རི་སྐྱེས་སྲོག་ཆགས་ཨ་བྲ་སོགས་ཀྱི་གཉན་པོ་སྟེ་ཏེ་ལོ།
ཏེ་ལོ། 艾虎 Steppe Polecat
གཟུགས་གཞིའི་ཁྱད་ཆོས།
ཏེ་ལོའི་གཟུགས་གཞིའི་རིང་ཚད་ལིས་སྨིས40ནས་ལིས་སྨིས45དང་། རྔ་མའི་རིང་ཚད་ལ་ལིས་སྨིས15ཡས་མས་ཡོད། སྐེ་རིང་ཞིང་སྦོམ་པ་དང་སྐེ་རྒྱབ་དང་རྒྱབ་སྟོད་ལ་ཐར་ཐོར་ཡིན་པའི་གྲ་སྤུ་ནག་རིང་སྐྱེས་ཡོད། རྒྱབ་གཞུང་དུ་སྤུ་མདངས་དམར་སེར་གྱིས་ཁེབས་འདུག རྐེད་པའི་མན་ཆད་དུ་གྲ་སྤུ་ནག་པོ་སྐྱེས་ཡོད། ཨོག་མ་དང་བྲང་ངོས་ནས་འདོམས་ཀྱི་བར་དུ་སྤུ་མདངས་ནག་པོ་སྐྱེས་ཡོད། གསུས་པའི་གཡས་གཡོན་གྱི་སྤུ་མདངས་སེར་སྐྱ་ཡིན། རྐང་ལག་དང་རྔ་མའི་སྤུ་མདོག་ནག་པོ་ཡིན།
ཁྱབ་ཡུལ།
མདོ་དབུས་མཐོ་སྒང་ན་ཡོད་པའི་ཏེ་ལོའི་རྒྱུད་འདི་རང་རྒྱལ་གྱི་བྱང་ཤར་དང་ནུབ་བྱང་གི་ས་ཆ་བཅས་ནའང་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
ཏེ་ལོ་འཚོ་གནས་བྱེད་སའི་མཐོ་ཚད་ནི་མཚོ་ངོས་ལས་སྨིས4000ཡི་མན་ཡིན། འཚོ་སྡོད་བྱེད་ས་ནི་མཐོ་སྒང་གི་ཐང་ཡངས་དང་སྤང་རི། སྤང་ཐང་། ནགས་ཚལ། རྩྭ་རྫུབས། ཤིང་རྫུབས་ཁྲོད་ན་ཁེར་རྐྱང་དུ་འཚོ་སྡོད་བྱས་ཡོད། ཨ་བྲ་དང་འཕྱི་བ་མང་ས་ན་ཏེ་ལོ་ཡང་ཅུང་མང་། ཏེ་ལོ་ནི་མཚན་མོར་རྒྱུ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས། མིག་དབང་དང་རྣ་དབང་རྣོ་ཞིང་། རྐང་ལག་ཧ་ཅང་མྱུར། ཏེ་ལོ་ནི་གདུག་རྩུབ་ཆེ་ཞིང་སྡོང་མགོར་འགོ་མཁས་པར་མ་ཟད། ཆུར་ཡང་རྐྱལ་མཁས་པ་ཞིག་ཡིན། ཏེ་ལོས་རྟུག་ཁུང་ལས་རྟུག་དྲི་དྲི་ངན་བྲོ་བ་ཞིག་གཏོང་སྲིད། ཁ་ཟས་གཙོ་བོ་ནི་ཨ་བྲ་དང་བྱི་ལོང་། རི་བོང་། འཕྱི་བ། ཉ། སྦལ་བ། འདབ་ཆགས་ཆུང་ངུ། བྱ་སྒོང་ཤིང་ཏོག་སོགས་ཟ་བ་ཡིན། ཏེ་ལོའི་ཚང་ནི་འཕྱི་བའམ་རི་སྐྱེས་སྲོག་ཆགས་གཞན་དག་གི་ཁུང་མལ་ན་བཅོས་ཡོད། ཟླ2པ་ནས་ཟླ3པ་ནི་ཏེ་ལོའི་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན་པ་དང་། མངལ་སྦྲུམ་ཡུན་ནི་ཉི་མ50ཡས་མས་ཡིན་ལ། ཟླ4བའི་ཟླ་སྟོད་ནས་ཟླ5བའི་ནང་དུ་ཕྲུ་གུ་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ3ནས་ཕྲུ་གུ5བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
ཏེ་ལོ་ནི་ཨ་བྲ་སོགས་ཀྱི་གཉན་པོ་ཡིན་པས། ཨ་བྲའི་རིགས་མོད་པོ་བསད་དེ་ཟ་བ་ན། ནགས་ལས་དང་ཕྱུགས་ལས། ཞིང་ལས་ཐད་ཀྱི་བྱི་གནོད་འགོག་ཐུབ་པར་མ་ཟད། སྐྱེ་ཁམས་དོ་མཉམ་ཡོང་བར་ཡང་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད་པ་རེད། ཏེ་ལོའི་པགས་རྒྱུ་བཟང་ཞིང་གྲ་རྟིང་མཐུག་ལ་གྲ་ཁ་ཡག་པས་ན། ཕྱི་རྒྱལ་དུ་བཙོང་བའི་པགས་རིགས་རྩ་ཆེན་ཞིག་ཡིན། ཏེ་ལོའི་ཤ་དང་ཏེ་ལོའི་ཀླད་པ་བོད་སྨན་དུའང་འགྲོ་བ་ཡིན།
ད་ཡོད་གནས་བབ།
ལོ་ངོ་བཅུ་ཕྲག་འགའི་རིང་ལ་མི་རྣམས་ཀྱིས་བྱི་དུག་འཕངས་ཏེ་ཨ་བྲ་སོགས་བསད་པ་དང་། ཏེ་ལོས་དུག་ཤིར་སོང་བའི་ཨ་བྲ་སོགས་ཟོས་ཏེ་ཤི་དྲགས་པས། ས་ཆ་ལ་ལ་ན་ཏེ་ལོ་ནི་མིང་ཙམ་ལས་མཐོང་རྒྱུ་མེད་པར་གྱུར་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com