གནའ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-20 10:42:00 ཀློག་གྲངས།:

གནའ།

གནའ། Blue Sheep 岩羊

གཟུགས་གཞིའི་ཁྱད་ཆོས།
     གནའ་ཡི་གཟུགས་གཞིའི་རིང་ཚད་ལ་ལིས་སྨིས100ནས་ལིས་སྨིས140དང་། སོག་མགོའི་མཐོ་ཚད་ལ་ལིས་སྨིས70ནས་ལིས་སྨིས90། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ40ནས་སྤྱི་རྒྱ80བཅས་ཡོད་པ་རེད། གནའ་ཡི་མགོ་ནི་འཇོང་ནར་ཞིག་ཡིན་ལ། མ་ནེའི་མགོ་ན་མན་ཙར་མེད། གནའ་ཡི་རྭ་ཅོ་ཆེ་བས་ན་མི་རྣམས་ཀྱིས་གནའ་ལ་གནའ་གཡག་ཅེས་ཀྱང་འབོད་པ་རེད། ཕོ་གནའ་མོ་གནའ་གང་ཡིན་ཡང་རྭ་ཅོ་སྐྱེས་འདུག རྭ་རྩེ་གཉིས་ཀྱི་བར་ཐག་ལ་ལིས་སྨིས70ཡོད་པ་དང་། རྭ་རྟིང་གཉིས་ཀྱི་བར་ཐག་ལ་སྲུབས་ཀ་ཙམ་ལས་མེད། རྔ་མའི་རིང་ཚད་ལ་ལིས་སྨིས13ནས་ལིས་སྨིས20ཡོད། རྒྱབ་གཞུང་གི་སྤུ་མདངས་ཁམ་སེར་རམ་སྔོ་སྐྱ་ཡིན་ལ། བྲང་ངོས་དང་གསུས་ངོས། སུག་བཞིའི་ནང་ངོས་ཐམས་ཅད་ཀྱི་སྤུ་མདངས་དཀར་བོ་ཡིན། སུག་བཞིའི་མདུན་ངོས་དང་ལོགས་ཟུར་ན་འཕྲེད་ཐིག་ནག་པོ་ཡོད། དགུན་ཐོག་སྤུ་མདངས་ནག་སེར་རམ་ནག་སྐྱར་གྱུར་འདུག
ཁྱབ་ཡུལ།
     མདོ་དབུས་མཐོ་སྒང་དང་ནང་སོག་རང་སྐྱོང་ལྗོངས་བཅས་ཀྱི་རྫ་མགོ་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     གནའ་ནི་མཚོ་ངོས་མཐོ་ཚད་ལ་སྨིས5000ནས་སྨིས6000ཡོད་པའི་རྫ་མགོ་དང་རི་བོའི་ཁ་རྒྱུད་ན་གནས་འདུག གནའ་ལ་གཏན་ཁེལ་ཡིན་པའི་སྡོད་གནས་དང་གཏན་ཁེལ་ཡིན་པའི་བགྲོད་ལམ་མེད། གནའ་ནི་མིག་དབང་དང་རྣ་དབང་རྣོ་ཞིང་རྐང་ལག་ཧ་ཅང་མགྱོགས་པའི་རི་དྭགས་ཀྱི་རིགས་ཤིག་ཡིན་པས། རི་མགོ་དང་རྫ་མགོར་འགོ་བར་ཤིན་ཏུ་མཁས། གནའ་ནི་ཁྱུ་སྡོད་བྱེད་པར་དགའ་བས་གནའ་འགའ་ཤས་དང་ཡང་ན་གནའ་བརྒྱ་ཕྲག་ལྷག་ཆབས་ཅིག་ཏུ་འདུས་སྡོད་བྱས་ཡོད། གནའ་ཡི་སྤུ་མདོག་དང་རྫ་མདོག་གཉིས་རིགས་འདྲ་ཡིན་པས། ཉིན་དཀར་གནའ་ཐམས་ཅད་རྫ་མགོ་ན་ལངས་པ་དང་ཡང་ན་ཉལ་ཡོད་ནའང་མིག་གིས་ཧ་ཅང་མཐོང་དཀའ། གནའ་ཡིས་ནངས་དགོང་གཉིས་ཀར་ཁ་ཟས་ཟ་བ་དང་། ཁ་ཟས་གཙོ་བོ་ནི་རྫ་རྩྭ་དང་རྫ་མགོ་ན་སྐྱེས་ཡོད་པའི་ཤིང་ཕྲན་གྱི་སྣེ་ལོ་སོགས་ཡིན། དགུན་དཔྱིད་གཉིས་ཀ་ནི་གནའ་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན། ཟླ6པ་ནས་ཟླ8པའི་བར་ནི་གནའ་ཡི་ཕྲུ་གུ་བཙའ་སྐབས་ཡིན་པས་བཙའ་ཐེངས་རེར་ཕྲུ་གུ1རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     གནའ་ནི་རྫ་མགོ་ན་གནས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཤིག་ཡིན། དེའི་གཟུགས་གཞི་ལ་ཁྱད་མཚར་ཆེ་བས་ན་རི་དྭགས་ཁང་སོགས་སུ་འགྲེམ་སྟོན་བྱེད་པའི་རིན་ཐང་ལྡན་པར་མ་ཟད། མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པའི་ཆ་ནས་ཚན་རིག་ཞིབ་འཇུག་བྱེད་པའི་རིན་ཐང་ཡང་ཧ་ཅང་ལྡན་པ་རེད།
ད་ཡོད་གནས་བབ།
     སྤྱིར་མདོ་དབུས་མཐོ་སྒང་ན་གནའ་ཤིན་ཏུ་མང་མོད། མི་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་གསོད་དྲགས་པའི་དབང་གིས་ས་ཆ་ལ་ལ་རུ་གནའ་རི་ཤུལ་ཙམ་ཡང་མི་ཤེས་པར་གྱུར་འདུག ད་ལྟ་འགྲོ་བ་མིའི་རིགས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་དགོས་པའི་གནས་ལུགས་རྟོགས་བཞིན་ཡོད་པས། གནའ་ཡི་གྲངས་ཀའང་ཇེ་མང་ལ་ཡོང་གིན་ཡོད་སྙམ་པ་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།