ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་ལྷོ་ཁུལ་དུ་སྣོད་བཅུད་རིག་གནས་ལ་རྟོག་ཞིབ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-20 14:18:00 ཀློག་གྲངས།:


ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་རྟོག་ཞིབ་ཚན་ཆུང་གི་ཁོངས་མི།

  ཟླ7པའི་ཚེས16ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་སྒྲུབ་པ་སྐུ་གཞོན་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་བཅས་པ་མཚོ་ལྷོ་ཁུལ་དུ་མདོ་དབུས་མཐོ་སྒང་གི་སྣོད་བཅུད་རིག་གནས་ལ་རྟོག་ཞིབ་བྱེད་པར་ཕེབས་ཤིང་། མཚོ་ལྷོ་ཁུལ་ཚོགས་འདུ་ལྟེ་གནས་སུ་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད།
  མཚོ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྟག་འབུམ་རྒྱལ་ལགས་དང་། ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས། མཚོ་ལྷོ་ཁུལ་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྔོན་མའམ་རྒྱལ་ཁབ་རིམ་པའི་བོད་རིག་པའི་ཆེད་མཁས་པ་ཆབ་འགག་རྡོ་རྗེ་ཚེ་རིང་ལགས། དེ་མིན་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་། ཁུལ་སློབ་གསོ་ཅུའུ། ཁུལ་རིག་གནས་ལུས་རྩལ་ཅུའུ། ཁུལ་མང་ཚོགས་སྒྱུ་རྩལ་ཁང་། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས། མཚོ་ལྷོ་ཚགས་པར་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས།


ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་སྒྲུབ་པ་སྐུ་གཞོན་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་
གསུང་བཤད་གནང་བཞིན་པ།

  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་སྒྲུབ་པ་སྐུ་གཞོན་བློ་བཟང་ལྷུན་གྲུབ་རྡོ་རྗེས་ཚོགས་ཐོག་ཏུ་གསུང་བཤད་གནང་བ་སྟེ། “མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས”ཞེས་པ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་གཞི་གཙོ་བོའི་གྲས་སུ་བཞག་ཡོད་ཅིང་། མིག་སྔར་འདིའི་སྐོར་གྱི་དཔེ་ཚོགས་11པར་སྐྲུན་བྱས་ཡོད། ཐེངས་འདིའི་རྟོག་ཞིབ་ནི《མདོ་དབུས་མཐོ་སྒང་གི་སྣོད་བཅུད་རིག་གནས》རྩོམ་སྒྲིག་བྱེད་པར་གྲ་སྒྲིག་བྱེད་པ་ཡིན་ཞིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དེ་ཀྲུང་གོའི་ས་ཁམས་ཁྲོད་ཀྱི་གལ་ཆེན་རང་བཞིན་དང་བོད་མི་རིགས་ཀྱི་ལྷ་ཀླུ་གཞི་བདག་རྣམས་ལ་མཆོད་པའི་འདུ་ཤེས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད་ཚུལ་སོགས་ལ་རྟོག་དཔྱོད་བྱེད་པ་དམིགས་འབེན་དུ་བཟུང་ནས་ལས་གཞི་འདི་བཙུགས་པ་ཡིན་ཟེར།


བཞུགས་མོལ་ཚོགས་འདུའི་ཟུར་ཞིག

  བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱོགས་ལྔ་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གལ་ཆེན་རང་བཞིན་བརྗོད་པ་སྟེ། མདོ་དབུས་མཐོ་སྒང་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆུ་གཏེར་དང་། སྐྱེ་ཁམས་ཀྱི་འབྱུང་ཁུངས། ཆུ་བོའི་འབབ་ཡུལ། ཚེ་སྲོག་གི་རྟེན་གཞི། དཔལ་ཡོན་གྱི་དར་གནས་བཅས་ཡིན་ལ། འཛམ་གླིང་སྟེང་གི་ཤེས་རིག་དར་བའི་གནའ་བའི་རྒྱལ་ཁབ་བཞིའི་ཤེས་རིག་གང་ཡིན་ཡང་ཆུ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་མདོ་དབུས་མཐོ་སྒང་གི་གལ་ཆེན་གནས་བབ་དང་ཁོར་ཡུག་སྲོང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གསལ་བོར་བསྟན་པ་རེད།


ཚོགས་ཞུགས་མི་སྣ་རྣམས་ཀྱིས་མཉམ་དུ་པར་ལེན་པ།

  བློ་བཟང་ལྷུན་འགྲུབ་རྡོ་རྗེ་ལགས་ཀྱིས་བཤད་རྒྱུར། 《མདོ་དབུས་མཐོ་སྒང་གི་སྣོད་བཅུད་རིག་གནས》ཞེས་པའི་དཔེ་ཚོགས་རྩོམ་སྒྲིག་བྱེད་པ་ནི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སྔོག་འདོན། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་མངོན་སུམ་གྱི་དོན་སྙིང་ཆེན་པོ་ལྡན་པ་མ་ཟད། མདོ་དབུས་མཐོ་སྒང་དང་དེ་མིན་ཀྲུང་གོ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མཐུན་རྐྱེན་ལེགས་པོ་ཞིག་ཀྱང་རེད་ཟེར། མཇུག་མཐར་ཁོང་གིས་མཚོ་ལྷོ་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་དང་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཐབས་ལེགས་ཇུས་བཟང་འདོན་རྒྱུའི་རེ་བ་བཏོན་པ་རེད།
  གྲོས་ཚོགས་ལ་ཞུགས་པའི་ཁུལ་གཏོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམ་པས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྟོག་ཞིབ་ཚན་ཆུང་མཚོ་ལྷོར་རྟོག་ཞིབ་ཡོང་བར་དགའ་བསུ་ཞུས་པ་དང་མཉམ་དུ། ཁོ་ཚོའི་ལས་གཞི་འདིར་རྒྱབ་སྐྱོར་བྱས་ཏེ་མཚོ་ལྷོ་ཁུལ་གྱི་སྣོད་བཅུད་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པར་རང་ནུས་ཅི་ལྕོགས་བཏོན་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཁས་ལེན་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།