རྩྭ་ཐང་གི་ཉམས་ཞན་སླར་གསོ་བྱེད་ན་འབྲོག་དམངས་ལ་བརྟེན་དགོས།
རྩྭ་ཐང་གི་ཉམས་ཞན་སླར་གསོ་བྱེད་ན་འབྲོག་དམངས་ལ་བརྟེན་དགོས།
——མཛོད་དགེ་སོགས་ལ་སྐྱེ་ཁམས་སྲུང་སྐྱོང་དུ་ཕྱིན་པའི་བརྟག་ཞིབ་ཟིན་ཐོ།
འབུམ་བྱམས་རྒྱལ།
གླེང་གཞི།
མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ནི2006ལོར་མང་རྫོང་མགོ་མང་གྲོང་རྡལ་རྡོ་ར་གྲོང་ཚོའི་དོན་གྲུབ་རྒྱལ་གཙོ་བྱས་པའི་འབྲོག་པ་ལྷག་བསམ་ཅན་འགས་གསར་དུ་བཙུགས་པ་ཡིན་ལ། མཐུན་ཚོགས་འདི་བཙུགས་པ་ནས་བཟུང་། འབྲོག་པ་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྩེ་བ་དྲོན་པོ་ཡོངས་སུ་སྐུལ་སློང་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་ཀྱི་ལས་ལ་འཇུག་པ་བྱས་ནས། གྲོང་ཚོ་དང་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། སྲོག་ཆགས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ཆུ་ཁུངས་སྲུང་སྐྱོབ། བྱེ་འགོག་བྱེ་བཅོས། སྡོང་འཛུགས་ནགས་བསྐྲུན། གོམས་སྲོལ་བསྒྱུར་བཅོས། མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ། རྒྱལ་ལམ་བདེ་འཇགས་ཤར་རྒྱུག་ཐུབ་པ་ཁག་ཐེག རྒྱལ་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ། སྲིད་གཞུང་གི་བྱེད་སྒོ་ཆེན་པོའི་འཕྲོད་བསྟེན་འགན་སྲུང་དང་དེ་བཞིན་དུ་དང་བླངས་ཞབས་ཕྱི། ཁོར་ཡུག་སྲུང་སྐྱོབ་ཁྲིམས་སྲོལ་དང་སྲིད་ཇུས་སྒྲོག་འགྲེལ། ས་ནག་གྲམ་ཐང་བཅོས་སྐྱོང་། རི་སྒང་ལ་ལར་ཕྱུགས་ཟོག་འཚོ་སྐྱོང་འགོག་པ་སོགས་ཀྱི་ཐད་ལོ་ངོ་བཅུ་ལ་བརྩོན་པ་ཆུ་རྒྱུན་བཞིན་དུ་བསྟེན་ནས། མི་ཤུགས་དང་རྒྱུ་ཤུགས་འབོར་ཆེན་བཏོན་ཏེ། ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དང་སྔར་ལས་རྒྱ་བསྐྱེད་ཡོད་ཅིང་། མགོ་མང་གྲོང་རྡལ་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ལ་འགྲོ་བའི་འཕེལ་སྟངས་དེ་ནུས་གོ་ཆོད་པའི་བཀག་འགོག་བྱས་ཡོད་པས། སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་བླངས་ཡོད། མཐུན་ཚོགས་འདི་བཙུགས་པ་ནས་བཟུང་། ནང་གི་སྒྲིག་སྲོལ་ལམ་ལུགས་དང་སྒྲིག་གཞི་སོ་སོ་འཐུས་ཚང་ཡིན་ལ། ཕྱོགས་དང་ཁུལ་བགོས་ནས་ཁོར་ཡུག་སྲུང་སྐྱོབ་ལས་འགན་དོན་འཁྱོལ་དང་ལས་འགན་མི་རེ་རེའི་ཕྲག་ལ་བབས་བཅུག་པ་སོགས་ཀྱི་སྒྲིག་གཞི་ཕན་འབྲས་ཆེ་བའི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད། མཐུན་ཚོགས་ཀྱིས་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་སོ་སོར་ནང་ཞུགས་ཏེ། བརྩོན་སེམས་ཆེན་པོས་བྱེད་སྒོ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པའི་སྤུས་ལེགས་ཞབས་ཕྱི་མཁོ་འདོན་བྱས་དང་བྱེད་བཞིན་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གདེང་འཇོག་ཆེན་པོ་དང་ཁས་ལེན་གང་ལེགས་གནང་བ་རེད། དུས་ཡུན་རིང་བོར། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་བཅོས་སྐྱོང་མཐུན་ཚོགས་ཀྱི་འབྲོག་པ་མང་ཚོགས་ཀྱི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་འཕྲིན་དག་སྨྱན་སྦྱོར་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་ཞིང་ཆེན་ཕྱི་ནང་ཀུན་ལ་བརྒྱུད་སྒྲོག་བྱེད་བཞིན་ཡོད། ཞིང་ཆེན་ཕྱི་ནང་གི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་མང་པོས་ཀྱང་དཔེ་ལྟོས་དང་། ཡང་ན་འབྲེལ་འདྲིས་དང་ཉམས་མྱོང་བསྡུ་ལེན་བྱས་ཏེ། སྤྱི་ཚོགས་ལ་མིག་དཔེ་དང་དཔེ་སྟོན་རང་བཞིན་གྱི་ཕན་ཐོགས་ཡོད་པ་རེད། མིག་སྔར། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ལ་ཚོགས་མི་ཆིག་སྟོང་བརྒྱ་དང་ལྔ་བཅུ་ལྷག་ཡོད་ཅིང་། མི་གྲངས་མང་བའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་འཛུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། མཐུན་ཚོགས་ཀྱིས་བཀོལ་བཞིན་པའི་མ་དངུལ་ཆ་ཚང་མཐུན་ཚོགས་རང་གིས་གྲབས་གསོག་བྱས་པ་ཡིན་ལ། མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འགུལ་སྐྱོད་ཆ་ཚང་འོས་འགན་གཞན་ཕན་བྱེད་ལས་ཡིན། ༢༠༠༦ལོ་ནས་༢༠༡༦ལོའི་བར་དུ། མཐུན་ཚོགས་ཀྱི་འགྲོ་གྲོན་སོ་སོ་ཁྱོན་བསྡོམས་སྒོར་ས་ཡ་གཅིག་འབུམ་གསུམ་ཁྲི་བཞི་དགུ་སྟོང་བཞི་བརྒྱ་བཏང་། ཁོར་ཡུག་སྲུང་སྐྱོབ་རྒྱུན་འཁྱོངས་དང་ཡུན་རིང་བོར་སྤེལ་ཐུབ་པའི་ཕྱིར། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་ཁག་མཉམ་དུ་མཐུན་ཚོགས་ལ་ཞུགས་ནས་ལྷག་བསམ་རྣམ་དག་གིས་མཉམ་འབྲེལ་བྱེད་པར་དགོས་གལ་ཤིན་ཏུ་ཆེ། དེ་ཡང་གད་སྙིགས་གཙང་སེལ་གྱི་དུས་ཐོག་རིགས་བགར་ཐག་གཅོད་ལས་ཀའི་བརྒྱུད་རིམ་དང་དེ་ལ་ཆ་རྐྱེན་བསྐྲུན་པའི་ཐད་ཆེད་ལས་མི་སྣའི་མཛུབ་སྟོན་ཤིན་ཏུ་མཁོ་ལ། ས་ཁར་སྤུངས་པ་དང་ས་འོག་ལ་སྦས་པའི་གད་སྙིགས་ལས་ཡང་བསྐྱར་འབག་བཙོག་ཐོན་པ་ལ། རིགས་བགར་ནས་སླར་བསྡུ་བྱེད་སའི་གད་སྙིགས་ཐག་གཅོད་བཟོ་གྲྭ་ཞིག་བཟོ་བསྐྲུན་བྱེད་པའི་དགོས་གལ་ཤིན་ཏུ་ཆེ། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་ལོ་བཅུའི་ཁོར་ཡུག་སྲུབ་སྐྱོབ་བྱ་འགུལ་ཁྲོད་མང་ཚོགས་ལ་སྐུལ་སློང་དང་ལས་གཉེར་རྒྱ་བསྐྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་གསོག་ཉར་བྱས་པའི་དུས་མཚུངས་སུ། མུ་མཐུད་དུ་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། ཐབས་ལམ་གསར་བ་ལག་ལེན་བྱས་ཡོད་པས། དགའ་འོས་པའི་དྲན་ཤིང་ཡོད་ལ་ཡིད་ཆེས་ཀྱིས་ཁེངས་པའི་རེ་ལྟོས་ཀྱང་ཡོད། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་སྔར་མུས་བཞིན་ཁོར་ཡུག་གི་གནོན་ཤུགས་ཤིན་ཏུ་ཆེ་བའི་མ་འོངས་པར་ཁ་ཕྱོགས་ནས་མུ་མཐུད་དུ་རང་གི་ལས་འགན་ཕྲག་ཏུ་བླངས་ཏེ། མི་བུ་སྔར་ལས་མང་པོ་ལ་མཐུན་སྒྲིལ་དང་། འགྲོ་བ་ཡོངས་ཀྱི་བདེ་སྐྱིད་སེམས་ལ་ཉར་ནས། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་གསར་བ་བསྐྲུན་པ། འགྲོ་བ་ཡོངས་ལ་ཕན་བདེ་བསྐྲུན་པ། ལོ་རྒྱུས་ཀྱི་ལམ་སྣེ་གསར་བ་ནས་མཛེས་སྡུག་གི་མདུན་ལྗོངས་གསར་བ་ཞིག་གི་ཆེད་དུ། རང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན།ཕྱི་ལོ2017ལོའི་ཟླ9པའི་ཚེས12ཉིན།
ཞོགས་པའི་སྐྱ་རེངས་ཀྱི་འོད་མདངས་དེ་ས་གཞི་འཛིན་མའི་ཁྱོན་ལ་གསལ་གྱི་ལེར་མངོན་སྐབས་ང་ཚོ་གཅིག་སྒྲིལ་གཞུང་ལམ་སྟེང་ནས་དཔག་ཆེན་གྱིས་མདའ་འཕངས་པ་བཞིན་མདུན་ནས་མདུན་དུ་རྒྱུག་བཞིན་ཡོད། དུས་འདིར་མིག་ལམ་དུ་སྣང་བའི་གཡས་གཡོན་གྱི་རི་བོ་རྣམས་ནི་སྐྱེ་ཁམས་སྲུང་མཁན་གྱི་སོ་པ་ཇི་བཞིན་རང་རང་གི་གནས་ན་ཀྲོང་ངེར་འགྱིངས་འདུག་ལ། ད་དུང་བག་ཡངས་ངང་གནས་ཡོད་པའི་འབྲོག་ཁྱིམ་དེ་དག་ནི་ཁོར་ཡུག་སྲུང་མཁན་གྱི་དང་བླངས་པ་ཇི་བཞིན་རང་རང་གིས་ལས་ལ་འབད་འབུངས་བྱེད་བཞིན་ཡོད་པ་དང་ཀུན་ནས་མཚུངས་སོ། །རིམ་གྱིས་ཤར་ཡོང་བའི་ཉི་གཞོན་དེས་ཀྱང་སྐྱེ་འགྲོ་ཐམས་ཅད་ལ་ད་ལོངས་ཞེས་འབོད་སྐུལ་གཏོང་བ་དང་འདྲ་བར་ཡོད་ཚད་ཟང་ཟིང་ལང་ལོང་དུ་གྱུར་འདུག ང་ཚོ་རྨ་ལྷོ་རྩེ་ཁོག་ནས་སོག་རྫོང་དང་། དེ་ནས་གསེར་ལུང་ལ་ཐོན་སྐབས་གཡས་ཕྱོགས་ཀྱི་ཐག་མི་རིང་བའི་གནས་ན་བྲག་རི་མཐོན་པོ་རལ་གྲིའི་སོ་ཁ་བརྩེངས་པ་ལྟར་རྔམ་བརྗིད་དང་བཅས་འདུག་པ་དེ་ནི་ཀླུ་ཆབ་བྲག་ཅེས་པ་དེ་ཡིན་ལ། རི་རྒྱུད་འདི་ནི་བརླན་བཤེར་ས་ཁུལ་དང་མདོ་ལྷོའི(ཀན་ལྷོ)ཕྱོགས་སུ་འབབ་པའི་ཀླུ་ཆུའི་འགོ་ཁུངས་རེད། དེ་ནས་ཀླུ་ཆུའི་བཞུར་རྒྱུན་དེད་ནས་སོང་བ་ན་ཀླུ་ཆུ་རྫོང་ལ་ཐོན་པ་དང་དེ་ནས་ལྷོ་ཕྱོགས་སུ་སོང་མཐར་བྲག་རི་དང་ནགས་ཚལ་གྱི་དཀྱིལ་ན་གསེར་ཏོག་སེར་ལམ་མེར་དང་རྒྱལ་ཕིབས་བརྗིད་ཆགས་སེར་མཐོང་བའི་དགོན་སྡེ་དེ་ནི། སི་ཁྲོན་ཀིརྟི་དགོན་དང་མདོ་ལྷོའི་སྟག་ཚང་ལྷ་མོ་གྲོང་རྡལ་ཞེས་པ་དེ་རེད། གནས་འདི་ནི་སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམས་ཡིན་ལ། ད་དུང་བོད་ཀྱི་རྩྭ་ཐང་སྐྱེ་ཁམས་ཆེད་མཁས་པ་དབྲ་ཁྱུང་དཔལ་བཟང་ལགས་ཀྱི་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་ཡོད་སའང་རེད། ང་ཚོ་དེར་ཐོན་སྐབས་ཉིན་གུང་ཙམ་ཡིན་པ་དང་ཁོང་གི་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་སུ་ཕྱིན་ཏེ། ཆུ་ཚོད་གསུམ་ཙམ་གྱི་ཡུན་ལ་དབྲ་ཁྱུང་དཔལ་བཟང་ལགས་དང་སྐྱེ་ཁམས་ཐད་ཀྱི་བགྲོ་གླེང་སྣ་ཚོགས་ཤིག་བྱས་ཤིང་། ཁོང་གིས་ད་སྐབས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བྱ་གཞག་སྣ་ཚོགས་ཤིག་ལས་ཀྱིན་ཡོད་པ་ནི། འབྲོག་པ་དང་འབྲོག་པའི་འཚོ་བ་དེ་འཛམ་གླིང་སྟེང་ཤེས་ཐུབ་པའི་ཆེད་དུ་ཁོང་གི་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་སུ་ཕྱི་གླིང་བ་དང་རྒྱ་ནང་། བོད་ཁུལ་སོགས་ནས་སྐྱེ་ཁམས་རྟོབ་ཞིབ་པ་དང་སྐྱེ་ཁམས་ཆེད་མཁས་པ། སྐྱེ་ཁམས་རིག་པ་བ། སྐྱེ་ཁམས་ལ་རྒྱུས་ལོན་བྱེད་མཁན་སོགས་སྤྱི་ཚོགས་ལས་རིགས་སྟེང་གི་མི་སྣ་འདྲ་མིན་མང་པོ་ཞིག་ཡོང་ཞིང་། ལོ་འདི་དག་གི་ནང་དུ་ཁྱོན་བསྡོམས་ཚོགས་འདུ་ཐེངས་བརྒྱ་ཕྲག་ལྷག་འཚོགས་ཟིན་ལ། སྐྱེ་ཁམས་དང་འབྲོག་པའི་རིག་གནས་སོགས་འབྲེལ་བའི་གློག་བརྙན་ཡང་འགའ་རེའང་སྤྱི་ཚོགས་སྟེང་སྤེལ་ཡོད་པ་རེད། ཁོང་གིས་གསུང་རྒྱུར། གློག་བརྙན་ཀྱིས་འཛམ་བུ་གླིང་ལ་སྐད་ཆ་བཤད་ཐུབ་པ་དང་། དེ་ལས་འབྲོག་མིའི་སེམས་ཀྱི་སྡུག་བསྔལ་དང་ན་ཟུག སྙིང་སྟོབས། རིན་ཐང་སོགས་མཚོན་ངེས་ཡིན་པས། གློག་བརྙན་ནི་ད་ལྟའི་འབྲོག་པ་མང་ཚོགས་ལ་མཚོན་ན་གལ་འགངས་ཆེན་པོ་འདུག ད་ལྟ་འབྲོག་ཕྱོགས་ཀྱི་འཚོ་བ་མཚོན་པའི་གློག་བརྙན་རེ་འཁྲབ་ཐུབ་ན་མ་འོངས་པའི་དུས་དེར་ང་ཚོར་ཤིན་ཏུ་ནས་དགོས་མཁོ་ཆེན་པོ་འདུག་ཅེས་གསུངས་པ་དང་། ཉིན་དེའི་ཕྱི་དྲོར་ང་ཚོ་ཁོང་དང་ལྷན་ཏུ་སི་ཁྲོན་མཛོད་དགེ་རྩྭ་ཐང་ཆེན་མོར་ཆས། གནས་དེ་ནི་མུ་མཐའ་བྲལ་བའི་རྩྭ་ཐང་ཆེན་པོ་ཞིག་ཡིན་ལ། རྨ་ཆུ་དང་རྨེ་ཆུའི་འདྲེས་མཚམས་དེ་རྨ་རྨེ་འདྲེས་མདོ་ཞེས་གྲགས་ཤིང་། ཡུལ་དེ་ནི་དབྲ་ཁྱུང་དཔལ་བཟང་ལགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་ས་ཁུལ་ཡིན་ལ། ས་ཁུལ་དེ་ནས་བྱེ་འགོག་བྱེ་བཅོས་བྱས་པས་ད་ལྟ་ལྗང་མདོག་གི་ཁོར་ཡུག་ཅིག་ཏུ་སྣང་། དེར་ང་ཚོས་བྱེ་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་ཀྱི་གནས་ཚུལ་སྣ་ཚོགས་ཤིག་ཁོང་ལ་དྲིས་པ་དང་དབྲ་ཁྱུང་དཔལ་བཟང་ལགས་ཀྱིས། ཕ་ཡུལ་གྱི་ཉེན་ཁ་མ་ཤེས་ན་ངོ་མ་སྐྲག་ས་རེད། དེ་ན་ཕ་ཡུལ་གྱི་ཉེན་ཁའམ་རྩྭ་ཐང་གི་ཉམས་ཞན་སླར་གསོ་བྱེད་ན་འབྲོག་པ་མང་ཚོགས་དང་ནོར་ལུག་ལ་བརྟེན་དགོས་ཤིང་། འབྲོག་པ་དང་ནོར་ལུག རྩི་ཤིང་སོགས་ནི་གཅིག་ལ་གཅིག་བརྟེན་ཡིན་པ་དང་། དེ་དག་ནི་རྩྭ་ཐང་གི་ཚེ་སྲོག་ལྟ་བུ་རེད། རྩྭ་ཐང་མེད་ན་ནོར་ལུག་མེད་ལ། ནོར་ལུག་མེད་ན་འབྲོག་པ་མེད་ཅིང་། འབྲོག་པའི་རིག་གནས་ཡོད་ཚད་ཀྱང་མེད་པར་འགྱུར་འགྲོ་བ་རེད། དེ་ན་སླར་གསོ་འབྱུང་བཞིན་པའི་རྩྭ་ཐང་དུ་ནོར་ལུག་འོས་འཚམས་འཚོ་བ་ནི་ཡང་ཅིག་བཤད་ན་རྩྭ་ཐང་གི་སྲུང་སྐྱོང་ཞིག་ཀྱང་ཡིན། ཕྱུགས་འཚོ་ཚུལ་དེ་འདྲ་མུ་མཐུད་དུ་རྒྱུན་བསྐྱངས་ན་ལེགས་ཤིང་། རྩྭ་ཐང་གི་སྐྱེ་ཁམས་ནི་ནོར་ལུག་གི་ཁ་ཟས་དང་རྨིག་བརྫིས་ཁྲོད་སླར་ཡང་གསོན་ཤུགས་རྒྱས་བཞིན་གདའ། བཤད་ཚུལ་ལ་ལུད་ནི་ཕ་དང་ས་ནི་མ། དེའི་སྟེང་གི་སྐྱེ་དངོས་ཚང་མ་བུ་རབས་ཚ་རྒྱུད་ཡིན་ཞེས་པ་ལྟར་ང་ཚོས་མི་ལོ་བརྒྱད་ལྷག་ལ་འབད་བརྩོན་བྱས་པའི་འབྲས་བུ་འདི་འདྲ་རེད། ཅེས་གསུངས་སོང་།
ཕྱི་ལོ2017ལོའི་ཟླ9པའི་ཚེས13ཉིན།
ཉིན་དེའི་ཞོགས་པར་ང་ཚོ་མདོ་ལྷོའི་རྨ་ཆུ་རྫོང་ནས་མགོ་ལོག་གཅིག་སྒྲིལ་ཕྱོགས་ལ་ལམ་ཆས་བྱས། སྐབས་དེར་ཆར་བ་ཟམ་ཟིམ་རེ་འབབ་ཀྱིན་ཡོད་ལ། སྨུག་སྤྲིན་སྟུག་པོ་ཞིག་གིས་ཡོངས་སུ་བཏུམས་ཏེ་གནམ་ས་དབྱེར་མེད་གཞི་གཅིག་ཏུ་འདྲེས་འདུག དུས་ཚོད་ངེས་ཅན་ཞིག་ལ་སོང་མཐར་ལན་རེར་གཡའ་དག་པའི་ནམ་མཁའ་དང་དྭངས་གསལ་གྱི་ཆུ་ཕྲན། ད་དུང་མཚམས་རེར་མཐོ་ཞིང་བརྗིད་པའི་རྫ་རི་དང་གྲངས་འབོར་ཅན་གྱི་ནོར་ཁྱུ་སོགས་ཨེན་ཙམ་མཐོང་ཐུབ། ཉིན་གུང་སླེབས་ལ་ཉེ་དུས། གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་མཛེས་ལྗོངས་ལ་ཐོན་ཞིང་། ཐོག་མར་ང་ཚོས་ཡུལ་གྲུ་དེའི་ས་གཤིས་དང་སྐྱེ་ཁམས་ལ་རྟོག་ཞིབ་བྱས་པ་ཡིན། གནས་དེ་ན་རླུང་རྟ་གཙོར་གྱུར་པའི་གཏེར་ཁུག་སོགས་བཀག་སྡོམ་བྱས་ཡོད་ལ། ཡུལ་ལྗོངས་ཀྱི་མཛེས་པ་དང་སྐྱེ་དངོས་ཀྱི་གྲངས་འབོར་སོགས་ཧ་ཅང་མང་བས། ལྟ་སྐོར་བ་རྒྱ་བོད་མང་པོ་ཞིག་གི་སེམས་སུ་བཤད་དཀའ་བའི་སྤྲོ་སྣང་སྣ་ཚོགས་ངང་ངམ་ཤུགས་ཀྱིས་སྟེར་བ་རེད། ཕྱིར་རང་གི་ཕ་ཡུལ་དང་བསྡུར་ན་རང་བྱུང་སྐྱེ་ཁམས་འདི་ལ་ཁྱད་པར་ཆེན་པོ་འདུག་པས་ཇི་ལྟར་འགྲེལ་རྒྱག་དགོས་སམ། མཐོན་པོའི་རྫ་རི་དང་རྩི་ཤིང་གིས་བཏུམས་པའི་རི་ལུང་། མིང་མི་ཐོགས་པའི་མེ་ཏོག་སྣ་ཚོགས། གཡུ་ཞུན་ལྟར་འཁྱིལ་བའི་རང་བྱུང་མཚེའུ། ལྷུང་ལྷུང་དུ་འབབ་པའི་རྫ་ཆུ་བསིལ་མ། དྲི་བསུང་འཐུལ་བའི་སྨན་སྣ། སྟུག་ཅིང་རྫོབ་པའི་ནགས་ཚལ། འདི་དག་རེ་རེ་ལ་མཚར་སྡུག་གིས་བཅིངས་པའི་གཏམ་རྒྱུད་རེ་ཡོད་ལ། གཞན་ལས་ལྷག་པའི་རིན་ཐང་ཡང་ཆེན་པོ་རེ་ཡོད་སྲིད། དེ་ནས་ཕྱིར་ལམ་བསྙེགས་ཤིང་སྐོང་གསེར་ཁ་མདོ་ཞེས་པའི་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ཏུ་ས་པདྨ་འདབ་བརྒྱད་ཀྱི་དབྱིབས་ཆགས་འདུག་ལ། ཆུ་བཀྲ་ཤིས་རྟགས་བརྒྱད་ཅེས་གྱག་གྱོག་ཏུ་བཞུར་བའི་ཆུ་ཕྲན་སྣ་ཚོགས་ཤིག་དཔལ་བེའུ་དང་། པད་མ། གདུགས། དུང་། འཁོར་ལོ། རྒྱལ་མཚན། བུམ་པ། གསེར་ཉ་སོགས་ཀྱི་དབྱིབས་རེ་རེ་སྟོན་རྒྱུ་འདུག གནས་འདི་ནི་གདོད་མ་ནས་བརླན་གཤེར་ཆེ་བའི་ཡུལ་གྲུ་ཞིག་ཡིན་པ་སྨོས་མ་དགོས། འོན་ཀྱང་རྨ་ཆུའི་དབལ་བན་ཚང་ཞེས་པའི་གྲོང་ཚོ་དེ་དང་ཁད་ཉེ་བའི་ས་ན་སྤང་རི་ཞིག་ཡོད་ལ། རི་དེའི་སྟེང་ལ་ཤིང་སྐས་རིང་བོ་ཞིག་བཙུགས་འདུག་ལ། རྒྱ་རིགས་ཡུལ་སྐོར་མང་པོ་ཞིག་ཡོད་པ་དང་། ད་དུང་རི་སྟེང་དུ་ལ་ཙེ་དང་དར་ལྕོག བསང་ཁྲི་སོགས་ཡོད་ལ། ག་ས་གང་དུ་རླུང་རྟ་ཁ་བ་ལྟར་ཆགས་འདུག རླུང་རྟ་དེའི་འོག་ནས་སྐྱེ་དངོས་ཡོད་ཚད་ཤི་ནས་ས་ནག་ཏུ་གྱུར་འདུག ང་ཚོའི་སེམས་ཁམས་ཀྱང་ཅུང་མི་བདེ་བར་གྱུར་ནས་ས་དེའི་བདག་པོ་དཔལ་ལྡན་རྒྱ་མཚོ་ལ་སྐྱེ་ཁམས་ཉམས་ཞན་གྱི་རང་བཞིན་ངོ་སྤྲོད་བྱས་པ་ན། འབྲོག་པ་དེའང་ཡིད་འགུལ་ཐེབས་ཏེ་ང་ཚོ་དང་བསམ་བློ་བརྗེ་རེས་ཚུལ་དུ་ཁ་བརྡ་མང་པོ་བྱས། ཉིན་དེའི་ཕྱི་དྲོར། རྨ་ཆུ་རྫོང་དང་རྐྱང་ཐང་མཚོ་ངོགས་བརྒྱུད་དེ་མདོ་ལྷོ་ཐེ་བོའི་ཕྱོགས་སུ་བསྐྱོད། ས་སྲོས་ཀྱི་དུས་སུ་ཐེ་བོའི་ལུང་ཁོག་ཏུ་ཐོན་བྱུང་། གྱག་གྱོག་གི་གཞུང་ལམ་དེ་དང་གུ་དོག་པའི་ལུང་བ་དེ་དེད་ནས་དུས་ཡུན་ཅུང་རིང་བོ་ཞིག་ལ་སོང་། སྐབས་ཤིག་ཐེ་བོ་རྫོང་དུ་ཐོན་པ་དང་སའང་ཡོངས་སུ་རུབ་འདུགཕྱི་ལོ2017ལོའི་ཟླ9པའི་ཚེས14ཉིན།
གནམ་ལངས་སོང་། ང་ཚོ་མགྲོན་ཁང་དེ་ལས་དོན་ཏེ་བལྟས་པ་ན། ཐེ་བོ་རྫོང་ནི་ནགས་ཚལ་ཆེན་པོ་ཞིག་གི་དཀྱིལ་དུ་ཆགས་ཡོད་པ་དང་། མཐའ་སྐོར་གྱི་རི་སྒང་ཚང་མ་ནགས་ཀྱིས་བཟུང་ཡོད་པ་རེད། རྒྱང་རིང་བའི་ས་ཕྱོགས་ཤིག་ལ་ལྟ་འདོད་ཀྱང་ཅི་ཡང་མི་མཐོང་། ལྷག་པར་དུ་དེ་རིང་གི་གནམ་གཤིས་ནི་འདི་འདྲ་སྟེ། ཆར་བ་ཤག་ཤག་ཏུ་འབབ་ཀྱིན་ཡོད་ལ། ཕར་ཚུར་གྱི་ནགས་རི་དེ་དག་གི་རྩེ་མོ་སྨུག་སྤྲིན་གྱིས་བཏུམས་འདུག་པས་ཡུལ་ལྗོངས་ཧྲིལ་བོ་ཞིག་མཐོང་མི་ཐུབ་པར་འདུག ཡིན་ན་ཡང་ང་ཚོ་ལམ་དུ་ཆས་ནས་ཐེ་བོ་རྫོང་གི་བྲག་སྒམ་ནང་མཛེས་ལྗོངས་ས་ཁུལ་ཞེས་པའི་ཡུལ་དེར་སོང་། གློ་བུར་དུ་སྨུག་པ་སྟུག་པོ་ཞིག་གིས་བསྒྲིབས་ཏེ་ཅི་ཡང་མཐོང་དཀའ། ཡུད་ཙམ་ནས་སྨུག་པ་རིམ་གྱིས་དྭངས་པ་ན་ང་ཚོའི་མིག་མདུན་དུ་མངོན་པའི་ཡུལ་ལྗོངས་དེ་ནི་ལྗོན་ཤིང་གསོམ་པ་དང་ཤུག་པ། སྟག་པ་སོགས་ཤིང་རིགས་སྣ་ཚོགས་དང་མིང་མི་ཐོགས་པའི་ཤིང་ཕྲན་དང་རྩྭ་རྩི་ཤིང་གྲངས་ལས་འདས་པས་ཡོངས་སུ་བལྟམས་ཡོད་པའི་ནགས་ཚལ་ཆེན་པོའི་འཇིག་རྟེན་ཞིག་ཡིན་ལ། གནས་འདི་ནི་གདོད་མ་ནས་རང་བྱུང་ནགས་ཚལ་གྱིས་བཟུང་ཡོད་པར་བཤད་ལ། མུ་མཐའ་མེད་པའི་ནགས་ཀླུང་དང་བྲག་རི་སྣ་ཚོགས་ཀྱིས་བརྒྱན་པའི་ཡུལ་དེར་བལྟས་པ་ཙམ་གྱིས་ཧ་ལས་པ་ཞིག་འདུག ཉིན་འདིར་ཆར་བ་འབབ་པའི་རྣམ་པ་ནི་ལན་རེར་ཆར་བ་ཤག་ཤག་ཏུ་བབས་ཤིང་། མཚམས་རེར་སྨུག་པ་ལང་ལོང་དུ་རྒྱུ་བཞིན་ཡོད། ཡིན་ནའང་། གཡུ་མདངས་འཛིན་པའི་སྐྱེ་དངོས་ཡོད་ཚད་ཀྱང་སྣུམ་ཤིག་ཤིག་ཏུ་སྣང་བས་དགེ་བཅུ་འཛོམས་པའི་ཡུལ་ཞེས་པ་དེ་ནི་འདི་ལོས་ཡིན་འདོད་པའི་མྱོང་བ་ངང་ངམ་དུ་སྟེར་ངེས་རེད། ཡིན་ཡང་ཡུལ་གྲུ་འདིའི་ནགས་ཚལ་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ། ལམ་དོག་ས་འགའ་ན་རླངས་འཁོར་ཆེ་བོའི་རིགས་ལ་ཞིབ་བཤེར་བྱེད་སའི་ས་ཚིགས་ཀྱང་བཙུགས་ཡོད་པ་རེད། དེ་ལྟར་ང་ཚོ་ནགས་ཁྲོད་དེའི་ཁོར་ཡུག་དང་སྐྱེ་དངོས་ཐམས་ཅད་ལ་འདྲེན་བྱེད་དབང་པོས་ལོངས་སུ་སྤྱད་ཅིང་། ཐོས་འཛིན་དང་སྣོམ་བྱེད་ཀྱིས་རམ་འདེགས་འོག་ནས་དུས་ཚོད་ངེས་ཅན་ཞིག་འགོར་སོང་། དགོང་ཁར་ང་ཚོ་ཕྱིར་ཕ་ཡུལ་ལ་ལམ་ཆས་བྱེད་དགོས་བྱུང་། འོན་ཀྱང་། ཁོར་ཡུག་འདིའི་སྐྱེ་ཁམས་མཛེས་སྡུག་གི་བསླུ་བྲིད་འོག་ནས་ང་ཚོ་རེ་རེ་ཡི་འཁྲེང་སེམས་ཀྱི་ཕྱིར་མིག་འཕེན་བཞིན་གནས་དེ་དང་གྱེས།མཇུག་བསྡུ།
ད་ཐེངས་ང་ཚོ་སི་ཁྲོན་མཛོད་དགེ་དང་མདོ་ལྷོའི་རྨ་ཆུ། ཐེ་བོ་སོགས་སུ་སོང་བའི་མཐོང་ཐོས་རེག་གསུམ་གྱི་ཆ་ནས་ས་ཁུལ་གཉིས་གཤིབ་སྡུར་གྱི་ཚུལ་དུ་ཅུང་ཟད་བཤད་པར་བྱ་སྟེ། སི་ཁྲོན་མཛོད་དགེ་དང་མདོ་ལྷོ་རྨ་ཆུ་དང་ཐེ་བོ་སོགས་ན་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཀྱང་། ང་ཚོའི་མཐུན་ཚོགས་ལྟར་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་ཚོགས་པ་ཞིག་མི་འདུག ས་གཤིས་ཀྱི་ཐད་ནས་ཁོ་ཚོའི་ས་ཆ་དེ་ནི་བརླན་གཤེར་དང་ཆུ་མིག གཙང་པོ། སྤང་ཐང་། ནགས་ཚལ། རྩི་ཏོག་སོགས་ཀྱིས་ཁེངས་པའི་ཡུལ་གྲུ་སྣུམ་ཤིག་ཤིག་ཅིག་ཡིན་པ་ལས། ང་ཚོའི་ས་གཤིས་ལྟར་མཐའ་བྲལ་བའི་བྱེ་ཐང་ཆེན་པོ་དང་། སྐྱ་སོབ་སོབ་ཏུ་སྣང་བའི་རི་ལུང་ཐང་གསུམ། ད་དུང་རྫ་རི་ཐམས་ཅད་ཀྱང་ས་ནག་ཏུ་གྱུར་ཡོད་ས་གཅིག་ཀྱང་མི་མཐོང་བ་རེད། དྲིལ་སྒྲོག་གི་ཐད་ནས་དབྲ་ཁྱུང་དཔལ་བཟང་སོགས་ནི་ང་ཚོ་ལས་བཟང་ཞིང་། དེ་ནི་རང་རྒྱལ་ལས་བརྒལ་ཏེ་འཛམ་གླིང་ཡོངས་ལ་སྐྱེ་ཁམས་དང་འབྲོག་པའི་འཚོ་བའི་ཕྱོགས་ཀྱི་ཟིན་བྲིས་དང་གློག་བརྙན་འགྲེམ་སྤེལ་བྱེད་ཀྱིན་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com