རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚེའུ་ཆུ་ཁོངས་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད་པ།
ཉེ་བའི་ལོ་འགའི་རིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་གྱི་མཚེའུ་ཆུ་ཁོངས་གྱི་རྒྱ་ཁྱོན་ཆ་སྙོམས་ཀྱིས་ཚད་མི་འདྲ་བའི་སྒོ་ནས་རྒྱ་ཇེ་ཆེར་སོང་བ་དང་། རྨ་ཆུའི་འབྱུང་ཡུལ་གྱི་སྟོང་མཚོའི་རྣམ་པ་ཡང་བསྐྱར་མངོན། རྟོག་ཞིབ་བྱས་པ་ལྟར་ན། 2005ལོ་ནས་ལྔ་བཅུ་གཅིག་པའི་དུས་མཇུག་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚེའུ་གཙོ་བོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ245ཡིས་ཇེ་ཆེར་སོང་།
རྨ་འབྲི་རྫ་གསུམ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཆུ་རྒྱུན་དང་མཚེའུ། ན་ཐང་སོགས་མང་ལ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད།། འཛམ་གླིང་སྟེང་མཚོ་ངོས་ཆེས་མཐོ་ཞིང་རྒྱ་ཁྱོན་ཆེས་ཆེ་བ་དང་། ཆུ་བོ་དང་མཚེའུ་ཆེས་མང་བའི་ས་ཁུལ་ཞིག་ཡིན། རྟོག་ཞིབ་བྱས་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བསྡོམས་པས་མཚེའུ་ཆེ་ཆུང1800ལྷག་ཡོད་ལ། དེའི་ནང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ0.5ཡན་གྱི་རང་བྱུང་མཚེའུ188ཡོད།
ཡིན་ན་ཡང་གོ་ལ་ཧྲིལ་བོ་ཇེ་དྲོར་སོང་སྟེ་གངས་འཁྱག་ཇེ་ཉུང་དང་གངས་རི་བཞུ་བ་དེས་ཐད་ཀར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཐོ་སྒང་གི་མཚེའུ་ཆུའི་འབྱུང་ཁུངས་ཁ་གསབ་ལ་ཤུགས་རྐྱེན་ཐེབས་ཡོད། མི་གྲངས་ཇེ་མང་དུ་སོང་བ་དང་ཚུལ་མིན་གྱི་ཐོན་སྐྱེད་བདག་གཉེར་བྱ་འགུལ་སྤེལ་བ་ཡིས་ས་གནས་ཀྱི་རང་བྱུང་ཁོར་ཡུག་ཞན་འགྱུར་གྱི་ཚད་ཇེ་མགྱོགས་སུ་བཏང་ཞིང་། མཚེའུ་སྐོར་ཞིག་བསྐམས་པར་གྱུར།
2005ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པ་དང་འཆར་འགོད་མ་དངུལ་སྒོར་དུང་ཕྱུར75བཏང་། བཟོ་འགོད་དེ་རྨོ་བསྐྱུར་རྩྭ་འདེབས་དང་བརླན་ས་སྲུང་སྐྱོབ་། མིས་བཟོས་ཆར་གཏོར་སོགས་ལས་གཞི22ལ་ཁྱབ་ཞིང་། ཡུས་ཧྲུའུ་དང་རྨ་ལྷོ། མགོ་ལོག མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ4གཙོ་བྱས་པའི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱིས་ལས་གཞི་ལག་བསྟར་བྱེད་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི15ལས་བརྒལ་ཡོད།
མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་གཞུང་སྒྲུབ་ཁང་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཆེད་གཉེར་ཀྲུའུ་རིན་གཞོན་པ་ལིས་ཞའོ་ནན་གྱིས་མཚམས་སྦྱོར་བྱེད་རྒྱུར། ལོ་དུ་མའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚེའུ་གཙོ་བོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ245ཡིས་ཇེ་ཆེར་སོང་ཞིང་། དེའི་ནང་ཨུ་ལན་ཨུ་ལ་མཚེའུ་རྒྱ་ཁྱོན་ཆེས་ཆེ་བ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ83.2ལ་སླེབས་ཟེར །
ཆེད་མཁས་པས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚེའུ་རྒྱ་ཁྱོན་ཇེ་ཆེར་སོང་བ་ནི་ཆར་ཆུ་འབབ་ཚད་ཇེ་མང་དུ་སོང་བ་དང་ས་ངོས་ཀྱི་སྔོ་ཤུན་སླར་གསོ། མིས་བཟོས་ཆར་གཏོར་སོགས་ལ་ཐད་ཀར་དུ་འབྲེལ་བ་ཡོད། དེའི་ནང་མིས་བཟོས་ཆར་གཏོར་གྱིས་གྲུབ་འབྲས་ལེགས་པོ་ཐོན་ཡོད། དེས་ཆུའི་རྒྱ་ཁྱོན་ཇེ་ཆེར་འགྲོ་བར་ཕན་ནུས་ཆེན་པོ་ལྡན་ཞིང་། མཚོ་སྔོན་མཐོ་སྒང་དང་སྨད་རྒྱུད་ས་ཁུལ་གྱི་ཆུ་བེད་ཐོན་སྐྱེད་དང་འཛུགས་སྐྲུན་ལ་ཆུ་ཁ་གསབ་ཀྱི་ཐོན་ཁུངས་གསོག་ཉར་བྱས་པ་རེད་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com