ཨ་བྲའི་མགོ་ལ་རྩྭ་་ས་ཞན་འགྱུར་གྱི་ཞྭ་ནག་བསྐོན་པ།

རྩོམ་པ་པོ།:འབྲོག་སའི་རྩྭ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-19 11:21:00 ཀློག་གྲངས།:
     སྲིད་གཞུང་གིས་སྐྱེ་ཁམས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ལ་དུས་རྒྱུན་དུ་ཕྱོགས་གཉིས་ཀྱི་ཆ་ནས་གོ་བ་ལེན་ནོར་ཡོད་སྲིད་དེ། ཁོ་ཚོའི་སེམས་ལ་ཁོར་སྲུང་གི་ལས་ཀ་ནི་སྟབས་བདེ་མོ་དང་། བརྒྱུད་རིམ་ལའང་རྙོག་འཛིང་དང་བར་ཆད་མེད་པ། ད་རུང་གྲུབ་འབྲས་ནི་འབྱུང་སླ་བ་དང་ཁ་གསལ་མངོན་གྱུར་ཡིན་པ་འཁོར་བཞིན་ཡོད་དེ། ཡིན་ན་ཡང་། རྩྭ་ས་ཞན་འགྱུར་གྱི་རྒྱུ་མཚན་གཙོ་བོ་གང་ཞིག་ཡིན་པ་དེ་ལ་རྙོག་འཛིང་ཆེན་པོ་འདུག ཕྱི་ནང་རྒྱུ་རྐྱེན་གང་མང་མང་ཞིག་གིས་ཕན་ཚུན་བར་གྱི་འབྲེལ་ཤུགས་ལས་བྱུང་བ་ཡིན་པས། ཁ་གསལ་བོར་འདི་རེད་ཟེར་བ་ཞིག་ར་སྤྲོད་བྱེད་ཐུབ་དཀའ་མོ་ཡིན།
     དེ་བས་ཨ་བྲ་མང་ན་རྩྭ་ས་ཞན། རྩྭ་ས་ཞན་ན་ཨ་བྲ་གསོད། ཨ་བྲ་ཉུང་ན་རྩྭ་ས་བཟང་ཞེས་པའི་གོ་སླའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་རྒྱུན་ཤེས་ལྟ་བུར་ཆགས།དེས་རྩྭ་ས་ཞན་འགྱུར་གྱི་འབྱུང་རྐྱེན་གཙོ་བོ་དེ་ཐད་ཀར་ཨ་བྲ་ལ་ཁུངས་གཏུགས་པ་ན། སྲུང་སྐྱོང་ལས་ཀའི་དམིགས་འབྲས་ཀྱང་ཚོད་དཔག་བྱེད་སླ་མོར་གྱུར།
     ཚན་རིག་རྒྱུན་ཤེས་དབེན་པ་ལས་རྩྭ་གཟན་དོང་ཉལ་གྱིས་ཨ་བྲ་ལ་ཉེས་ཅན་གྱི་ཞྭ་ནག་བསྐོན་པས་ཁོ་ཅི་བྱ་གཏོལ་མེད་དུ་གནས། ད་དུང་ཁ་བརྡ་གོ་སྤྲོད་ཀྱིས་དབང་ཆ་རྩོད་ལེན་མི་ཕོབ་པའི་འབྲོག་པ་ཚོ་ལའང་རྒྱུན་པར་ཕྱུགས་ཟོག་མང་ལ་དྲགས་པའི་ཞྭ་ཞིག་ཀྱང་ཐོབ་ཡོད།
ཨ་བྲ་ནི་ས་གནས་ནོར་སྲིད་ཀྱི་གཡང་འབོད་བྱེད་ཆས་སུ་གྱུར།
     དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་མགོ་ཚུགས་ཏེ་གཙང་གསུམ་འབྱུང་ཡུལ་གྱི་ཕྱོགས་ལ་ཨ་བྲ་རྩ་མེད་གཏོང་རྒྱུ་སྐོར་གྱི་སྲིད་ཇུས་ལག་བསྟར་བྱེད་མགོ་ཚུགས། 2005ལོར་གཙང་གསུམ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་བསྐྲུན་གྱི་ལས་གཞི་འགོ་རྩོམ་སྐབས། ཨ་བྲའི་གནོད་སྐྱོན་འགོག་སེལ་གྱི་ལས་ཀ་ནི་སྐྱེ་ཁམས་ལས་གཞི་ཀྱི་གྲུབ་བྱེད་གཙོ་བོར་གྱུར་ཡོད།
     གཙང་གསུམ་འབྱུང་ཡུལ་གྱི་ཐེངས་དང་པོའི་ལས་ཀའི་མ་ལག་གི་ལས་གཞི26ཡོངས་ལ་བཏང་པའི་སྒོར་མོ་དུང་ཕྱུར75ནང་ནས། ཨ་བྲའི་གནོད་སྐྱོན་འགོག་སེལ་གྱི་ལས་ཀའི་ཐད་ལ་སྒོར་མོ་དུང་ཕྱུར1.57ཙམ་ཟིན། དེ་ནི་ལྕགས་ར་དང་། གཟན་རྩྭའི་ཁ་སྣོན། སྐྱེ་ཁམས་གནས་སྤོ་ཕར་བཞག་རྗེས་ཀྱི་ལས་གཞི་གཙོ་བོ་ཞིག་ཡིན་ལ། དེས་རྩྭ་སའི་ཁ་རྒྱ་རྨོ་ཁྲི3138.13ཁེབས་ཡོད། དེ་ནི་སྤྱི་ལེ་གྲུ་བཞི་མ་ཁྲི2ཙམ་སྟེ། ཧྲམ་ཧེ་གྲོང་ཁྱེར3ཚད་ཀྱི་རྒྱ་ཁྱོན་ཡིན། གལ་ཏེ་དེའི་ཐོག་ཏུ་ཞིང་འབྲོག་ལས་ཁུངས་ཁག་གི་ཆེད་ལས་མ་དངུལ་ཁ་སྣོན་བྱས་རྗེས། འདས་ཟིན་པའི་ལོ་ངོ་8་ཀྱི་ནང་དུ། གཙང་གསུམ་འབྱུང་ཡུལ་དུ་ཨ་བྲ་གསོད་བྱེད་ཀྱི་མ་དངུལ་ཕལ་ཆེར་སྒོར་མོ་དུང་ཕྱིར2ཙམ་བཏང་ཟིན་པ་རེད། ཡུལ་ཤུལ་རྫོང་གཅིག་པུ་ལ་ཆག་བཞག་ན། 2008ལོར་ཨ་བྲའི་གནོད་སྐྱོན་འགོག་སེལ་ཐད་ལ་སྒོར་མོ་ཁྲི302.3བཏང་ལ། དེ་ལས་བཟོ་སྐྲུན་ཐད་ཀྱི་འགྲོ་སོང་ནི་སྒོར་མོ་ཁྲི281.14དང་། དེ་མིན་གྱི་འགྲོ་སོང་ནི་སྒོར་མོ་ཁྲི21.16ཡིན། དེའི་འགྲོ་གྲོན་ཚང་མ་ནི་ཀྲུང་དབྱངས་ཀྱི་ཆེད་ལས་མ་དངུལ་རྐྱང་རྐྱང་ཡིན། ཡིན་ན་ཡང་། 2008ལོར་ཡུལ་ཤུལ་རྫོང་ཡོངས་ཀྱི་སྡོད་དམངས་ཐོན་སྐྱེད་སྤྱི་ཚད་ནི་ཕལ་ཆེར་སྒོར་མོ་དུང་ཕྱུར4ཙམ་ཡིན་པས། དེའི་ན་ཨ་བྲའི་གནོད་སྐྱོན་འགོག་སེལ་ཐད་ཀྱི་འགྲོ་སོང་གིས་རྫོང་ཡོངས་ཀྱི་རྒྱལ་དམངས་ཐོན་སྐྱེད་སྤྱི་ཚད་ཀྱི་བརྒྱ་ཆའི1ཡིན།
     རྩྭ་ས་ཞན་འགྱུར་འགྲོ་རྐྱེན་ནི་ཨ་བྲ་རེད་ཅེས་པའི་རྒྱུན་ཤེས་ལོག་ལྟ་འདིས་ས་གནས་སྲིད་གཞུང་ལ་དེའི་ཚད་ཀྱི་ལས་སླ་མོའི་སྒོ་ནས་ནོར་སྲིད་ཆེད་ལས་མ་དངུལ་རག་ཐབས་ཐོན་བཞིན་ཡོད་པས། ཨ་བྲ་ནི་ས་གནས་སྲིད་གཞུང་གི་གཡང་འབོད་བྱེད་ཆས་དུ་གྱུར།
ཨ་བྲ་ནི་ཀྲུང་དབྱངས་སྲིད་གཞུང་གི་དགེ་རྩ་སྒྲུབ་བྱེད་དུ་གྱུར
     2005ལོའི་ཟླ1པོའི་ཚེས1ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྲོག་ལས་ཀྱི་ཁྲལ་བསྡུ་རུབ་བྱེད་མཚམས་བཞག་ལ། དེའི་ལོ་ནས་མགོ་བརྩམས་ཏེ་ལོ་བདུན་གྱི་རིང་ལ་སྒོར་མོ་དུང་ཕྱུར75ཡི་འགྲོ་སོང་གཏོང་བའི་གཙང་གསུམ་འབྱུང་ཡུལ་གྱི་ཐེངས་དང་པོའི་ལས་གཞིའང་ཕྱོགས་ཡོངས་ནས་མགོ་ཚུགས་པ་རེད།
     འབྲོག་ལས་ཤུགས་ཆེ་བའི་མཚོ་སྔོན་ཞིང་ཆེན་ལ་ཆ་མཚོན་ན། 2002ལོའི་འབྲོག་ལས་ཁྲལ་སྒོར་ཁྲི7200ཟིན་ཡོད་ལ། དེ་ཚང་མ་རྫོང་རིམ་པའི་ནོར་སྲིད་འཆར་འགོད་ཁག་ལ་འཆར་བཀོད་བྱས་ནས་བཀོལ་སྤྱོད་བྱེད་ལས་དབང་ཆ་ཡོད། དེ་ནི་ས་གནས་སྲིད་གཞུང་གི་ནོར་སྲིད་ཡོང་སྒོ་རྩ་ཆེན་ཞིག་ཡིན་པར་བཤད་མ་དགོས་པ་རེད། དེ་བསྡུ་མཚམས་བཞག་རྗེས། མ་གཞི་ནས་ཕྱུག་རྒྱུ་མེད་པའི་ས་གནས་ཀྱི་ནོར་སྲིད་ལ་དར་ཐོག་གི་བ་མོར་གྱུར།
     དེ་བས་ཀྲུང་དབྱངས་ཀྱིས་ཨ་བྲའི་གནོད་སྐྱོན་འགོག་སེལ་ལས་ཀ་དང་།ལྕགས་ར་སོགས་ཀྱི་ལས་གཞིར་བརྒྱུད་ནས་ས་གནས་སྲིད་གཞུང་ལ་དགེ་རྩ་གཏོང་ཆོག་གོ།
ཨ་བྲ་མེད་པ་བྱེད་ཐབས་སྐོར་གྱི་བསམ་འཆར་འགའ།
1 ཚན་རིག་གི་མཛུབ་སྟོན་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་སྤེལ་བ།
     གཙང་གསུམ་འབྱུང་ཡུལ་གྱི་ས་ཁོངས་ལ་ཆེས་རྩ་ཆེན་གྱི་སྐྱེ་ཁམས་ཀྱི་ནུས་པ་དང་རིན་ཐང་ལྡན་བ་ཡིན་པས། ང་ཚོས་ད་ཡོད་ཁེ་ཕན་ཀྱི་འབྲེལ་ཐག་ལས་བརྒལ་ཏེ། རྒྱལ་ཡོངས་མ་ཚད་ཡ་གླིང་ཤར་ལྷོའི་ས་ཁུལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཆེ་བ་དང་ས་གནས་ཞིག་གི་སྤྱི་ཚོགས་བདེ་འཇགས་ཆུང་བ་གཉིས་ཀའི་ཕྱོགས་ལ་བསམ་བློ་ཞིག་གཏོང་རྒྱུ་དང་ཡང་ན་དེ་གཉིས་ཀྱི་བར་ལ་གཙོ་ཕལ་ཞིག་འབྱེད་དགོས། ལས་གཞི་སྤྲོད་ལེན་བྱེད་ཐབས་ཀྱི་སྐྱོན་ཆ་ལས་བརྒལ་ཏེ། དོན་དངོས་དང་བསྟུན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ། འདིའི་ཕྱོགས་སུ་ཆེད་ལས་ལ་བསྟན་ནས་དུས་ཡིན་རིང་པོ་ལ་ནན་གྱིས་ཚན་རིག་ཞིབ་འཇུག་དགོས་ལ། སྐྱེ་ཁམས་མ་ལག་གི་འགྱུར་བ་ལ་ལྟ་དཔྱད་བྱས་ནས། འགྱུར་བའི་རྒྱུ་རྐྱེན་གང་ཡིན་དཔྱད་པ། ཚན་རིག་རྟག་དཔྱད་ལས་བྱུང་བའི་གྲུབ་འབྲས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཀ་ལ་མཛུབ་སྟོན་བྱེད་དགོས། ཕྱོགས་གཞན་ཞིག་ནས་ལས་ཀའི་གྲུབ་འབྲས་ཐད་ལ་རང་ཕྱོགས་མ་ཡིན་པའི་སྒེར་དང་ལས་ཁུངས་ཀྱིས་བཟང་ངན་གྱི་དཔྱད་ཞིབ་བྱེད་པ། མང་ཚོགས་ནང་ཞུགས་དང་ཆ་འཕྲིན་ལྐོག་གསང་མེད་པར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དཔྱད་ཞིབ་མ་ལག་གི་སྒྲིག་སྲོལ་འཛུགས་དགོས།
2 རྒྱུན་རིང་པོའི་སྐྱེ་ཁམས་བརླག་ཚབ་ཀྱི་སྒྲིག་གཞི་འཛུགས་པ།
     རྒྱུན་རིང་པོའི་སྐྱེ་ཁམས་བརླག་ཚབ་ཀྱི་སྒྲིག་གཞི་འཛུགས་དགོས་ན། ད་ཡོད་ཀྱི་སྐྱེ་ཁམས་བརླག་ཚབ་ལས་གཞི་སྤྲོད་ལེན་གྱི་སྒྲིག་གཞིའི་སྒྲོག་ཐག་གི་གནས་བབས་ལས་ཐར་དགོས། ད་སྔར་རང་རྒྱལ་གྱིས་གཙང་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཁ་གཏད་ཀྱི་ནོར་སྲིད་འཁོར་སྟངས་ཆེད་ཚན་བཙུགས་མེད། ད་ཡོད་ཀྱི་མ་རྩ་ནི་གནས་སྐབས་ཀྱི་གཙང་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འཛུགས་སྐྲུན་རྐྱང་པར་ཁ་གཏད་ནས་གཏོང་བ་ཡིན་པར། མིག་སྔར་གྱི་ལས་གཞི་སྒྲིག་གཞིའི་འོག་གི་དཀའ་ཁག་ནི་གཤམ་གསལ་ལྟར།
     རྒྱུན་བསྲེང་མི་ཐུབ་པ། སྐྱེ་ཁམས་སྲུང་སྐྱོང་ལས་ཀ་ནི་དུས་ཡུན་རིང་པོའི་བརྒྱུད་རིམ་ཞིག་ཡིན་ལ། དེར་རྒྱུན་བསྲེང་གྱི་ལག་ལེན་དང་། དཔྱད་ཞིབ། ཡང་བསྐྱར་ལག་ལེན་གྱི་འགོ་བརྩམས་དགོས་པའི་བརྒྱུད་རིམ་ཞིག་ཡིན། ཡིན་ན་ཡང་། ལས་གཞི་སྒྲིག་གཞིའི་མ་རྩ་འཁོར་ཚིགས་ནི་མ་རྩ་ཞིག་གཏོང་རྗེས་དེར་མུ་མཐུད་དུ་གཏོང་མིན་དང་། གཏོང་ན་ཡང་འབོར་ཆེ་ཆུང་ག་ཚོད་བཅས་གཏན་ཁེལ་ཡོད་མ་རེད། དེའི་ན་སྲུང་སྐྱོང་གི་ལས་ཀ་ཐམས་ཅད་ལས་གཞིའི་འཁོར་ཚིགས་དང་བསྟུན་ལས་ལག་ལེན་བྱུང་བས། ལས་གཞི་མཇུག་རྫོགས་རྗེས། གྲུབ་འབྲས་ཡོད་མེད་གང་རུང་། སྲུང་སྐྱོང་གི་ལས་ཀ་དེའང་ཁུ་སུམ་མར་མཚམས་བཞག་པ་རེད།
     ཡུན་ཐུང་གི་ལག་ལེན་ལ་སྐུལ་མ་གཏོང་། ལས་གཞི་སྒྲིག་གཞི་འོག་གི་སྐྱེ་ཁམས་སྲུང་སྐྱོང་གིས་དུས་ཡུན་ཐུང་ངུའི་ལག་ལེན་ལ་སྐུལ་མ་གཏོང་སླ་བ། རྒྱུ་མཚན་ནི་གལ་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཀ་ནི་དུས་ཡིན་རིང་པོའི་རྒྱུད་རིམ་ཞིག་ཡིན་པ་ཤེས་ལ། ལས་གཞི་ནི་ལོ་ངོ་ཁ་ཤས་ནས་མཚམས་བཞག་རྒྱུ་ཡིན་པའང་ཤེས། དེའི་ཚེ་ན་གྲུབ་འབྲས་ཆེན་པོ་ཞིག་དཔྱད་བཞི་བྱེད་རྒྱུ་རྙེད་དཀའ་བས། ལས་གཞི་ལག་བསྟར་བྱེད་མཁན་ཚོས་བྱ་བ་དཀའ་སླའི་འདེམ་གསེས་བྱེད་ལས་ཉེན་ཁ་ཆེན་པོ་ཡོད།
     གལ་ཏེ་དཀའ་ཁག་གི་གནས་བབ་འདི་དག་ལས་ཐར་འདོད་ན། རྒྱལ་ཁབ་ཀྱིས་ཆེད་ཚན་མ་དངུལ་དང་སྐྱེ་ཁམས་བརླག་ཚབ་ཀྱི་སྒྲིག་གཞི་བཙུགས་ནས། དུས་ཡུན་རིང་ལ་རྒྱུན་འཛིན་ཐུབ་པ། དེ་ལས་མ་ཚད་གནད་དུ་ཁེལ་བའི་སྲུང་སྐྱོང་གི་ལས་ཀ་སྤེལ་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།