི་གཙང་པོ་དང་ཨེའུ་ཕུ་ར་ཐེ་གཙང་པོའི་འབབ་ཡུལ་དང་འདྲ་བར་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་གནས་སུ་གྱུར་ཡོད་པས།  ཚང་མས་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་བསྐྱེད་ཅིང་བསྲིངས་པའི་མ་ཡུམ་ལྟ་བུ་ཡིན་ཞེས་བསྔགས་པའོ། །དེ་ཡང་རྨ་ཀླུང་རིང་མོའི་མགོ་ཁུངས་སུ་གྱུར་པའི་མདོ་དབུས་མཐོ་སྒང་ནི་དེ་སྔ་ཡུལ་མཐོ་ཞིང་ས་གཙང་བ། གཙང་པོ་དྭངས་ཤིང་བསིལ་བ། སྟོད་ན་གཡའ་རི་དང་བྲག་རི།  བར་ན་རྫ་རི་དང་སྤང་ལྗོངས། སྨད་ན་རྩི་ཤིང་དང་ནགས་ཚལ་གྱིས་ཡོངས་སུ་བརྒྱན་པའི་ཡུལ་ཁྱད་དུ་འཕགས་པ་ཞིག་ཡིན་པས།  ཇི་སྐད་དུ་བཀའ་གདམས་གླེགས་བམ་ལས།  ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མནྡལ་ཡོད། ། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།  །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། ། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད།  ། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། ། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཅེས་གསུངས་པ་ནི་དེ་སྔའི་མདོ་དབུས་མཐོ་སྒང་གི་མཛེས་ལྗོངས་ཇི་བཞིན་དུ་བྲིས་པའི་གཏམ་དུ་འཁུམས་སོ།  །རྒྱུ་མཚན་དེའི་ཕྱིར་རྨ་ཀླུང་རིང་མོས་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཡོན་ཏན་གྱིས་མ་མས་བུ་ལ་ནུ་ཞོ་བསྣུན་པ་ལྟར་ས་འདི་གའི་འགྲོ་བ་མིའི་རིགས་ལ་ཆགས་གནས་སྐྱེ་འཕེལ་གྱི་ཕན་བདེའི་རྩ་བ་བླ་ན་མེད་པ་བསྐྲུན་པས།  ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་བུ་རབས་ཚ་རྒྱུད་འདི་དང་ལོ་རྒྱུས་ཤིན་ཏུ་རིང་བའི་ཤེས་རིག་བླ་ན་མེད་པ་འདི་བྱུང་བ་རེད།   གནའ་བོའི་སྤྲ་མི་དང་ལུང་ཤུར་གྱི་མི།  ཁྲེ་ཡུག་ཚོ་བ་ལ་སོགས་པའི་གནའ་མི་དང་ངག་རྒྱུན་ན་ཡོངས་སུ་གྲགས་པའི་གོང་མ་ཧོང་ཏིས་དང་ཡན་ཏིས་ཀྱི་རིགས་རྒྱུད་དག་ནི་རྨ་ཆུའི་འབབ་ཡུལ་འདི་ཉིད་དུ་འཚོ་གནས་བྱུང་བ་ཡིན་ལ།  ས་རྒྱ་ཆེ་ཞིང་ཁོད་སྙོམས་ལ།  ཆུ་ཁུངས་ཕུན་སུམ་ཚོགས་ཞིང་འགྲིམ་འགྲུལ་སྟབས་བདེ་ཡིན་པའི་རྨ་ཆུའི་འབབ་ཡུལ་གྱིས་ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་ཆབ་སྲིད་དཔལ་འབྱོར།  རིག་གནས་འཕེལ་རྒྱས་ལ་མཐུན་རྐྱེན་གྱ་ནོམ་པ་ཞིག་བསྟབས་པས།  སྤྱི་ལོ་སྔོན་གྱི་དུས་རབས་ཉེར་གཅིག་པའི་ཞཱ་རྒྱལ་རབས་ནས་ད་ལྟའི་བར་གྱི་ལོ་ངོ་སྟོང་གི་ནང་དུ་སྔ་ཕྱིར་ལོ་ཉིས་སྟོང་བཞི་བརྒྱ་ལྷག་གི་རིང་ལ་ས་འདིར་རྒྱལ་ས་བཏབ་མྱོང་ཞིང་།  ཧན་ནུབ་མ་ནས་སུའེ་ཐང་བར་གྱི་རྒྱལ་རབས་བཅུ་གཅིག་གིས་གནའ་མཁར་ཤིས་ཨན་ལ་རྒྱལ་ས་བཙུགས་པ་དང་།   ཧོ་ནན་ཞིང་ཆེན་གྱི་ལོ་དབྱང་གྲོང་ཁྱེར་ལརྒྱལ་རབས་དགུ་ཡི་མཁར་རྙིང ཞེས་འབོད་སྲོལ་ཡོད་པ་དང་།  ཁེ་ཧྥེང་གྲོང་ཁྱེར་ནི་དེ་སྔའི་ལོ་རྒྱུས་ཐོག་དར་རྒྱས་ཤིན་ཏུ་དྲག་སྐད།   རི་མོ་གྲགས་ཅནདྭངས་གསལ་ཉིན་མོའི་གཙང་འགྲམ་ཁྲོམ་རིསཞེས་པ་དེས་སྐབས་དེ་གའི་གནས་འདིའི་འཕེལ་རྒྱས་ཀྱི་ཟུར་ཙམ་མཚོན་པ་ཡིན་ཞིང་།  གནའ་རབས་ཀྱི་རྒྱའི་སྙན་ངག་པ་ཆེན་པོསརྨ་ཀླུང་རིང་མོ་ནམ་མཁའི་དབྱིངས་ནས་བབས། །ཕྱིར་ལྡོག་མེད་པར་ཤར་གྱི་རྒྱ་མཚོར་བཞུད། །ཅེས་རྨ་ཆུའི་གཟི་བྱིན་ལ་བསྔགས་བརྗོད་མཛད་ཡོད་པ་དང་། །བོད་ཀྱི་སྙན་ངག་མཁན་པོས་ཀྱངདེ་དག་དབུས་ན་རྨ་གཡང་ཕྱུག་མོ་ལས། །བབས་པའི་ཆུ་གཏེར་རྨ་ཀླུང་ཉ་ཡི་ཆབ། །གསེར་འབྲུག་ས་ལ་འཁྱུག་པའི་ཉམས་མཚར་ཅན། ། རིས་མེད་སྐྱེ་རྒུ་ངལ་གསོའི་རྟེན་དུ་འབབ། །ཅེས་རྨ་ཆུའི་ཡོན་ཏན་དག་ལ་བསྔགས་བརྗོད་མཛད་པའི་གཏམ་ནི་ད་ལྟའང་མི་རྣམས་ཀྱི་མིག་གི་གསོས་དང་རྣ་བའི་བཅུད་དུ་གཏམས་པ་དེ་ལ་ལགས་སོ།  །

  རྨ་ཀླུང་རིང་མོ་ནི་གདོད་མའི་དུས་རབས་ནས་ཐོན་པ་དང་མདོ་དབུས་མཐོ་སྒང་གི་གངས་རི་དཀར་པོའི་ཐོང་ཁ་ནས་ཐོན་ཏེ་ལོ་ནས་ལོ་དང་དུས་རབས་ནས་དུས་རབས་སུ་རྒྱུན་མ་ཆད་པར་ལྷུང་ལྷུང་བབས་ཐོག    མཐའ་ཡས་པའི་མྱ་ངམ་ཐང་ཆེན་དུ་ལྗང་མདོག་ལྡན་པའི་ཁྱམས་རིང་ཞིག་བསྐྲུན་ཏེ་ཤར་ཕྱོགས་ནོར་འཛིན་ཡངས་པོའི་གཞི་འདི་ལེགས་པར་བསྐྱངས་པས།   རྨ་ཆུ་ནི་མི་རིགས་ཀྱི་ལོ་རྒྱུས་གླེགས་བམ་ཞིག་རེད་ཅེས་སྨོས་ཀྱང་ཆོག་སྟེ།   དེའི་སྟེང་དུ་ཤེས་རིག་དང་དར་རྒྱས་ཀྱི་དཔལ་ཡོན་བཀོད་ཡོད་ལ་དམུ་རྒོད་དང་ཆགས་འཇིག་གི་ཟིན་བྲིས་ཀྱང་བཏབ་ཡོད།   དེ་ལས་ཕན་བདེའི་གཞི་མར་གྱུར་པའི་དགེ་ཚོགས་མངོན་པར་བཀྲ་ལ་སེམས་ཅན་ཁྱུར་མིད་བྱས་པའི་ཆོ་འཕྲུལ་ཡང་བསྟན་མྱོང་བ་རེད།  ལྷག་པར་དུ་ང་ཚོ་བློ་མི་བདེ་བའི་གནས་ཤིག་ཡོད་པ་ནི་ད་ལྟ་རྨ་ཆུའི་འབྱུང་གནས་སུ་གྱུར་པའི་མདོ་དབུས་མཐོ་སྒང་གི་སྣོད་བཅུད་ཁོར་ཡུག་ནི་ལོ་རེ་ལས་ལོ་རེར་ཉམས་རྒུད་དུ་གྱུར་ནས་རྨ་ཆུའི་བཞུར་རྒྱུན་ཆད་པ་དེ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།