གྲོང་སྡེའི་གད་སྙིགས་མེ་བསྲེག་བཏང་བའི་སྐོར་གྱི་སྙན་ཞུ་མདོར་བསྡུས།
མང་གྲོང་ཡུལ་ཚོའི་ཕོ་རྒོད་དམངས་ཕན་མཉམ་ལས་སྡེ་ཁག་དང་བུད་མེད་མཉམ་ལས་རུ་ཁག་གཉིས་ཀྱི་
རྩ་འཛུགས་འོག་གྲོང་སྡེའི་གད་སྙིགས་མེ་བསྲེག་བཏང་བའི་སྐོར་གྱི་སྙན་ཞུ་མདོར་བསྡུས།
གནས་ཚུལ་མཁོ་འདོན་མཁན། རྒན་ཡོན་ཆབ།
ས་གནས། ཡུལ་ཤུལ་ནང་ཆེན་རྫོང་མང་གྲོང་ཤིང་ཕྱེའོ་སྡེ་བ་དང་མ་ཡོས་སྡེ་བ།
སྤྱིའི་གནས་ཚུལ་གནད་བསྡུས།
མང་གྲོང་ཕོ་རྒོད་དམངས་ཕན་མཉམ་ལས་ཚོགས་པའི་ཚོགས་གཙོ་དང་། མང་གྲོང་བུད་མེད་མཉམ་ལས་ཚོགས་པའི་འགན་འཛིན་རྒན་ཡོན་ཆབ་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལོའི་སྤྱི་ཟླ4པའི་ཚེས3ཉིན་མང་གྲོང་ཡུལ་ཚོས་རྩ་འཛུགས་འོག་གྲོང་སྡེའི་ནང་རྟ་རྒྱུག་དུས་ཆེན་ཞིག་ཚོགས་འཆར་འདུག་པས། ཕྱི་ནང་གི་སྐུ་མགྲོན་དང་འགྲན་ཞུགས་མི་སྣ་མང་པོ་རྟ་རྒྱུག་དུས་ཆེན་ལ་མ་སླེབས་སྔོན་གྲོང་སྡེའི་ཁོར་ཡུག་དང་ཉེ་འཁོར་གྱི་རི་ཆུ་གཙོས་པའི་རི་ཁྱིམ་ཁང་གསུམ་ལ་དྭངས་གཙང་ཡིད་འོང་གི་ཁོར་ཡུག་ཅིག་སྐྲུན་ཆེད་དང་། ལྷག་པར་དུ་ནམ་ཟླའི་དྲོད་ཚད་ཇེ་མཐོར་མ་སོང་སྔོན་གད་སྙིགས་མེ་བསྲེག་བྱེད་པ་ནི་དོན་སྙིང་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག དེ་མིན་དུས་སྐབས་དེར་ས་འབུ་དང་གནམ་འབུ་སོགས་ཉུང་བས་ཚེ་སྲོགས་ལ་གནོད་འཚེ་དེ་ལྟར་ཆུང་བས་གད་སྙིགས་མེ་བསྲེགས་ཀྱི་དུས་ཚོད་འཚམ་ཤོས་དང་རན་ཤོས་ཡིན་པའི་སྟབས་དང་བསྟུན་ནས། མང་གྲོང་ཕོ་རྒོད་དམངས་ཕན་མཉམ་ལས་སྡེ་ཁག་དང་མང་གྲོང་བུད་མེད་མཉམ་ལས་རུ་ཁག་གཉིས་ཀྱིས་ཉིན་ཞགས་ཧྲིལ་པོ་གསུམ་གྱི་རིང་ལ་གད་སྙིགས་བསྡུ་རུབ་དང་མེ་བསྲེག་བྱ་བར་འབད་བརྩོན་བྱས་ཤིང་ལེགས་འགྲུབ་བྱུང་བའི་གནས་ཚུལ་མཁོ་འདོན་བྱུང་།
ལག་བསྟར་གྱི་བརྒྱུད་རིམ།
དེ་ཡང་སྤྱི་ཟླ3པའི་ཚེས27ཉིན་ནས་ཚེས29བར་ཉིན་གསུམ་གྱི་རིང་ལ་གྲོང་སྡེའི་ནང་ཁུལ་གྱི་གད་སྙིགས་བསྡུས་རུབ་དང་། ཉེ་འཁོར་གྱི་རི་ཆུ་གཙོས་པའི་གྲོང་སྡེའི་གཡས་གཡོན་དང་། ལྷག་པར་དུ་གྲོང་མི་ཚོས་ལོངས་སུ་སྤྱོད་བཞིན་པའི་གཞུང་ཆུ་གཙང་སེལ་བྱས་ཤིང་གད་སྙིགས་ཚོ་དང་ཚོ་བྱས་ནས་གད་སྙིགས་སྲེག་ཡུལ་ལ་བསྐྱལ་འདྲེན་བྱས།
ཞར་དང་ཞོར་ནས་སྡེ་མི་ཚོར་གད་སྙིགས་ཀྱི་གནོད་སྐྱོན་དང་ཁོར་སྲུང་གི་དགེ་ཕན་སོགས་སྟབས་བདེའི་བརྒྱུད་རིམ་ངོ་སྤྲོད་གང་ཐུབ་བྱས། སྡེ་མི་འགའ་ཤས་ཀྱིས་མ་སྐུལ་དང་བླང་གིས་རང་ཁྱིམ་ཕྱི་ནང་གི་གད་སྙིགས་བསྡུ་རུབ་བྱས་ཏེ་གད་སྙིགས་སྲེག་ཁང་དུ་བསྐྱལ།
དེ་རིང་སྟེ་ཟླ3པའི་ཚེས30ཉིན་གྱི་སྔ་དྲོར་གད་སྙིགས་དངོས་སུ་མེ་བསྲེག་བཏང་ཞིང་གད་སྙིགས་མེ་སྲེག་བྱ་བའི་ལས་ཚན་ཡོངས་སུ་ལེགས་འགྲུབ་བྱུང་བ་མ་ཟད། ལག་བསྟར་མི་སྣ་དང་ས་གནས་མང་ཚོགས་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
ཚོགས་མི་སོ་སོས་རང་འགུལ་གྱིས་སྒེར་འཁོར་འཁོར་འཕྲིན་དང་རླངས་འཁོར་ཆུང་བ་དྲུག་བསྐོར་ནས་གད་སྙིགས་བསྡུ་བསྐྱལ་བྱས། མ་ཟད་འདྲུད་འཐེན་རླངས་འཁོར་གཅིག་གླས་ཏེ་རླན་ཚད་ཅན་གྱི་གད་སྙིགས་རིགས་བསྡུ་བསྐྱལ་བྱས།
ཐེངས་འདིའི་གད་སྙིགས་མེ་བསྲེག་བྱ་བར་མཉམ་ཞུགས་མཁན་དང་ཕན་ཐོགས་བྱུང་ཡུལ་གྱི་སྡེ་མང་།
མང་གྲོང་གྲོང་སྡེའི་གད་སྙིགས་མེ་བསྲེག་བྱ་བའི་བྱ་འགུལ་གྱི་རྩ་འཛུགས་མཁན་ནི་མང་གྲོང་ཡུལ་ཚོའི་ཕོ་རྒོད་དམངས་ཕན་མཉམ་ལས་སྡེ་ཁག་དང་། མང་གྲོང་བུད་མེད་མཉམ་ལས་རུ་ཁག་གཉིས་དང་། ཚོགས་མི་སོ་སོའི་ཁྱིམ་མིས་གཙོ་སྒྲུབ་བྱས་ཤིང་། རྩ་འཛུགས་མི་སྣ40ལྷག་གིས་གྲུབ་པའི་རྩ་འཛུགས་ཆུང་ཆུང་ཞིག་ཡིན་ཡང་གྲོང་སྡེའི་ནང་ཁུལ་དུ་ནུས་ཤུགས་ཅུང་ཐོན་ཡོད། ལྷག་པར་དུ་གྲོང་མི་ཕན་ཚུན་དང་གྲོང་སྡེ་ཕན་ཚུན་བར་ལ་སྐུལ་སློང་ཆེན་པོ་བསླང་ཡོད།
ད་ཐེངས་ཀྱི་གད་སྙིགས་མེ་བསྲེག་བྱ་བའི་བྱ་འགུལ་འདིས་སྤྱི་ཁྱོན་གྱི་ཕན་འབྲས་བྱུང་ཡུལ་ནི་རུ་ཆེན་གཉིས་དང་ཉེ་འཁོར་གྱི་རི་ཆུ་ནགས་གསུམ་གཙོས་པའི་གཞིས་སྡོད་ཀྱི་དུད་ཚང380ལྷག་དང་། དགོན་པའི་གྲྭ་མང་དང་བཤད་གྲྭ་བ་བཅས་མི་གྲངས་སྟོང་ལྷག་ལ་ཕན་འབྲས་བྱུང་ཡོད།
དཀའ་ངལ་དང་གདོང་ལེན།
སྤྱིའི་ཆ་ནས་བཤད་ན། ཚོགས་མི་སོ་སོས་རང་མོས་ཀྱིས་བྱ་འགུལ་ལ་ཞུགས་ཡོད་པས།དམིགས་བསལ་གྱི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེན་པོ་མེད་ཀྱང་གད་སྙིགས་ཀྱི་རིགས་ཚང་མ་མཉམ་དུ་བསྲེས་ཡོད་པས། སྐྱེལ་འདྲེན་བྱེད་སྐབས་དང་མེ་བསྲེག་གཏོང་བའི་སྐབས་ལ་དཀའ་ཁག་ཅུང་འཕྲད་སོང་། དེ་ཡང་མེ་རུ་འཚིག་དཀའ་བ་དང་སྐྱེལ་འདྲེན་སྐབས་འཁོར་རིགས་བཙོག་པོར་བཟོས་བ་བཅས་སྟབས་མ་བདེ་བ་ཅུང་བྱུང་སོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com