ཤི་ཤ་ཟོས་ནས་ཁོར་ཡུག་གཙང་སྦྲ་བྱེད་པའི་རི་སྐྱེས་སྲོག་ཆགས་སེ་གོ་དིང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-16 10:29:00 ཀློག་གྲངས།:

ཤི་ཤ་ཟོས་ནས་ཁོར་ཡུག་གཙང་སྦྲ་བྱེད་པའི་རི་སྐྱེས་སྲོག་ཆགས་སེ་གོ་དིང་།

སེ་གོ་དིང་།  秃鹫 Cinereous Vulture

གཟུགས་གཞིའི་ཁྱད་ཆོས།
    སེ་གོ་དིང་གི་གཟུགས་ཀྱི་རིང་ཚད་ལ་ལི་སྨིས100ནས་ལི་སྨིས110ཡོད་པ་དང་། ལུས་ཡོངས་ཀྱི་སྤུ་མདོག་ནག་པོའམ་ཁམ་ནག་ཡིན། མགོ་ཡི་ཁག་ཅིག་ནི་གཅེར་བུ་ཡིན་ལ། གཅེར་བུ་ཡིན་སའི་ཞེང་ཚད་ཅུང་ཆེ། སྤྱི་གཙུག་ཐུང་ཞིང་ཕྱི་ལྟག་རིང་བ་ཡིན། སྤྱི་གཙུག་དང་སྐེ་རྩ། ངོ་གདོང་བཅས་སུ་གོས་སྐུད་ནག་པོ་ལྟ་བུའི་སྒྲོ་སྤུ་ཁྱབ་འདུག སྐེ་མཇིང་དམར་རྗེན་དང་ཤ་མདངས་དམར་སྐྱ་ཡིན། དེའི་མཐའ་ན་ལུས་རྒྱབ་དང་འབྲེལ་ཡོད་པའི་སྒྲོ་སྤུ་ནག་པོ་ཁྱབ་འདུག  གཤོག་སྒྲོའི་ཞེང་ཚད་ཆེ་བ་དང་དཀར་ཐིག་མེད། རྔ་སྒྲོ་ནི་ཕུར་བའི་དབྱིབས་དང་ཅུང་འདྲ། ཁོག་སྨད་ནག་པོ་ཡིན། སུག་སྡེར་ནི་དཀར་སྐྱ་ཡིན་པ་དང་སེན་མོ་ནག་པོ་ཡིན། སེ་གོ་དིང་ནི་ཕོ་བྱ་མོ་བྱ་གང་ཡིན་རུང་གཟུགས་གཞིའི་ཁྱད་ཆོས་གཅིག་མཚུངས་ཡིན། སེ་གོ་དིང་གི་བྱ་ཕྲུག་གི་སྤུ་མདོག་ནི་དཀར་སྐྱ་སེར་ཞད་འདྲེས་པ་ཞིག་ཡིན།
ཁྱབ་ཡུལ།
    སེ་གོ་དིང་མདོ་དབུས་མཐོ་སྒང་ན་གནས་པར་མ་ཟད། རང་རྒྱལ་གྱི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས། ནང་སོག་རང་སྐྱོང་ལྗོངས་བཅས་ནའང་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
    སེ་གོ་དིང་ནི་མཐོང་རྒྱ་ཆེ་སའི་ཐང་ཡངས་ན་ཁེར་འཕུར་བྱེད་པ་ཡིན།  སེ་གོ་དིང་གི་གཟུགས་གཞི་ཆེ་ཞིང་སྤུ་མདོག་ནག་པོ་ཡིན་པས་ངོས་འཛིན་པ་ཧ་ཅང་སླ། དུས་རྒྱུན་དུ་ས་སྟོང་ན་བྱ་རྒོད་གཞན་དག་དང་མཉམ་དུ་རྟ་རོ་སོགས་ཟ་བཞིན་པ་མཐོང་ཐུབ། ཟླ3པ་ནས་ཟླ4བའི་བར་ནི་སེ་གོ་དིང་གིས་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན། གོ་ཚང་ནི་ལྗོན་ཤིང་ཆེན་པོའི་རྩེ་མོ་དང་བྲག་ངོས་མཐོན་པོའི་བྲག་ཁུང་དུ་བཅོས་ཡོད། ལོ་རེར་བྱ་སྒོང་གཅིག་བཏང་ནས་རུམ་པ་དང་། སྒོ་ངའི་སྟེང་ན་ཁྲ་ཐིག་དམར་སྨུག་མངོན་འདུག
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
    སེ་གོ་དིང་གིས་ཤི་ཤ་ཟོས་ནས་ཁོར་ཡུག་གཙང་སྦྲ་བྱེད་པར་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།
ད་ཡོད་གནས་བབ།
    བོད་མི་རིགས་ནི་ཆོས་དད་མི་རིགས་ཤིག་ཡིན་པས། སེ་གོ་དིང་ལྟ་བུའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་པ་ཧ་ཅང་བཟང་། སེ་གོ་དིང་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།