མཚོ་སྔོན་པོའི“ཆུ་དང་ཉ་དང་བྱ”གསུམ་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་བྱས་པ།
ཚེས9ཉིན་གསར་འགོད་པས་ཤེས་རྟོགས་བྱས་པར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་སའོ་དང་མཉམ་འབྲེལ་གྱིས་མཚོ་སྔོན་པོའི“ཆུ་དང་ཉ་དང་བྱ”གསུམ་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་དང་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་ཁོར་ཡུག་དཔྱད་དཔག་ཞིབ་འཇུག་ལ་སྐུལ་འདེད་བཏང་།
མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་སྟེང་གི་ཚྭ་མཚོ་ཆེ་ཤོས་ཡིན་པ་དང་། མཚོ་བོད་མཐོ་སྒང་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཚོ་མོ་གལ་ཆེན་ཞིག་ཀྱང་ཡིན། དེས་ནུབ་རྒྱུད་ནས་ཤར་རྒྱུད་དུ་བྱེ་ཐང་ཅན་དུ་འགྱུར་བར་བཀག་འགོག་བྱེད་པའི་ནུས་པ་ཐོན་ཡོད་པ་མ་ཟད། ས་ཁོངས་ནང་གི་གནམ་གཤིས་སྙོམས་སྒྲིག་བྱེད་པར་ཡང་ནུས་པ་གལ་ཆེན་ཐོན་གྱི་ཡོད། དེའི་ནང“ཆུ་དང་ཉ་དང་བྱ”མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་ནི་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་རྨང་གཞི་ཡིན།
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་གཉིས་ཀས་ཚན་རིག་ཞིབ་འཇུག་དང་། སློབ་གསོ། སྲུང་སྐྱོང་སོགས་ཀྱི་ལས་དོན་མཉམ་འབྲེལ་བྱས་ནས། མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད་ཆུའི་སྐྱེ་ཁམས་ཚོད་ལྟ་དང་། ཆུའི་སྐྱེ་ཁམས་མ་ལག་གི་བདེ་ཐང་གདེང་འཇོག ཆུའི་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་དོན་སྒྲུབ་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་ཆེད། ཆུའི་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་ཡོད་ཁྱབ་ཁོངས་ཆེད་ལས་ལག་རྩལ་གྱི་འདེགས་སྐྱོར་དང་འདྲི་རྟོག་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
འབྲེལ་ཡོད་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2018ལོའི་ལོ་མཇུག་ཏུ་མཚོ་སྔོན་པོའི་ཆུ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་4516.23སླེབས་པས། དུས་རབས་གོང་མའི་ལོ་རབས་70པའི་དུས་འགོའི་ཚད་དུ་སླར་གསོ་བྱུང་ཡོད་པ་དང་། མཚོ་སྔོན་པོའི་ཙོང་ཁའི་ཉའི་ཐོན་ཁུངས་དེ་2002ལོའི་ཏུན་ཁྲི་0.26ནས་ད་ལྟ་ཏུན་ཁྲི་8.8བར་འཕར་བས་སྲུང་སྐྱོང་གི་ཐོག་མའི་དུས་ཀྱི་ལྡབ34ཡིན་པ་དང་། མཚོ་སྔོན་པོའི་འདབ་ཆགས་རིགས་ཀྱི་གྲངས་འབོར་དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ་ཐོ་འགོད་བྱས་པའི་རིགས་189ཡོད་པ་དེ་ད་ལྟ་རིགས་225ལ་འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། དུས་རབས་གོང་མའི་ལོ་རབས་60པར། ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་མི་སྣ་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་ཁོར་ཡུག་བརྟག་དཔྱད་ལས་དོན་ནང་ཞུགས་པ་དང་། 2010ལོར་ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་སའོ་དེ་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཉམ་འབྲེལ་ཚན་ཞིབ་རྟེན་གཞིར་ཞུགས་ནས་ལོ་མང་པོར་བསྟུད་མར་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཞིབ་འཇུག་ལས་དོན་སྒྲུབ་པ་རེད།
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ད་ཐེངས་ཀྱི་མཉམ་འབྲེལ་ལས་དོན་འདི་ནི་མཚོ་སྔོན་པོའི་ཆུའི་ཁོར་ཡུག་གི་མི་མངོན་པའི་རྐྱེན་ངན་ལྟ་ཞིབ་ཚད་ལེན་དང་། ཞིབ་འཇུག བཅོས་སྐྱོང་བཅས་ཀྱི་ཐད་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com