གཉན་པོ་གཡུ་རྩེ་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བགྲོ་གླེང་ཚོགས་པ།
ཟླ7པའི་ཚེས12ཉིན། གཉན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་། པེ་ཅིན་རི་ཆུ་རང་བྱུང་སྐྱོབ་ལྟེ་གནས། པེ་ཅིན་སློབ་ཆེན་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཨ་ལ་ཧྲནSEE ཐེབ་རྩ་ཚོགས་པ། ལམ་ཞིབ་པ། རྟུལ་ཕོད་ཀྱི་སེམས། རང་བྱུང་གླིང་རྣམས་ཉམས་འབྲེལ་གྱིས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན། གཉན་པོ་གཡུ་རྩེའི་གནས་ཀྱི་ནུབ་ཕྱོགས་མགོ་ལོག་འབུམ་པ་ཁག་གསུམ་གྱི་བླ་མཚོའི་ཁར་གཉན་པོ་གཡུ་རྩེར་སྐྱེ་ཁམས་གླེང་བ། དེང་རབས་དང་སྲོལ་རྒྱུན་གྱི་ཁ་བརྡ་ཞེས་པའི་བགྲོ་གླེང་ཞིག་བསྡུ་མགོ་བཟུང་། བགྲོ་གླེང་འདིའི་མདོ་འཛིན་པ་ནི་བོད་ཀྱི་འདབ་ཆགས་ཞིབ་འཇུག་ཆེད་མཁས་པ། གཉན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་གཙོ་འགན་པ་སྐུ་ཞབས་བཀྲ་ཤིས་བཟང་པོ་དང་། པེ་ཅིན་སློབ་གྲྭ་ཆེན་མོའི་ཚེ་སྲོག་ཞིབ་འཇུག་གླིང་གི་ཁོར་ཡུག་དང་སྐྱེ་དངོས་རིག་པ་བ། སྐྱེ་ཁམས་རིགས་པའི་སློབ་དཔོན་ཆེན་མོ། IUCNསྐྱེ་དངོས་འཚོ་གནས་ཀྱི་ཨུ་ཡོན། དོམ་ཁྲའི་ཆེད་ལས་མཁས་པའི་མགོ་བ། པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་གཙོ་འགན་པ་སྐུ་ཞབས་བློ་མཐུན་ ལོའུ་ཀྲུ་རྣམ་གཉིས་ཡིན།
བགྲོ་གླེང་འདིར་ཞུགས་ཡོད་པའི་མི་སྣའི་ཁྲོད་དུ། གཡུང་དྲུང་བོན་གྱི་མི་སྣ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཁན་པོ། བླ་མ། སྤྲུལ་སྐུ། གཞན་བོད་རིགས་རབ་འབྱམས་པ། ཞིབ་འཇུག་པ། དགེ་རྒན་ཆེན་མོ། ཆེད་མཁས་པ། སྙན་ངག་པ་ལས་བྱེད་པ་སོགས་ཞིང་ཆེན་ཕྱི་ནང་ཙམ་མ་ཡིན་པར་རྒྱལ་ནང་རང་བཞིན་གྱི་བོད་མི་རླབས་ཆེན་མང་པོ་དང་། ལྷག་པར་དུ་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ཚན་རིག་དང་ཉེན་བརྟག་པུའུ་ཡི་ཀྲུའུ་ཞི་གཞོན་པ། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བ་ནས་ད་ལྟའི་བར་བས་མཐའི་རི་སྐྱེས་སྲོག་ཆགས་ཞིབ་འཇུག་དང་སྲུང་སྐྱོབ་བྱས་པའི་ཕྱག་ལས་ལ་རྒྱལ་སྤྱིའི་སྟེང་ཁས་ལེན་ཐོབ་པའི་རི་སྐྱེས་སྐྱེ་དངོས་ཞིབ་འཇུག་པ་ཆེན་མོ་སྐུ་ཞབས་རྗོ་རྗི་ཞྭ་ལི་མཆོག( སྤྱི་ལོ1933ལོར་འཇར་མན་གྱི་པའོ་ལིན་དུ་འཁྲུངས) དང་། རྒྱལ་ནང་དུ་ཆེས་མཚན་སྙན་མཐོ་བ། པེ་ཅིན་སློབ་གྲྭ་ཆེན་མོའི་ཚེ་སྲོག་ཚན་རིག་གླིང་གི་སློབ་དཔོན་ཆེན་མོ། ཀྲུང་གོ་ཚན་རིག་གླིང་ཧྲིང་ཧེ་རྩི་ཤིང་རྟོག་ཞིབ་ཁང་གི་ཞིབ་འཇུག་པ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་འགན་བཞེས་མཁན་དང་། ཡང་པེ་ཅིན་སློབ་གྲྭ་ཆེན་མོའི་མཚན་ཉིད་གླིང་གི་སློབ་དཔོན་ཆེན་མོ། པེ་ཅིན་སློབ་གྲྭ་ཆེན་མོའི་ཚན་རིག་ཁྱབ་སྤེལ་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ། པེ་ཅིན་སློབ་གྲྭ་ཆེན་མོའི་ཚན་རིག་ལོ་རྒྱུས་དང་ཚན་རིག་མཚན་ཉིད་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ། འབུམ་རམས་སློབ་མའི་སློབ་དཔོན་སོགས་ཀྱི་གོ་གནས་བཟུང་སྟེ་ཕྱག་ལས་རླབས་ཆེན་གནང་མྱོང་མཁན། དེ་བཞིན་དུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་སྤྱི་ཚོགས་རིག་པའི་ཞིབ་འཇུག་པ། ཞིང་སྡེའི་ཁོར་ཡུག་དང་སྤྱི་ཚོགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ཡོད་དང་ཡང་ན་ལས་རིགས་འདི་ལ་དགའ་ཞེན་ཅན་གྱི་རྒྱ་རིགས་ཀྱི་དབུ་ཁྲིད་བློ་མཐུན་མི་ཉུང་བ་ཞིག་དང་། ལྷག་པར་དུ་ལས་རིགས་སོ་སོའི་ཆེད་མཁས་པ་དང་ཞིབ་འཇུག་པ་སྣ་ཚོགས་པའི་མི་སྣ་བརྒྱ་ཕྲག་ལ་ཉེ་བ། ད་དུང་བོད་རྒྱ་དབྱིན་གསུམ་ལ་བྱང་ཚད་མཐོ་བའི་རྒྱ་བོད་ཀྱི་ལོ་ཙཱ་མཁས་པ་ཆེད་ཞུས་པ་དུ་མ་དང་། གསར་འགོད་པ་ཡང་མི་ཉུང་བ་ཞུགས།
ཉིན་འདིའི་གླེང་གཞི་གཙོ་བོ་མཁས་དབང་སོ་སོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྐོར་ནས་རང་རང་གི་དགོངས་འཆར་མང་དུ་གླེང་མཐར། སྤྱིར་ད་ལྟའི་སྐབས་ཀྱི་ཕྱི་སྣོད་དང་ནང་འགྲོ་བ་མིའི་བྱ་སྤྱོད་ལ་འགྱུར་བ་ཐེབས་པའི་འོག་ནས་ས་ཡི་གོ་ལ་ཆེན་པོར་གོད་ཆག་གམ་འགྱུར་བ་སྣ་ཚོགས་པ་བྱུང་བའི་དུས་འདི་ལ་མཚོན་ན། མཐོ་བོད་གཙང་གསུམ་འབྱུང་ཡུལ་འདིར་ད་ལྟ་གོད་ཆག་ཚབས་ཆེན་ཐེབས་མི་འདུག་ཅེས་བརྗོད་ཆོག་པར་མ་ཟད། ད་ལྟ་འཛམ་གླིང་གི་ཆེས་མཇུག་མཐའི་ཁོར་ཡུག་བཟང་པོ་དང་མཁའ་དབུགས་གཙང་ས་རུ་རྩིས་ཆོག་པའི་ཚད་དུ་ལྷག་ཡོད་ན། དུས་ད་ལྟ་ནས་ཅི་ལྟར་སྲུང་སྐྱོབ་བྱེད་དགོས་སྐོར་ནས་གླེང་བ་ལས་དང་པོའི་གླེང་གཞི་རུ་གད་སྙིགས་ཀྱི་སྐོར་བཀོད་བྱུང་།
རང་བྱུང་ཁམས་ཆེན་པོ་དང་། སྒོས་སུ་མཐོ་བོད་གཙང་གསུམ་འབྱུང་ཡུལ་ལ་ཆེས་གནོད་རྐྱེན་ཐེབས་པའི་གཞི་རྩ་ནི་ནང་བསམ་བློའི་གད་སྙིགས་དང་། ཕྱི་དངོས་པོའི་གད་སྙིགས་གཉིས་ལ་ཐུགས་ཚུལ་སོགས་མང་པོ་གླེང་མཐར། གད་སྙིགས་ཀྱི་འབྱུང་རྐྱེན་དང་། གད་སྙིགས་འབྱུང་ཁུངས། གད་སྙིགས་ཀྱི་ངོ་བོ། གད་སྙིགས་ཀྱི་མཇུག་འབྲས་སོགས་ལ་མཁས་པ་སོ་སོས་རང་རང་གིས་ངོས་འཛིན་འདོད་ཚུལ་སྣ་ཚོགས་དང་དྲི་བ་དྲིས་ལན་གནད་དུ་ཕོག་པ་མང་པོ་ཉིན་གང་བོར་གནང་བར་མ་ཟད། མཇུག་མཐར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་ཤེས་རམས་པའི་མཛུབ་སྟོན་དགེ་རྒན། རྩོམ་རིག་སློབ་ཁྲིད་དང་ཞིབ་འཇུག་ཁང་གི་ཀྲུའུ་རིན་སྐུ་ཞབས་སྟུག་རྒྱའི་བཀའ་སྲུང་མགོན་པོ་དང་། བོད་ཀྱི་སློབ་གསོ་བ་ཆེན་མོ་སྐུ་ཞབས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་རྣམ་གཉིས་སོགས་མང་པོ་ཞིག་གིས་ཉིན་འདིའི་གླེང་གཞིའི་རྩ་བའི་གནད་གལ་ཆེན་དག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་ཞིང་། རང་བྱུང་ཁོར་ཡུག་ལ་གད་སྙིགས་ཀྱི་གནོད་པ་མི་ཕོག་པའི་བླངས་བྱ་དོན་དངོས་ལག་ལེན་དུ་ཐེབ་པ་ཞིག་གྲོས་ཆོད་དགོས་པའི་རེ་འབོད་ནན་མོ་བཏོན་ཏེ་ཉིན་འདིའི་བགྲོ་གླེང་མཇུག་བསྡུས།
བགྲོ་གླེང་འདིའི་ནང་དོན་ཞིབ་པར་མཆེད་མཁས་པ་མི་ཉུང་བས་དངོས་བྲིས་གློག་བརྙན་ལ་ཕབ་དང་ཕབ་བཞིན་ཡོད་པས་མི་འགྱངས་པར་ཀུན་གྱི་མཐོང་ཐོས་སུ་འབྱུང་ངེས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com