
དཔལ་ཁ་གྲོང་རྡལ་གྱི་ཏང་ཡོན་རྣམས་ཀྱིས་སྤྲེལ་རྫོང་དགོན་པའི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་དཔལ་ཁ་གྲོང་རྡལ་གྱི་ཏང་ཡོན་ཡོངས་ཀྱིས“གཉིས་སློབ་གཅིག་བྱེད”དགོངས་དོན་ལག་བསྟར་བྱས་ཏེ། སྤྲེལ་རྫོང་དགོན་པའི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་ཞེས་པའི་འཕྲེད་བྱང་སྦྱར་ཞིང་རླངས་འཁོར70ལྷག་གོ་རིམ་ལྡན་པའི་ངང་སྤྲེལ་རྫོང་དགོན་པར་སོང་སྟེ་ཁོར་ཡུག་གཙང་སྦྲ་བྱེད་མགོ་ཚུགས། ཐེངས་འདིའི་བྱ་འགུལ་གྱི་ཁྲོད་དུ་གྲོང་རྡལ་གྱི་ལས་ཁུངས་དང་སྡེ་བ་ཡོངས་ཀྱི་ཏང་ཀྲི་པུའུ། དཔལ་ཁ་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་བཅས་ཀྱི་བསྡོམས་པས་ཏང་ཡོན383ཞུགས།

ཏང་ཡོན་རྣམས་ཀྱིས་གད་སྙིགས་གཙང་སེལ་བྱེད་བཞིན་པ།
བྱ་འགུལ་ཁྲོད་རིམ་པ་སོ་སོའི་ཏང་ཡོན་རྣམས་ཀྱིས་ཧུར་ཐག་གིས་བདག་པོའི་སྲོལ་བཟང་འདོན་སྤེལ་གང་ལེགས་དང་། ལྷག་པར་དུ་བཙོག་པ་དང་ངལ་བར་མ་འཛེམས་པར་དཀའ་སྤྱད་འབད་བརྩོན་དང་ཏན་ཏིག་སྒོས་ལེགས་སྒྲུབ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། གྲང་ངར་ཆེ་བའི་གནམ་ཟླའི་ཁྲོད་ཆུ་རྒྱུན་དང་ལུང་ཤུར། སྐོར་ལམ་སོགས་ཀྱི་གད་སྙིགས་གཙང་སེལ་བྱས། རྒྱ་ཆེའི་ཏང་ཡོན་རྣམ་པས་ཉིན་གཅིག་གི་འབད་བརྩོན་བྱས་པར་བརྟེན་སྔ་ཕྱི་བསྡོམས་པས་ཐོན་སྐྱེད་དང་འཚོ་བའི་གད་སྙིགས་སྣ་ཚོགས་ཏུན5ལྷག་གཙང་སེལ་བྱས།

ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཏང་ཡོན་རྣམས།
ཐེངས་འདིའི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བར་བརྟེན། སྤྲེལ་རྫོང་དགོན་པའི་ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲ་སྔར་ལས་ཇེ་ལེགས་སུ་བཏང་བ་དང་། གཙང་ཞིང་གྲ་འགྲིག་པོ་དང་མཇེས་སྡུག་དཔལ་ཡོན་གྱི་ཡུལ་ལྗོངས་ཁོར་ཡུག་བསྐྲུན་ཏེ་ལྗང་འགྱུར་དང་མཛེས་བཟོ། དྭངས་གཙང་བཅས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་རེད།