མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་འཕར་བ་ངོ་སྤྲོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-30 10:37:00 ཀློག་གྲངས།:


འཕར་བ།  豺 Jackal

གཟུགས་གཞིའི་ཁྱད་ཆོས།
     འཕར་བའི་གཟུགས་གཞིའི་རིང་ཚད་ལ་སྨིས1ཙམ་ཡོད་པ་དང་། ལུས་བོངས་སྤྱང་ཀི་ལས་ཆུང་ཞིང་། གདོང་ཞེང་ཆེ་ལ་མཆུ་ཅུང་ཐུང་བ་ཡིན། འཕར་བའི་རྣ་ཐུང་ཞིང་སྒོར་བ་དང་སུག་བཞི་ཐུང་ལ་རྔ་མ་སྦོམ་པོ་ཡིན། མགོ་དང་སྐེ་མཇིང་། སོག་མགོ  རྒྱབ་གཞོང་གི་སྤུ་མདངས་ཁམ་ནག་ཡིན། གསུས་ངོས་ཀྱི་སྤུ་མདངས་དཀར་སྐྱ་དང་། ཡང་ན་སེར་བོའམ་ངང་སྐྱ་ཡིན། སུག་བཞིའི་ཕྱི་ངོས་ཀྱི་སྤུ་མདངས་རྒྱབ་གཞུང་གི་སྤུ་མདངས་དང་མཚུངས་ལ། རྔ་མའི་སྤུ་མདངས་ཁམ་སྐྱ་ཡིན།
ཁྱབ་ཡུལ།
     འཕར་བ་ནི་ཐེ་ཝན་དང་ཧེ་ནན་ཞིང་ཆེན། ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་དག་ཏུ་མེད་པ་མ་གཏོགས། རང་རྒྱལ་གྱི་ས་ཆ་ཀུན་ལ་ཁྱབ་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     འཕར་བ་ནི་མཚོ་ངོས་ལས་སྨིས2500ནས་སྨིས3200ཡི་ས་ཆ་ན་གནས་པ་ཡིན་མོད། དེ་ལས་དམའ་བའི་ས་ཁུལ་ནའང་འཕར་བ་མཐོང་རྒྱུ་ཡོད། འཕར་བ་ནི2དང3རེ་བྱས་ནས་འཚོ་བ་ཡིན་ཡང་། མཚམས་ལན་རེར་འཕར་བ་ཁེར་འགྲོ་བྱེད་པའང་མཐོང་རྒྱུ་ཡོད། ཆེས་མང་ན་འཕར་བ་བཅུ་ཕྲག་རེ་ཆབས་ཅིག་ཏུ་འདུས་ཏེ་རི་དྭགས་རྔོན་པ་ཡིན། འཕར་བ་རི་དྭགས་རྔོན་པར་བྲེལ་བའི་དུས་ཡུན་ནི་ནངས་དགོང་གཉིས་ཀ་ཡིན། འཕར་ཁྱུ་འགྲོ་སྐབས་འཕར་བ་རྗེས་མ་འཕར་བ་སྔོན་མའི་རྗེས་ཐོག་ལ་སྤོས་ཏེ་འགྲོ་བ་ཡིན་པས། གནའ་མིའི་ཁ་དཔེར་འཕར་བ་རྗེས་ཐོག་དང་བུ་རབ་ཚིག་ཐོག་ཟེར་དོན་དེ་ཡིན། འཕར་བ་བརྒྱུགས་ན་མགྱོགས་ཤིང་རིག་པ་སྤྱང་པོ་ཡིན་པས། འཕར་བས་རི་དྭགས་རྔོན་སྐབས་རི་དྭགས་འཕར་བ་མང་བོའི་བར་ལ་བཅུག་སྟེ་བརྔོན་པ་ཡིན། ཁ་ཟས་གཙོ་བོ་ནི་རི་དྭགས་ཡིན་ལ། མཚམས་ལན་རེར་སྒོ་ཟོག་ཀྱང་བསད་ནས་ཟ་བ་ཡིན། སྐྱེ་འཕེལ་བྱེད་པའི་དུས་ལ་བསླེབས་ན་འཕར་བ་ཕོ་མོ་རེ་ཆབས་ཅིག་ཏུ་བསྡད་དེ་འཚོ་སྡོད་བྱེད་པ་དང་། དགུན་ཐོག་ཕྲུ་གུ་བཙའ་བ་ཡིན། མངལ་སྦྲུམ་ཡུན་ཉི་མ65ཡིན་ལ། བཙའ་ཐེངས་རེར་ཕྲུ་གུ3ནས6བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     འཕར་བ་ནི་གླ་བ་དང་དགོ་བ་སོགས་རི་དྭགས་རྩ་ཆེན་སོགས་ཀྱི་གཉན་པོ་ཡིན་ནའང་། འཕར་བའི་བརྔོན་བྱ་གཙོ་བོ་ནི་རི་དྭགས་ཀྱི་ཁྱུ་ན་གནས་པའི་རི་དྭགས་ནད་པ་དང་རི་དྭགས་ཁ་མཐོ་ཡིན་པས། འཕར་བས་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ཡོང་བར་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།
ད་ཡོད་གནས་བབ།
     དེང་སང་མདོ་དབུས་མཐོ་སྒང་ན་འཕར་བ་མང་བོ་མཐོང་རྒྱུ་མི་འདུག  འཕར་བས་མཚམས་ལན་རེར་སྒོ་ཟོག་གསོད་པའི་དབང་གིས་མི་རྣམས་ཀྱིས་འཕར་བ་རིག་ན་གསོད་ཅི་ཐུབ་བྱེད་བཞིན་འདུག
     འཕར་བ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།