གཉན།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-01 09:36:00 ཀློག་གྲངས།:

གཉན། Argali Sheep 盘羊

གཟུགས་གཞིའི་ཁྱད་ཆོས།
        གཉན་གྱི་གཟུགས་གཞིའི་རིང་ཚད་ལ་སྨིས5.1དང་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ150ཡོད་པ་རེད། ཕོ་གཉན་མོ་གཉན་གང་ཡིན་ཡང་རྭ་ཅོ་སྐྱེས་ཡོད། ཕོ་གཉན་གྱི་རྭ་ཅོ་གཡས་ཐད་དང་གཡོན་ཐད་ལ་གཏད་དེ་འཁྱིལ་ནས་སྐྱེས་འདུག  རྭ་རྟིང་སྦོམ་ཞིང་སྒོར་སྒོར་ཞིག་ཡིན། མོ་གཉན་གྱི་རྭ་ཅོ་ཐུང་ཞིང་ཕྲ་བ་ཞིག་ཡིན། ལུས་སྤུ་རགས་ཤིང་རྩུབ་ལ་ཐུང་ཐུང་ཞིག་ཡིན། སྐེ་མཇིང་གི་སྤུ་ཅུང་རིང་།  ལུས་རྒྱབ་ཀྱི་སྤུ་མདངས་ཁམ་ནག་གམ་ཁམ་སྐྱ་དང་མགྲིན་པའི་སྤུ་མདངས་སེར་སྐྱ་ཡིན། བྲང་ངོས་དང་གསུས་ངོས། སུག་བཞིའི་ནང་ངོས། ཨོང་དོ་སོགས་ཀྱི་སྤུ་མདངས་དཀར་སྐྱ་ཡིན། རྔ་མ་ཐུང་ཞིང་མིག་ལ་མི་ཐོགས་པ་ཞིག་ཡིན།
ཁྱབ་ཡུལ།
      གཉན་ནི་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་དང་ནང་སོག་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཅས་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
          གཉན་གྱི་འཚོ་སྡོད་བྱེད་སའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨིས3500ནས་སྨིས6000བར་གྱི་མཐོ་སྒང་ཡིན། ས་ཆ་ཁོད་རྒྱ་ཡངས་ས་དང་རི་རྒྱུད་འབའ་འབུར་ཡོད་སའི་མཐོ་སྒང་ན་ཁྱུ་ཆུང་བྱས་ཏེ་འཚོ་བ་དང་།   ཁྱུ་རེ་ན་གཉན་འགའ་ཤས་ནས་གཉན་བཅུ་ཕྲག་འགའ་འདུས་སྡོད་བྱས་ཡོད། གཉན་གྱི་རྩྭ་ཆུ་རོལ་ས་ཕལ་ཆེར་གཏན་ཁེལ་ཡིན། དགུན་ཐོག་ཕོ་གཉན་མོ་གཉན་སོགས་ཆབས་ཅིག་ན་འཚོ་སྡོད་བྱས་འདུག  གཉན་གྱི་མིག་དབང་དང་རྣ་དབང་། སྣ་དབང་གི་ཚོར་བ་ཧ་ཅང་རྣོ་བས། བར་ཐག་ལ་སྨིས400ནས་སྨིས500ཡོད་ས་ནས་མི་ཡོང་བཞིན་ཡོད་པ་ཤེས་ཏེ་དེ་མ་ཉིད་དུ་ཐལ་ལོང་ངེར་བྲོས་འགྲོ་བ་རེད། གཉན་ལ་མཐོ་ས་ནས་དམའ་ས་དང་དམའ་ས་ནས་མཐོ་སར་གནས་སྤོ་བའི་གོམས་གཤིས་ཡོད་ལ། ཁ་ཟས་ནི་རྩི་ཤིང་གི་རིགས་ཡིན། དགུན་ཐོག་ནི་གཉན་གྱི་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན་ཞིང་། ཟླ6པ་ནས་ཟླ7པའི་ནང་ལ་ཕྲུ་གུ་བཙའ་བ་དང་བཙའ་ཐེངས་རེར་ཕྲུ་གུ1ནས2བཙའ་བ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
         གཉན་གྱི་རྭ་ཅོ་དང་གཉན་གྱི་གློ་བ། གཉན་གྱི་རླིག་འབྲས་བཅས་ནི་བོད་སྨན་དུ་འགྲོ་བ་དང་། གཉན་གྱི་གཟུགས་གཞི་དང་གཉན་གྱི་རྭ་ཅོ་སོགས་ནི་རི་དྭགས་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པས།  འགྲེམ་སྟོན་རིན་ཐང་ལྡན་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། གཉན་ནི་ལུག་དང་སྡེབ་སྦྱོར་བྱས་ཏེ་ལུག་གི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་ཕ་རྒྱུད་བྱས་ཆོག
ད་ཡོད་གནས་བབ།
       མདོ་དབུས་མཐོ་སྒང་ལ་མཚོན་ན་གཉན་ནི་ཁྱབ་རྒྱ་ཆེ་བའི་རི་དྭགས་ཀྱི་རིགས་ཤིག་ཡིན་མོད། འོན་ཀྱང་ལོ་བཅུ་ཕྲག་འགའི་ནང་དུ་གཉན་གྱི་གྲངས་ཀ་ནི་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་འདུག  དེང་སང་བོད་ལྗོངས་བྱང་ཐང་དང་ཨ་ཆེན་གངས་རྒྱབ་ན་གཉན་ཉུང་ཤས་རེ་མ་གཏོགས་མཐོང་རྒྱུ་མི་འདུག ཚོད་དཔག་བྱས་པ་ལྟར་ན་ད་སྔ་མདོ་དབུས་མཐོ་སྒང་དུ་གཉན་ཆོག་ཁྲི་ཙམ་ལས་མེད་པ་རེད། གཉན་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།