མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དྲེད་མོང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-02-05 09:17:00 ཀློག་གྲངས།:

མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དྲེད་མོང་།
དྲེད་མོང་།  棕熊   Brown Bear

གཟུགས་གཞིའི་ཁྱད་ཆོས།
     དྲེད་མོང་དར་མ་ཞིག་གི་གཟུགས་གཞིའི་རིང་ཚད་ལ་སྨིས1.8ཡས་མས་དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ180ཡས་མས་ཡོད། དྲེད་མོང་ནི་མགོ་ཆེ་ཞིང་མཆུ་རིང་བ། སོག་མགོ་མཐོ་ཞིང་རྒྱབ་ཞེང་ཆེ་བ། གདོང་ཞེང་ཆེ་ལ་རྔ་མ་ཐུང་བ་སུག་བཞི་སྦོམ་ཞིང་སྤར་ཁྱིམ་ཆེ་བ། སྤར་ཁྱིམ་རེར་སེན་མོ་ལྔ་རེ་ཡོད་པའི་གཅན་གཟན་གྱི་རིགས་ཤིག་ཡིན། དྲེད་མོང་གི་མིག་དང་མཆུ་མཐའི་སྤུ་མདོག་སྨུག་སྐྱ་ཡིན་པ་དང་། མ་མགལ་གྱི་སྤུ་མདོག་སྨུག་སེར་ཡིན། དྲེད་མོང་གི་རྐང་ལག་གི་ནང་ངོས་དང་གསུས་ཁུགས་ཀྱི་སྤུ་མདོག་ནག་སྨུག་ཡིན་ལ། དང་ག་ན་ཐིག་ལེ་དཀར་བོ་ཞིག་ཡོད།
ཁྱབ་ཡུལ།
     དྲེད་མོང་ནི་མདོ་དབུས་མཐོ་སྒང་གི་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ན་ཡོད་པར་མ་ཟད། རང་རྒྱལ་གྱི་ཧེ་ལུང་ཅང་དང་ཅིས་ལིན། ཀོས་ཀྲིག་སོགས་ནའང་ཡོད་དོ།།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     དྲེད་མོང་འཚོ་སྡོད་བྱེད་ས་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨིས3500ནས་སྨིས5000ཡོད་པའི་བར་ཡིན་ལ། ཕལ་ཆེར་ལུང་གྲོག་དང་ཉིན་ཕྱོགས་ཀྱི་རི་ངོས། ཆུ་འགྲམ་སོགས་ན་གནས་པར་མ་ཟད། ཟས་ཆུ་འཛོམས་ས་དང་སྡེ་འདབས་ཚོ་འདབས་ནའང་མཐོང་རྒྱུ་ཡོད།  འབྲོག་ས་ལ་ལར་དྲེད་མོང་ཕྱུགས་ཁྱུ་དང་སྦྲ་ཁྱིམ་དུ་བརྒྱུགས་པའི་གནས་ཚུལ་བཤད་རྒྱུ་ཡོད་ལ། སྤང་ངོས་དང་རི་ངོས་སུ་དྲེད་མོང་གིས་འཕྱི་ཁུང་བསློགས་པའི་བསློགས་ཤུལ་ཡང་མཐོང་རྒྱུ་ཡོད་དོ།། དྲེད་མོང་ཁེར་འགྲོ་བྱེད་པར་དགའ་ནའང་དྲེད་མོང་གཉིས་རེ་ཆབས་ཅིག་ཏུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཡང་མཐོང་རྒྱུ་ཡོད། དྲེད་མོང་གི་མིག་དབང་དང་རྣ་དབང་གི་ཚོར་བ་དེ་འདྲའི་མི་རྣོ་ནའང་སྣ་དབང་གི་ཚོར་བ་ཧ་ཅང་རྣོ། དྲེད་མོང་གི་རྐང་ལག་མི་མྱུར་བས་སོང་ན་དལ་ནའང་སྡོང་མགོར་འགོ་ཤེས་པ་དང་ཆུར་རྐྱལ་ཤེས་པ་ཡིན། དྲེད་མོང་ནི་ཟས་སྣ་ཚོགས་ཟ་བའི་གཅན་གཟན་གྱི་རིགས་ཤིག་ཡིན་མོད། རྒྱུན་ཟས་སུ་སྔོ་རྩྭ་དང་ཤིང་ཕྲན་གྱི་སྣེ་ལོ། གསོམ་འབྲུ། ཤིང་ཏོག་སྣ་ཚོགས་བཅས་ཟ་བར་མ་ཟད། ཨ་བྲ་དང་བྱ་སྒོང་། གྲོག་མ། སྦྲང་མ། སྦྲང་རྩི།  ཤ་མོ། འཕྱི་བ། ཉ། སྦལ་བ་སོགས་ཀྱང་ཟ་བ་ཡིན། དྲེད་མོང་ནི་དགུན་ཐོག་དགུན་ཉལ་སྟེག་པ་དང་། སྐྱེ་འཕེལ་བྱེད་སྐབས་མ་གཏོགས་ཕོ་དྲེད་དང་མོ་དྲེད་རང་རང་གི་ས་རུ་འཚོ་སྡོད་བྱེད་པ་ཡིན། སྐྱེ་འཕེལ་བྱེད་སྐབས་ནི་ལོ་རེའི་ཟླ5བ་ནས་ཟླ6པའི་བར་ཡིན་ལ། མངལ་སྦྲུམ་ཡུན་ཟླ7ནས་ཟླ8ཡིན་པ་དང་། བཙའ་ཐེངས་རེར་ཕྲུ་གུ1ནས2བཙའ་བ་ཡིན་མོད། ཕྲུ་གུ3ནས4བཙའ་བའི་གནས་ཚུལ་ཡང་མཐོང་རྒྱུ་ཡོད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     དྲེད་མོང་གི་དཔལ་འབྱོར་རིན་ཐང་ཧ་ཅང་མཐོ་སྟེ། དྲེད་མཁྲིས་ནི་སྨན་སྣ་རྩ་ཆེན་ཞིག་ཡིན་པར་མ་ཟད། དྲེད་ལྤགས་ཀྱང་པགས་རིགས་ཧ་ཅང་དཀོན་པོ་ཞིག་ཡིན། དྲེད་མོང་ནི་བོད་ཀྱི་བྱིས་པའི་རྩོམ་རིག་ཁྲོད་ཀྱི་ཨ་མ་དྲེད་མོང་དང་དྲེད་ཕྲུག་རྒྱ་རིས་ཞེས་པའི་སྣང་བརྙན་གཉིས་ཡིན་ལ། སྣང་བརྙན་དེ་གཉི་ག་མི་ཤེས་པའི་བྱིས་པ་ནི་ཕལ་ཆེར་ཡོད་མི་སྲིད།
ད་ཡོད་གནས་བབ།
     སྤྱིར་མདོ་དབུས་མཐོ་སྒང་ནི་དྲེད་མོང་གི་ཕ་ས་ཕ་ཡུལ་ཡིན་པ་དང་། ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་དུ་འབྲོག་ས་ན་དྲེད་མོང་ཤིན་ཏུ་མང་མོད། ཧེབ་ཀྱི་རྐྱལ་བ་གང་རྒྱུ་མེད་པའི་མི་དག་གིས་དྲེད་མོང་གི་མཁྲིས་པ་དང་དྲེད་མོང་གི་སྤར་ཁྱིམ།  དྲེད་མོང་གི་པགས་པ་བཅས་དངུལ་ལ་བརྗེ་བའི་ཆེད་དུ་དྲེད་མོང་ཆེ་ཆུང་གང་རུང་གསོད་དྲགས་པས། ད་སྔ་མདོ་དབུས་མཐོ་སྒང་ན་དྲེད་མོང་ཆིག་ཁྲི་ཡས་མས་ལས་མེད་པས་ན། རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།
     ང་ཚོ་བོད་མི་རིགས་ནི་བྱམས་དང་སྙིང་རྗེ་ཆེ་ཞིང་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་མི་རིགས་ཤིག་ཡིན་པས། ནམ་ཡང་མར་གྱུར་སེམས་ཅན་ཐམས་ཅད་ལ་བདེ་བ་འཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་དོན་ཐོག་ལ་འབབ་དུ་བཅུག་པའི་དབང་གིས་རང་མི་རིགས་གནས་སའི་མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཐམས་ཅད་ཀྱི་ཤུལ་ཆད་དུ་བཅུག་མ་མྱོང་། ད་ལྟ་གནའ་མིར་སློབ་སྦྱོང་བྱས་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་དེ་དུས་ཀྱི་དབང་གིས་ང་ཚོའི་ཕྲག་ཏུ་བབས་ཡོད་པས། ང་ཚོས་དུས་ནམ་ཡང་མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རྣམས་ཡ་ཐོད་ཀྱི་མིག་དང་ཡ་ཆུང་གི་སྙིང་བཞིན་དུ་སྲུང་སྐྱོབ་བྱེད་དགོས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།