བོད་སྨན་དུ་འགྲོ་བའི་རི་སྐྱེས་འདབ་ཆགས་གོང་མོ།
གོང་མོ། 雪鸡 Tetraogallus
གཟུགས་གཞིའི་ཁྱད་ཆོས།
གོང་མོའི་ལུས་ཀྱི་རིང་ཚད་ལ་ལི་སྨིས50ནས་ལི་སྨིས60དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ1.5ནས་སྤྱི་རྒྱ2བར་ཡོད། བྱ་གོང་མོའི་ཡ་ཐོད་དང་མིག་གི་མཐའ་སྐོར། རྣ་རྩ་བཅས་ནི་ནག་སྐྱ་ཡིན་ལ། རྒྱབ་གཞུང་ནི་སྐྱ་སེར་ཡིན་པ་དང་གཤོག་སྒྲོ་སྐྱ་སེར་གྱི་སྟེང་དུ་སྒྲིག་སྟངས་མི་འདྲ་བའི་ནག་ཐིག་ཁྱབ་འདུག གཤོག་ཟུང་གཉིས་ན་བྱ་སྤུ་ཁྲ་བོ་བསྟར་ལ་བསྒྲིགས་ཤིང་། མཆུ་རྐང་སྡེར་དམར་འོག་གི་སྒྲོ་མདོག་ནི་རྒྱབ་གཞུང་གི་སྒྲོ་མདོག་དང་འདྲ་ཡང་། མཐའ་སྣེ་དཀར་བོ་ཡིན། ལྟོ་བའི་ལོགས་གཉིས་ན་བྱ་སྤུ་ཁྲ་བོ་བསྟར་ལ་བསྒྲིགས་ཤིང་། མཆུ་སྡེར་གཉིས་ཀ་མདོག་དམར་པོ་ཡིན།
ཁྱབ་ཡུལ།
མིག་སྔར་ཤེས་གསལ་ལྟར་ན། གོང་མོ་ལ་རིགས་ལྔ་ཡོད་པ་དང་། བོད་ཡུལ་ན་རིགས་གསུམ་ཡོད། རིགས་གཅིག་ནི་བོད་ལྗོངས་ཀྱི་ནུབ་བྱང་ན་གནས་ཤིང་། རིགས་གཅིག་ནི་བོད་ལྗོངས་ཀྱི་སྐྱིད་ལུང་དང་དིང་རི། རྒྱལ་རྩེ། རིན་སྤུངས། འདམ་གཞུང་། ལྷ་ས་བཅས་ན་གནས་འདུག ཡང་རིགས་གཅིག་ནི་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་བོད་ཁུལ་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
གོང་མོ་ནི་དུས་རྒྱུན་དུ་མཚོ་ངོས་ལས་སྨིས3500ནས་སྨིས4000ཡས་མས་ཀྱི་རྫ་མགོ་ན་གནས་འདུག རྫ་མདོག་དང་གོང་མོའི་སྤུ་མདོག་གཅིག་མཚུངས་ཡིན་པས་ཁྲ་གླག་སོགས་ཀྱིས་ཧ་ཅང་མཐོང་དཀའ། གོང་མོ་ནི་ཁྱུ་སྡོད་བྱས་ཏེ་འཚོ་བར་དགའ་སྟེ། ཕལ་ཆེར་གོང་མོ2ནས་གོང་མོ5རེ་ཁྱུ་གཅིག་བྱས་ནས་རྫ་མགོ་ན་གནས་འདུག གོང་མོ་ནི་ནགས་རྫུབས་དང་ཐ་ན་ཤིང་ཕྲན་གྱི་གསེང་དུའང་མི་འགྲོ། སྟོན་མཇུག་དང་དགུན་མགོར་གོང་མོ20ནས་གོང་མོ30རེ་ཁྱུ་བྱས་ཏེ་ས་དམའ་ས་སྟེ་རྫ་འདབས་ལ་གནས་སྤོ་བ་དང་། ཁ་ཟས་སུ་རྫ་རྩྭ་དང་འབུ་སོགས་ཟ་བ་ཡིན། སྐྱེ་འཕེལ་བྱེད་སྐབས་ནི་ལོ་རེའི་ཟླ5བ་ནས་ཟླ7པའི་བར་ཡིན། བྱ་ཚང་ནི་ངོས་གཟར་སའི་རྫ་རྡོའི་འོག་ན་གནས་འདུག ལོ་རེར་སྐྱེ་འཕེལ་ཐེངས1བྱེད་པ་དང་ཐེངས་རེར་བྱ་སྒོང6ནས7བཏང་སྟེ་རུམ་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
གོང་མོའི་ཤ་ནི་བོད་སྨན་དུ་འགྲོ་བ་དང་། ལུས་ཟུངས་གསོ་བྱེད་ཀྱི་བཅུད་རྫས་ཕུལ་དུ་བྱུང་བ་ཞིག་ཡིན་པས། བོད་ཁུལ་གྱི་དཔལ་འབྱོར་རིན་ཐང་ལྡན་པའི་རི་སྐྱེས་འདབ་ཆགས་ཀྱི་རིགས་ཤིག་ཡིན་པར་མ་ཟད། བོད་ཀྱི་རིག་གནས་གོམས་སྲོལ་དུའང་ལྷ་བྱ་ཡིན་ཞེས་མངོན་པར་བསྟོད་པ་ཡིན་ལ། བོད་ན་གྲགས་སྐད་ཆེ་བའི་རྩོམ་རིག་བརྩམས་ཆོས《བྱ་སྤྲེལ་གཏམ་རྒྱུད》དུའང་གོང་མོ་ནི་བློ་རིག་སྐྱེན་པོ་ཡིན་པའི་ཚུལ་དུ་བྲིས་འདུག
ད་ཡོད་གནས་བབ།
བོད་ལ་མཚོན་ན་གོང་མོ་ལ་ལྷ་བྱ་གོང་མོ་ཞེས་གནོད་པ་ཙམ་ཡང་མི་བསྐྱེལ་བས་ན། གོང་མོའི་ཁྱབ་རྒྱ་ཆེ་ཞིང་གྲངས་ཀའང་ཤིན་ཏུ་མང་། 1987ལོ་ནས1989ལོའི་བར་དུ་རྩད་ཞིབ་དཔག་རྩིས་བྱས་པ་ལྟར་ན། ད་སྔ་ད་དུང་ཁྲི20ལྷག་ཡོད་སྲིད། གོང་མོ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com