ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་གཅན་གཟན་རྩ་ཆེན་ཞིག་སྟེ་གསའ།
མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་གཅན་གཟན་རྩ་ཆེན་ཞིག་སྟེ་གསའ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-07-20 11:13:00
ཀློག་གྲངས།:
གསའ།(གསའ་ལ་ཨ་མདོའི་ཡུལ་སྐད་དུ་གསའ་བན་དེ་དང་སྲོག་ཆགས་རིག་པ་རུ་གངས་གཟིག་ཟེར)
གསའ། 雪豹Snow Leopard
གསའ་ཡི་གཟིགས་ཀྱི་རིང་ཚད་ལ་སྨིས1ནས་སྨིས1.5ཡོད། ཕོ་གསའ་ནི་མོ་གསའ་ལས་ཅུང་ཆེ། གསའ་ཡི་རྔ་མ་སྦོམ་ཞིང་ཆེ་ལ། རྔ་སྤུ་རིང་ཞིང་སོབ་སོབ་ཡིན་པར་མ་ཟད། རྔ་མའི་རིང་ཚད་ཀྱིས་གཟུགས་ཀྱི་རིང་ཚད་ཀྱི2/3ཡན་ཟིན་འདུག གསའ་ཡི་ལུས་ཧྲིལ་བོ་དཀར་སྐྱ་ཡིན་པ་དང་། ཐིག་ལེ་ནག་པོ་ཁྱབ་ཡོད། རྔ་སྣེ་ནག་ཅིང་རྔ་མའི་རྒྱབ་ངོས་ན་ཐིག་ལེ་ནག་པོ་བསྟར་འདུག གསའ་ཡི་སུག་བཞི་སྦོམ་ཞིང་ཐུང་ལ། སྡེར་ཁྱིམ་དང་སྡེར་མོའི་བར་ན་སྤུ་རིང་མོད་པོ་སྐྱེས་ཡོད།
ཁྱབ་ཡུལ།
གསའ་ནི་མདོ་དབུས་མཐོ་སྒང་གི་ཧི་མ་ལ་ཡའི་བྱང་ངོས་དང་ཁུ་ནུ་རི་བོ། ཨ་ཆེན་གངས་རྒྱབ། གདང་ལའི་ཤར་ལྷོ་བཅས་ན་གནས་ཡོད་པར་མ་ཟད། རང་རྒྱལ་གྱི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ནང་སོག་གི་ཨུ་ལག་རི་རྒྱུད་བཅས་ནའང་གནས་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
གསའ་ཡི་འཚོ་གནས་ནི་མཚོ་ངོས་ལས་སྨིས3000ནས5300བར་གྱི་མཐོ་སྒང་ཡིན་ལ། དུས་རྒྱུན་དུ་རྫ་མགོ་དང་སྤང་རི། ཤིང་ཕྲན་གྱི་རྫུབས་གསེང་། གསོམ་པའི་ནགས་ཚལ་བཅས་ཀྱི་འདབས་ན་གནས་ཤིང་། གནའ་ཁྱུ་སོགས་རི་དྭགས་ཀྱི་རྗེས་བསྙེགས་ཏེ་གནས་སྤོ་བའི་གོམས་གཤིས་ཡོད། གསའ་ནི་ཉིན་དཀར་གཉིད་ཅིང་མཚན་མོར་ཁ་ཟས་བཙལ་དུ་འགྲོ་བ་ཡིན། གསའ་ཡི་བགྲོད་ལམ་ཕལ་ཆེར་གཏན་ཁེལ་ཡིན་ཞིང་ནངས་དགོང་ལ་ཡར་རྒྱུག་བྱེད་པར་བྲེལ་འདུག གསའ་ནི་གྲིམ་པོ་གཏུམ་སྤྱོད་ཅན་གྱི་གཅན་གཟན་ཞིག་ཡིན་པས། ལུས་ཟོར་ཡང་ཞིང་སྦ་སྐུང་ལ་ཤིན་ཏུ་མཁས། གསའ་ལ་གཏན་ཁེལ་གྱི་གསའ་ཚང་ཡོད་པ་དང་། གསའ་ཚང་ཕལ་ཆེར་རྫ་འདབས་ཀྱི་ཤིང་ཕྲན་གྱི་རྫུབས་གསེང་ངམ་བྲག་ཁུང་དུ་བཅོས་ཡོད། གསའ་ཡི་ཁ་ཟས་གཙོ་བོ་ནི་གནའ་དང་གཉན་ཡིན་ལ། རི་བོང་དང་ཕྱི་བ། ཨ་བྲ་སོགས་ཀྱང་ཟ་བར་མ་ཟད། བྱ་གོང་ཡག་དང་སྲེག་པ། བྱ་དཀར་སོགས་འདབ་ཆགས་ཀྱི་རིགས་ཀྱང་ཟ་བ་ཡིན། ལྟོགས་དྲགས་ན་སྒོ་ཟོག་གི་སྟེང་ལ་བརྒྱུགས་པ་ལས་མི་ལ་གནོད་འཚེ་གཏོང་བ་ནི་ཧ་ཅང་ཉུང་། གསའ་ནི་ལོ་རེའི་ཟླ་དང་པོ་ནས་ཟླ་གསུམ་པའི་བར་དུ་ཚང་ལ་འགྲོ་བ་དང་། མངལ་སྦྲུམ་ཡུན་ནི་ཉིན100ཡིན། ལོ་རེའི་ཟླ5བ་ནས་ཟླ6པའི་བར་དུ་ཕྲུ་གུ་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ2རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
རང་བྱུང་ཁམས་ན་གསའ་ཧ་ཅང་ཉུང་བ་དང་གསའ་ཡི་སྤུ་མདངས་ཤིན་ཏུ་མཛེས་པས་ན། རི་དྭགས་ཁང་གིས་འགྲེམ་སྟོན་བྱེད་པའི་གཅན་གཟན་རྩ་ཆེན་དུ་གྱུར་ཡོད། བོད་ཀྱི་དམངས་ཁྲོད་དུའང་གསའ་བན་དེ་ཞེས་གཏམ་རྒྱུད་ཤིན་ཏུ་མང་། གསའ་ཡི་སྤུ་མདངས་མཛེས་པ་དང་། གྲ་ཁ་རིང་ཞིང་གྲ་རྟིང་མཐུག་པར་བརྟེན་གསའ་ལྤགས་ནི་པགས་རིགས་ཀྱི་ནང་གི་པགས་པ་རྩ་ཆེན་ཞིག་ཡིན་པར་མ་ཟད། གསའ་ཡི་རུས་པ་དང་གསའ་ཤ གསའ་ཡི་མཆེ་བ། གསའ་སྤུ་སོགས་བོད་སྨན་དུ་འགྲོ་བ་ཡིན།
ད་ཡོད་གནས་བབ།
གསའ་གསོད་བཞིན་པའི་གནས་ཚུལ་ཅུང་ཚབས་ཆེན་ཡིན། མི་གྲངས་ཇེ་མང་དུ་སོང་བ་དང་མཉམ་དུ་གསའ་ཡི་ཁ་ཟས་སུ་རུང་བའི་རི་དྭགས་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་བ་དང་། ལྟོགས་དྲགས་པའི་གསའ་ཟོག་ཁྱུར་བརྒྱུགས་ཏེ་ཟོག་རྫིས་བསད་པའང་ཐོས་རྒྱུ་ཡོད། དེར་བརྟེན། གསའ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།
གསའ་ནི་འཛམ་གླིང་ན་སྐད་གྲགས་ཆེ་ཞིང་། མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་གཅན་གཟན་རྩ་ཆེན་གྱི་རིགས་ཤིག་ཡིན་པར་མ་ཟད། ད་རག་བར་དུ་འུ་ཅག་གི་ཕ་མེས་ཡང་མེས་དང་མཉམ་དུ་འཆམ་མཐུན་མཉམ་གནས་བྱས་པའི་རི་སྐྱེས་སྲོག་ཆགས་དཀོན་པོ་ཞིག་ཀྱང་ཡིན་པས། ང་ཚོའི་རིང་ལ་དེར་སྲུང་སྐྱོབ་གང་ལེགས་བྱེད་པ་ལས་དེའི་རྒྱུད་ཆད་དུ་འཇུག་མི་རུང་ངོ་།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།